སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་སློབ་ཆེན་དུ་གཟིགས་ཞིབ་མཛད་སྐབས་གསུང་བཤད་གལ་ཆེན་གནངས།
2022.04.27 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 40

ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན།  ཀྲུང་གོའི་ཡུལ་གྲུའི་སྟེང་རྐང་ཚུགས་པ་བཅས་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེ་གྲས་སུ་ཚུད་པའི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་བསྐྱོད་དགོས།      ཝང་ཧུའུ་ཉིང་གིས་རྟོག་ཞིབ་གནང་རོགས་བྱས།

  ལྔ་བཞི་ན་གཞོན་དུས་ཆེན་ཐོན་ལ་ཉེ་བའི་སྐབས་འདིར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས25ཉིན་གྱི་སྔ་དྲོར།  ཀྲུང་གོ་མི་དམངས་སློབ་ཆེན་དུ་ཕེབས་ཏེ་རྟོག་ཞིབ་དང་བརྟག་དཔྱད་གནང་།  ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ།  རྒྱལ་ཡོངས་ཀྱི་རིགས་སོ་སོའི་ན་གཞོན་རྣམས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་།  ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་སློབ་ཡོངས་དང་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་སློབ་གསོའི་བྱ་བ་གཉེར་མཁན་དང་ན་གཞོན་གྱི་བྱ་བ་གཉེར་མཁན་དག་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་གནང་།  ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ན་གཞོན་རྣམས་ལ་ཏང་གི་བཀའ་སློབ་ཡིད་ལ་དམ་པོར་འཛིན་པ་དང་མི་རིགས་བསྐྱར་དར་བྱེད་རྒྱུའི་སེམས་ཐག་བཅད་དེ།  ལང་ཚོ་ལ་ངོ་གནོང་མི་དགོས་པ་དང་དུས་རབས་ལ་ངོ་གནོང་མི་དགོས་པ།  མི་དམངས་ལ་ངོ་གནོང་མི་དགོས་པར།  ལང་ཚོའི་འགྲན་ལམ་སྟེང་བང་གིས་བརྒྱུགས་ཏེ།  དེང་རབས་ན་གཞོན་གྱི་གྲུབ་འབྲས་ཆེས་བཟང་པོ་ལེན་པར་འབད་བརྩོན་བྱེད་དགོས་པའི་རེ་བ་བཏོན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། “སུས་ཆེད་དུ་མི་སྐྱེད་སྲིང་བྱེད་རྒྱུ་དང་། མི་ག་འདྲ་ཞིག་སྐྱེད་སྲིང་བྱེད་རྒྱུ། ཅི་ལྟར་མི་སྐྱེད་སྲིང་བྱེད་རྒྱུ”ནི་ནམ་ཡང་སློབ་གསོའི་རྩ་བའི་གནད་དོན་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་རྒྱུན་འཁྱོངས། ཏང་དང་མི་དམངས་ཀྱི་ལས་དོན་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བཅས་བྱེད་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་གཞི་རྩའི་ལས་འགན་དངོས་འབེབས་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། ཀྲུང་གོའི་ཡུལ་གྲུ་ལ་རྐང་བཙུགས་ནས་སློབ་ཆེན་སྒྲུབ་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེ་གྲས་སུ་ཚུད་པའི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་བསྐྱོད་དགོས། རྒྱ་ཆེ་བའི་ན་གཞོན་རྣམ་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་སེམས་གཏིང་ནས་དད་མོས་བྱེད་མཁན་དང་ཧུར་བརྩོན་གྱིས་བརྒྱུད་སྒྲོག་བྱེད་མཁན། དཔེ་སྟོན་སྒོས་ལག་ལེན་བྱེད་མཁན་བྱེད་པ་དང་། དཔའ་བོར་སློབ་སྦྱོང་དང་རྒན་རབས་པར་སློབ་སྦྱོང་། མིག་དཔེ་ལ་སློབ་སྦྱོང་བཅས་བྱས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་པའི་དུས་རབས་ཀྱི་རྗེས་རབས་པ་གསར་པ་བྱེད་པར་བརྩོན་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་འབྱུང་བའི་དུས་རབས་ཀྱི་བཞུར་རྒྱུན་ཁྲོད་སྙིང་སྟོབས་ཆེར་བསྐྱེད་ཀྱིས་མདུན་དུ་བསྐྱོད་དགོས།

ཀྲུང་གོ་མི་དམངས་སློབ་ཆེན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་བསྒྲུབས་པའི་རྣམ་པ་གསར་པའི་ཚད་ལྡན་གྱི་སློབ་ཆེན་དང་པོ་ཡིན།  1937ལོར་འཇར་འགོག་དམག་འཁྲུག་གི་མེ་སྒྱོགས་ཁྲོད་བསྒྲུབས་པའི་ཧྲའན་ཞི་བྱང་རྒྱུད་ཀྱི་སྤྱིའི་སློབ་གྲྭ་དེ་ཡིན་ལ། དེ་དང་རྗེས་སུ་བྱུང་བའི་ཧྭ་པའེ་མཉམ་འབྲེལ་སློབ་ཆེན་དང་བྱང་ཕྱོགས་སློབ་ཆེན། ཧྭ་བྱང་སློབ་ཆེན་བཅས་ཀྱིས་དུས་ཡུན་རིང་པོའི་སློབ་སྒྲུབ་ལག་ལེན་ཁྲོད།  མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་མཐོ་རིམ་སློབ་གསོ་དང་མར་ཁེ་སི་རིང་ལུགས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་ལ་དོ་སྣང་བྱས་པས། “རང་རྒྱལ་མི་ཆོས་དང་སྤྱི་ཚོགས་ཚན་རིག་གི་མཐོ་རིམ་སློབ་གསོའི་ཁྱབ་ཁོངས་ཀྱི་དར་ཆ”ཞེས་པའི་མཚན་སྙན་ཐོབ་ཡོད།

སྔ་དྲོའི་དུས་ཚོད9དང་སྐར་མ20ཙམ་གྱི་སྟེང་། ཞི་ཅིན་ཕིང་ཀྲུང་གོ་མི་དམངས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཏུང་ཀང་དང་སློབ་གཙོ་ལིའུ་ཝེ་གཉིས་ཀྱི་ཕེབས་རོགས་འོག སྔ་གཞུག་ཏུ་ལི་ཏེ་ཐོག་ཁང་དུ་ཕེབས་ཏེ། བསམ་བློའི་ཆབ་སྲིད་རིག་ནུས་སློབ་ཁང་གི་ཡུལ་དངོས་ནས་སློབ་ཁྲིད་བྱེད་སྟངས་ལ་གཟིགས། ཀྲུང་གོ་མི་དམངས་སློབ་ཆེན་གྱི་སློབ་གྲྭའི་ལོ་རྒྱུས་འགྲེམ་སྟོན་དེ་སློབ་གྲྭའི་རྟེན་མཛོད་ཁང་དུ་བཙུགས་ཡོད།  རྟེན་མཛོད་ཁང་གི་སྒོ་ཁའི་ཐང་ཆེན་ནང་།  ཞི་ཅིན་ཕིང་གིས་དགེ་རྒན་ཆེན་མོ་རྒན་པ་དང་ཆེད་མཁས་པ་རྒན་པ། གཞོན་དར་རྐང་འཛིན་དགེ་རྒན་བཅས་ཀྱི་འཐུས་མི་ལ་འཚམས་འདྲི་གནང་བར་མ་ཟད། ཁོ་ཚོ་དང་མཛའ་བརྩེའི་ངང་གླེང་མོལ་མཛད།

ཀྲུང་གོ་མི་དམངས་སློབ་ཆེན་གྱི་དཔེ་མཛོད་ཁང་གིས་མི་ཆོས་སྤྱི་ཚོགས་ཚན་རིག་རིག་གཞུང་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཉར་ཚགས་གཙོ་རུ་བཟུང་ཡོད་པ་དང་། དེའི་ནང་དུ་དཔེ་དེབ་ས་ཡ་བཞིན་དང་འབུམ་གཅིག་ལྷག་ཉར་ཚགས་བྱས་ཡོད།  