གློག་སྡོང་སྟེང་སྐྲུན་པའི“བྱ་ཚང་།”
ཟླ་བཞི་པར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་རིན་པོ་རྩྭ་ཐང་དུ་དགུན་གྱི་ཁ་བ་ད་དུང་ཞུ་མེད།
ཚེས་དྲུག་ཉིན་གྱི་ཞོགས་པར། ལོ་ན་དྲུག་ལ་སོན་པའི་ཉི་མ་ཚེ་རིང་དང་སྤོ་བོ་བཀྲ་ཤིས་ཚེ་རིང་གཉིས་རིན་པོ་གྲོང་རྡལ་གྱི་རང་ཁྱིམ་ནས་སྒོར་བུད་དེ་ཁོ་ཚང་གི་ཕྱུགས་རའི་ཕྱོགས་སུ་བསྐྱོད། སྤོ་བོ་དང་ཚ་བོ་གཉིས་ཁངས་ལམ་དེད་ནས་མདུན་དུ་སྐྱོད་བཞིན་ཡོད་པ་དང་། ཉི་མ་ཚེ་རིང་གི་ངོ་གདོང་གྲང་ངར་གྱིས་གཙེས་ཏེ་དམར་པོར་གྱུར་འདུག
“སྤོ་བོ་ལགས། མགྱོགས་པོར་ལྟོས་དང་། བྱ་ཚང་ནང་དུ་བྱ་རྒོད་ཅིག་འདུག”ཅེས་བཤད། ཉི་མ་ཚེ་རིང་དགའ་སྤྲོའི་ངང་ནས་ཕྱོགས་གཅིག་ནས་སྤོ་བོའི་སློག་པར་རྡེབ་པ་དང་། ཕྱོགས་གཞན་ཞིག་ནས་གློག་སྡོང་སྟེང་གི་བྱ་ཚང་ནང་དུ་མགོ་ཕྱིར་བསྲིངས་ཡོད་པའི་བྱ་རྒོད་ལ་མཛུབ་མོ་སྟོན་བཞིན་ཤུགས་ཆེན་པོས་སྐད་བརྒྱབ།
བཀྲ་ཤིས་ཚེ་རིང་ཁྱིམ་དུ་སྐྱོད་སའི་ལམ་བར་གྱི་རིང་ཚད་ལ་སྟོང་མུས་བདུན་ཅན་གྱི་སྟོང་ཧྥུའུ་བཅུ་ཡོད་པའི་གློག་སྡོང་སྟེང་དུ“བྱ་ཚང་” གཉིས་ཡོད། བྱ་ཚང་དེ་གློག་སྡོང་གི་རྩེ་རུ་གནས་པ་དང་། གློག་ཡོད་ས་དང་བར་ཐག་ལིས་མུས་དགུ་བཅུ་ཡོད། “སྒྲིག་སྲོལ་ཅན་དང་ཚད་གཞི་ཅན”གྱི“བྱ་ཚང་”དེས་བྱ་རིགས་ཀྱིས་ངལ་གསོ་བར་སྟབས་བདེ་སྐྲུན་པ་མ་ཟད། ད་དུང་གློག་སྐུད་ཀྱི་བདེ་འཇགས་འཁོར་བསྐྱོད་ལ་འགན་སྲུང་བྱས་ཡོད་པ་རེད།
རྒྱལ་ཁབ་གློག་དྲ་ཡུས་ཧྲུའུ་གློག་འདོན་ཀུང་སིའི་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཞུའུ་ཝུན་ཆི་ཡིས་བཤད་རྒྱུར། “རྨ་འབྲི་རྫ་གསུམ་འབྱུང་ཡུལ་རང་བྱུང་སྲུང་སྐྱོབ་ཁུལ་དུ་བྱ་རིགས་སུམ་བརྒྱ་ཙམ་འཚོ་བཞིན་ཡོད་པ་དང་། དེའི་ནང་གླག་དང་། ཁྲ་སོགས་བྱ་རིགས་སྣ་ཁ་ཉི་ཤུ་ལྷག་ཡོད་།
ཉེ་བའི་ལོ་འགའི་རིང་། ལྕགས་སྡོང་རེ་རེ་དང“མཁའ་ལམ”གྱི་གློག་དྲ་རེ་རེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་དུ་ཀྲོང་ངེར་འགྲེང་བ་དང་། མུ་ནས་མུ་འབྲེལ་ཏེ། “གློག”གིས་ས་དེ་གའི་འབྲོག་པའི་འཚོ་བ་གསར་པ་གསལ་བར་བྱས་ཡོད། འོན་ཀྱང་གློག་དྲའི་འཛུགས་སྐྲུན་དང་བྱ་རིགས་འཚོ་གནས་བར་འགལ་ཟླ་བྱུང་བ་དེ་གློག་དྲའི་ལས་རིགས་ཀྱི་དཀའ་ཁག་ཤིག་ཏུ་གྱུར། འདབ་ཆགས་བྱ་རིགས་ཆེ་གྲས་ཀྱིས་ཟས་འཚོལ་ན་ས་ཁོད་ཡངས་དགོས་པ་དང་། མཐོ་ཚད་ལ་མུས་བཅུ་ཡོད་པའི་གློག་འདྲེན་གློག་སྡོང་དེ་ནི་བྱ་རིགས་ཀྱིས་བྱ་ཚང་བཟོ་སའི་ཕུགས་བསམ་གྱི་གནས་སུ་གྱུར་ཡོད།
ཞུའུ་ཝུན་ཆི་ཡིས་བཤད་རྒྱུར། “བྱ་རིགས་ཀྱིས་དུས་རྒྱུན་དུ་ལྕགས་སྐུད་དང་ཐག་པ་ཕྲ་མོའི་རྒྱུ་ཆ་འཁྱེར་ནས་གློག་འདྲེན་ལྕགས་སྡོང་སྟེང་ཚང་བཟོ་བཞིན་ཡོད་པས་གློག་གིས་བརྒྱབ་ནས་བྱ་རིགས་ཤི་རྨས་བཟོ་བ་དང་གློག་ལམ་གྱི་གློག་སྒོ་རྒྱག་པའི་དོན་དག་ཡང་འབྱུང་སྲིད། སྲོལ་རྒྱུན་གྱི་བྱེད་ཐབས་ནི་ལྕགས་སྡོང་སྟེང་ཚེར་མ་དང་འཕྲེད་ཤིང་འཕངས་ནས་བྱ་རིགས་དེའི་སྟེང་འདུག་པ་དང་ཚང་བཟོ་བར་བཀག་འགོག་བྱེད་བཞིན་ཡོད།
སྲོལ་རྒྱུན་གྱི་བྱེད་ཐབས་དེ་ལ་ཞུའུ་ཝུན་ཆི་ཡིས་འགྲེལ་བཤད་བྱས་ནས་བཤད་རྒྱུར། “རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་མཚོ་འཕང་མཐོ་བ་དང་། སྡོང་བོ་ཉུང་ཞིང་། བྱའི་རིགས་ལ་ཚང་བཟོ་ས་མང་པོ་མེད་པའི་རྐྱེན་གྱིས་འགོག་སྲུང་ཅི་ལྟར་བྱས་ཡང་། ཕན་འབྲས་མེད་པ་རེད།
གྲོས་བསྡུར་ཤིག་གི་རྗེས་སུ་རྒྱལ་ཁབ་གློག་དྲའི་མི་སྣས་ལྕགས་སྡོང་གི་སྟེང་དུ་གློག་འདྲེན་པའི་བདེ་འཇགས་ལ་ཤན་ཤུགས་མི་བཟོ་བའི་གནས་སུ་བྱ་རིགས་རྣམས་ལ“དྲོད་སྐྱིད་ལྡན་པའི་བྱ་ཚང་”ཞིག་བསྐྲུན།
དེ་ལྟར“ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་བྱ་ཚང་”བྱུང་བ་རེད། ལྕུག་ཕྲན་གྱིས་བཟོས་པའི་བྱ་ཚང་ནང་དུ་གདན་དྲོད་འཇམ་ཅན་ཞིག་བཏིངས་ཡོད་པ་དང་། དེ་ནི་བྱ་ཕྲུག་ལ་ཧ་ཅང་འཚམ་པ་ཞིག་རེད། བཀྲ་ཤིས་ཚེ་རིང་མི་རབས་ནས་མི་རབས་བར་རྩྭ་ཆུ་འཛོམས་པའི་རིན་པོ་རྩྭ་ཐང་དུ་འཚོ་སྡོད་བྱེད་བཞིན་ཡོད། ཁོས་ད་ལྟ་མི་དང་སྲོག་ཆགས་གཉིས་ས་གཞི་འདིའི་སྟེང་འཆམ་མཐུན་མཉམ་གནས་བྱེད་བཞིན་པ་མཐོང་ཚེ་སེམས་སུ་དགའ་ཚོར་ཆེན་མོ་སྐྱེས་པའི་ངང་ནས་བཤད་རྒྱུར། “དགུན་དུས་ཀྱི་རྩྭ་ཐང་ཕལ་ཆེར་ཁངས་ཀྱིས་གཡོགས་ཡོད། བྱ་ཕྲུག་ཆུང་ཆུང་འགའ་ཤས‘བྱ་ཚང་’ནང་བསྡད་དེ་མུ་མཐུད་དུ་དགུན་བརྒལ་བར་བྱེད། མཚམས་ལན་རེར་བྱ་རྒོད་ཀྱིས་ཁ་ཟས་མ་རྙེད་ཚེ། ང་དང་ཚ་བོ་གཉིས་ཀྱིས་ཉིན་འགའི་ནང་ཐེངས་རེར་གཟན་སྟེར་བཞིན་འདུག མ་བསམ་ས་ནས་དགུན་ཁ་ཞིག་ཕར་འདས་སོང་། བྱ་དེ་ནར་སོན་པ་མ་ཟད། ད་དུང་ཚང་ཞིག་ཀྱང་བཅོས་འདུག ངོ་མ་དགའ་འོས་པ་ཞིག་རེད”ཅེས་བཤད།
ཡུས་ཧྲུའུ་དང་མཚོ་སྔོན་གྱི་གློག་དྲ་གཙོ་བོ་སྟེ་སྟོང་ཧྥུའུ་སུམ་བརྒྱ་སུམ་ཅུའི་མཉམ་འབྲེལ་དྲ་བའི་བཟོ་སྐྲུན་དང་“ས་ཁུལ་གསུམ་དང་ཁུལ་གསུམ”གྱི་ཆེས་དབུལ་ཕོངས་ཡིན་པའི་ས་ཁུལ་གྱི་གློག་དྲའི་བཟོ་སྐྲུན་འཛུགས་སྐྲུན་བྱས་པ་དང་བསྟུན་ནས། གློག་དྲ་འཛུགས་སྐྲུན་མཁན་གྱིས་ཡུས་ཧྲུའུ་རུ་དྭངས་གཙང་ནུས་ཁུངས་བསྐྱལ་བའི་དུས་མཚུངས་སུ། རྩྭ་ཐང་གི་འདབ་ཆགས་ཆེ་གྲས་མཐོ་སྒང་དུ་གནས་གཞི་བཅའ་བའི་གོམས་སྲོལ་ལ་དམིགས་ནས་གློག་གནོན་རིམ་པ་མི་འདྲ་བའི་ལམ་ཐིག་ཏུ“བྱ་ཚང་”ཡང་མུ་མཐུད་དུ་ཇེ་བཟང་དུ་བཏང་ནས་ལས་པ་དང་། ཁྲ་དང་བྱ་རྒོད་སོགས་འདབ་ཆགས་རིགས་གནས་འདིར་འཚོ་གནས་དང་སྐྱེ་འཕེལ་བྱེད་དུ་ཡོང་བར་མཐུན་རྐྱེན་སྐྲུན་ཡོད།
“རི་བོང་དང་ཨ་བྲ་ཡིས་རྩྭ་ཟ་བ་དང་། བྱ་རྒོད་ཀྱིས་ཨ་བྲ་དང་རི་བོང་ཟ་བཞིན་ཡོད། དེ་ནི་རང་བྱུང་ཆོས་ཉིད་ཀྱི་འཁོར་བསྐྱོད་རྣམ་པ་ཞིག་རེད།” བཀྲ་ཤིས་ཚེ་རིང་གིས་ཚ་བོ་ཉི་མ་ཚེ་རིང་གི་མགོ་ལ་བྱིལ་བྱིལ་བྱེད་བཞིན་དུ་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་རྒྱུར། སྔོན་ཆད་སྨན་རྫས་ལ་བརྟེན་ནས་ཨ་བྲ་བསད་པའི་རྐྱེན་གྱིས་ཚད་ངེས་ཅན་ཞིག་གི་སྟེང་ནས་བྱ་རྒོད་སོགས་འདབ་ཆགས་ཆེ་གྲས་ཀྱི་རིགས་རྒྱུན་ཆད་མེད་པར་ཉུང་དུ་ཕྱིན་ཡོད། བྱ་རྒོད་ཀྱི་གྲངས་འབོར་ཇེ་ཉུང་དུ་སོང་བ་དང་། སྐྱེ་ཁམས་སྦྲེལ་ཐག་གི་དོ་མཉམ་གཏོར་བར་མ་ཟད། ཨ་བྲ་དང་རི་བོང་མྱུར་མོར་རྒྱུད་སྤེལ་ཐུབ་པ་བྱུང་བ་དང་། དེ་དག་གིས་རྩྭ་ཟས་པའི་མི་ཚད་རྩྭ་རྐང་བསློགས་པ་དང་། ད་དུང་ས་དོང་བརྐོས་ནས་ས་ཕྱིར་བསློགས་པས། མ་གཞི་ནས་ཉམས་ཞན་ཡིན་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་དོ་མཉམ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོས་པ་དང་། འབྲོག་པས་རྒྱུན་ལྡན་ངང་ཕྱུགས་འཚོ་བ་དང་འཚོ་བ་རོལ་བར་ཤན་ཤུགས་ངེས་ཅན་ཐེབས།
ད་ལྟ་བྱ་རྒོད་ཇེ་མང་དུ་སོང་པ་དང་། ཨ་བྲའི་གནོད་འཚེ་ཇེ་ཉུང་དུ་ཕྱིན་ནས་རྩྭ་ཐང་སྟེང་གི་ས་འབུར་དག་མཐོང་རྒྱུ་མི་འདུག ཕྱུགས་རྩྭ་སྐྱེས་པ་བཟང་ལ། ནོར་གནག་གསོ་ཁ་ནས་འབུད་ཚད་ཀྱང་ཇེ་མཐོར་སོང་ཞིང་། སྐྱེ་ཁམས་ཁོར་ཡུག་སྔར་ལས་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན། ཆེད་མཁས་པས་དཔྱད་འཇོག་བྱས་པའི་གྲངས་ཀ་ལས་མངོན་པ་ལྟར་ན། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་ཁྲ་ཡིས་རྒྱུད་སྤེལ་བའི་དུས་སྐབས་སུ་ཉིན་རེར་བྱི་བ་སོགས་སྲོག་ཆགས་དགུ་དང་བཅུ་གཉིས་བར་འཛིན་ཐུབ་པ་དང་། རྒྱུད་སྤེལ་བའི་དུས་ཚིགས་ཧྲིལ་བོར་ཁྲ་མང་པོས་བྱི་བ་ལྔ་བརྒྱ་ཡས་མས་འཛིན་ཐུབ་པ་རེད།
“གལ་ཏེ་ཡུས་ཧྲུའུ་ཡི་དྲ་བ་གཅིག་པུའི་འཁོར་བསྐྱོད་དང་གློག་དཀའ་བའི་ལོ་རྒྱུས་མཇུག་སྒྲིལ་བ་དེ་ནི་ཡུས་ཧྲུའུ་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་བ་དང་འབྱོར་ཕྱུག་ལྡན་པར་འགྱུར་བར་འདེགས་སྐྱོར་བྱེད་པའི་སྔོན་འགྲོ་ཡིན་ཞེས་བརྗོད་ཚེ‘བྱ་ཚང་’དེ་རྒྱལ་ཁབ་གློག་དྲ་ཀུང་སིའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བཀྲག་མདངས་འཚེར་བའི་མིང་བྱང་ཞིག་ཡིན་པས། མི་རྣམས་ཀྱིས་བསྟོད་བསྔགས་མི་བྱེད་མཁན་གཅིག་ཀྱང་མེད་པ་རེད། “འདབ་ཆགས་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད·ཚེ་སྲོག་གི་བྱ་ཚང་ལས་གཞི” ཞེས་པའི་རྒྱལ་ཁབ་གློག་དྲའི་ལྗང་མདོག་བཟོ་སྐྲུན་གླེང་སྐབས། རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ས་ཚིགས་ཀྱི་འགོ་གཙོ་པ་སངས་ཚེ་རིང་གིས་བསྔགས་བརྗོད་ཚད་མེད་གནང་ནས་ཐེངས་འགའ་ལ་མཐེ་བོང་བསྒྲེངས་བྱུང་།
མིག་སྔར། “བྱ་ཚང་”ལས་གཞི་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་གྱི་གློག་སྐྱེལ་བཟོ་སྐྲུན་སྟེང་ཡོངས་སུ་ཁྱབ་ཡོད། 2022ལོའི་ཟླ3པའི་ཟླ་མཇུག་བར་དུ། གློག་དྲ་འཛུགས་སྐྲུན་མཁན་གྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ས་ཁུལ་དུ“བྱ་ཚང་”སྟོང་ལྔ་དང་བཅོ་བརྒྱད་ལས་ཡོད། དེའི་ནང་བྱ་ཚང་སྟོང་གཉིས་དང་སུམ་བརྒྱའི་ནང་དུ་བྱ་རིགས་བསྡད་མྱོང་བ་དང་། “གནས་སྡོད་བྱེད་ཚད”50%ཙམ་ཟིན་ཡོད་པ་རེད།
“ཏང་དང་སྲིད་གཞུང་གིས་ང་ཚོར་དྲོད་སྐྱིད་ལྡན་པའི་ཁྱིམ་གཞི་ཞིག་སྐྲུན། ལྷག་པར་དུ་གློག་འཐེན་རྗེས་ང་ཚོ་སྐྱེ་ཁམས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད། ད་ལྟ། རྩྭ་ཐང་སྟེང་གི་བྱ་རིགས་རྣམས་ཀྱིས་ཀྱང་གློག་སྡོང་སྟེང་ཚང་བཅོས་ཡོད་ལ། རྒོད་པོས་མཁའ་དབྱིངས་སུ་གཤོག་འགྱུར་རྩེན་པ་དང་། ནོར་གནག་ཁྱུ་ཚོགས་བྱས་ནས་གཡུ་ཡི་གོས་གདན་བཏིངས་འདྲིའི་རྩྭ་ཐང་དུ་གཟན་རྩྭ་ལ་རོལ་བ་མཐོང་དུས། ང་རང་སྐྱེ་ཁམས་ཁོར་ཡུག་དང་མཛེས་སྡུག་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་བར་སྔར་ལས་ཡིད་ཆེས་བརྟན་པོ་ཡོད་ཅེས་བཀྲ་ཤིས་ཚེ་རིང་གི་བབ་ཆགས་པའི་སྐད་ཆའི་ནང་ང་རྒྱལ་དང་རེ་སྨོན་གྱིས་ཁེངས་འདུག
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།