ཞི་ཅིན་ཕིང་གནས་དེར་ཕེབས་རྗེས། དཔེ་མཛོད་ཁང་གི་གསར་བརྗེའི་ཚད་ལྡན་ཡིག་ཆ་དང་དཔེ་རྙིང་གཅིག་བསྡུས་འགྲེམ་སྟོན་ལ་རྟོག་ཞིབ་གནང་བ་དང་། དེང་རབས་ཅན་གྱི་འཚོལ་ཞིབ་སྟེགས་བུ་དང་དུས་དེབ་ཀྱི་བསྐྱར་དཔར་རྒྱུ་ཆ་སོགས་ཨང་ཀི་ཅན་གྱི་རིག་གཞུང་ཐོན་ཁུངས་ལ་གཟིགས་ཤིང་། སློབ་གྲྭས་རིག་གཞུང་དཔེ་རྙིང་ལ་སྲུང་སྐྱོབ་དང་བེད་སྤྱོད་བྱེད་པར་ཤུགས་སྣོན་པ་དང་། གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་དེ་དངོས་བཀོལ་དུ་བསྒྱུར་བར་སྐུལ་འདེད་གཏོང་བའི་གནས་ཚུལ་མཚམས་སྦྱོར་ལ་གསན།

དེ་ནས་ཞི་ཅིན་ཕིང་དུས་རབས་ཁང་གི་བྱང་ཕྱོགས་ཚོམས་ཆེན་དུ་ཕེབས་ཏེ་ཀྲུང་གོ་མི་དམངས་སློབ་ཆེན་གྱི་དགེ་སློབ་འཐུས་མི་དང་མཉམ་དུ་བཞུགས་མོལ་མཛད། ཚང་མའི་གཏམ་བཤད་ལ་ནན་ཏན་གྱིས་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རང་རྒྱལ་ལ་ཁྱད་དུ་འཕགས་པའི་ལོ་རྒྱུས་དང་ཁྱད་དུ་འཕགས་པའི་རིག་གནས། ཁྱད་དུ་འཕགས་པའི་རྒྱལ་ཚུལ་བཅས་ཡོད་པས། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་གི་རྩེ་གྲས་སུ་ཚུད་པའི་སློབ་ཆེན་འཛུགས་སྐྲུན་བྱེད་པར་གཞན་གྱི་རྗེས་སུ་འབྲངས་ནས་གཞན་དཔེ་རང་སྟོན་བྱེད་མི་རུང་ལ། རྒྱལ་ཕྱིའི་སློབ་ཆེན་གྱི་ཚད་གཞི་དང་རྣམ་པར་ལད་ཟློས་ཀྱང་བྱེད་མི་རུང་བར། ཀྲུང་གོའི་ཡུལ་གྲུ་ལ་རྐང་བཙུགས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་ཞིང་འཛམ་གླིང་རྩེ་གྲས་སུ་ཚུད་པའི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པར་བསྐྱོད་དགོས། ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཧྲའན་ཞི་བྱང་རྒྱུད་ཀྱི་སྤྱིའི་སློབ་གྲྭ་གྲུབ་རྗེས་ཀྱི་ཐོག་མའི་དུས་སུ“གསར་བརྗེའི་གདོང་ལེན་རུ་ཁག”སྐྱེད་སྲིང་བྱེད་རྒྱུ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཐོག་མའི་དུས་སུ“རྒྱལ་འཛུགས་ལས་བྱེད་པ་མང་པོ”སྐྱེད་སྲིང་བྱེད་རྒྱུ། བཅོས་སྒྱུར་སྒོ་འབྱེད་ཀྱི་དུས་རབས་གསར་པར“རྒྱལ་དམངས་ཀྱི་མིག་དཔེ་དང་སྤྱི་ཚོགས་ཀྱི་རྐང་འཛིན་པ”སྐྱེད་སྲིང་བྱེད་རྒྱུ། དུས་རབས་གསར་པར“བསྐྱར་དར་རྐང་འཛིན་པ་དང་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་གདོང་ལེན་པ”སྐྱེད་སྲིང་བྱེད་རྒྱུ་བཅས་གསལ་བོར་བཏོན་པས།  ནམ་ཡང་མི་འགྱུར་བ་ནི“ཏང་གི་ཆེད་དུ་མི་སྐྱེད་སྲིང་བྱེད་རྒྱུ་དང་རྒྱལ་ཁབ་ཀྱི་ཆེད་དུ་མི་གསོ་སྐྱོང་བྱེད་རྒྱུ”དེ་ཡིན་ལ།  “ཏང་གིས་བསྒྲུབས་པའི་སློབ་ཆེན་གྱིས་ཏང་གི་སེམས་བདེ་རུ་འཇུག་པ་དང་མི་དམངས་སློབ་ཆེན་གྱིས་མི་དམངས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང”བའི་བསམ་བློའི་གཤིས་ཀ་མངོན་ཡོད། རེ་བར་ཀྲུང་གོ་མི་དམངས་སློབ་ཆེན་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གཞི་སྐྱོང་བའི་གཞི་རྩའི་ལས་འགན་དངོས་འབེབས་བྱེད་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཏེ། ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་འདུ་ཤེས་དེ་མི་དམངས་སློབ་ཆེན་གྱི་རང་རྟོགས་འཚོལ་སྙེག་ཏུ་འགྱུར་དུ་འཇུག་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  མཐོ་རིམ་སློབ་གྲྭ་ནི་རང་རྒྱལ་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི“དཔུང་ཁག་ཆེན་པོ་ལྔའི”ཁྲོད་ཀྱི་སྟོབས་ཤུགས་གལ་ཆེན་ཞིག་ཡིན།  མིག་སྔར།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ་དེས་ཐག་གཅོད་དགོས་པའི་གནད་དོན་གསར་པ་མང་པོ་ཞིག་བཏོན་ཡོད་དེ།  འཛམ་གླིང་ལ་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བྱུང་བར་མ་ཟད་ཇེ་མགྱོགས་སུ་ཕྱིན་ཏེ།  འཛམ་གླིང་ཧྲིལ་པོ་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་པས།  “འཛམ་གླིང་ལ་ཅི་ཞིག་བྱུང་སོང”དང“མིའི་རིགས་གང་དུ་འགྲོ”ཞེས་པའི་དུས་རབས་ཀྱི་འདྲི་གཞི་འདིར་ལན་ལེགས་པོ་ཞིག་འདེབས་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།  མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་བྱེ་བྲག་གི་དངོས་ཡོད་དང་ཟུང་འབྲེལ་བྱེད་པ་དང་།  ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་།  ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་འབྱུང་བའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་རྐང་བཙུགས་ཏེ།  མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་རྒྱུན་ཆད་མེད་པར་སྐུལ་སྤེལ་བྱེད་དགོས།  ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་མགྱོགས་མྱུར་གྱིས་བསྐྲུན་པ་སྟེ།  མཐར་གཏུགས་ན་ཀྲུང་གོའི་རང་བརྟེན་རང་བདག་གི་ཤེས་བྱའི་མ་ལག་འཛུགས་རྒྱུ་དེ་ཡིན།  ཀྲུང་གོ་བལྟ་བྱའི་ཡུལ་དང་དུས་རབས་བལྟ་བྱའི་ཡུལ་དུ་འཛིན་པ་དང་།  ཀྲུང་གོའི་དོན་དངོས་ལ་རྐང་བཙུགས་ནས་ཀྲུང་གོའི་གནད་དོན་ཐག་གཅོད་པ།  ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་གསར་གཏོད་རང་བཞིན་གྱིས་འགྱུར་ལྡོག་གཏོང་བ་དང་། གསར་གཏོད་རང་བཞིན་གྱིས་འཕེལ་རྒྱས་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ།  ཤེས་བྱ་གསར་གཏོད་དང་རིགས་པའི་གཞུང་ལུགས་གསར་གཏོད།  བྱེད་ཐབས་གསར་གཏོད་ལ་རྒྱུན་ཆད་མེད་པར་སྐུལ་སྤེལ་གཏོང་བ་བཅས་ཀྱིས།  ཀྲུང་གོའི་ཁྱད་ཆོས་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་དེ་འཛམ་གླིང་གི་རིག་གཞུང་ནགས་ཚལ་དུ་དོན་དམ་གྱིས་ཀྲོང་ངེར་འགྱིང་བར་བྱེད་དགོས།  མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་གཉེར་མཁན་གྱིས་ཁ་ཕྱོགས་གསལ་ཞིང་རིང་ལུགས་བདེན་པ།  ཡོན་ཚད་མཐོ་བ།  བྱ་སྤྱོད་ལེགས་པ་བཅས་ཀྱི་སྒོ་ནས་རང་རྟོགས་སྒོས་ཀྲུང་གོའི་དྲི་བ་དང་འཛམ་གླིང་གི་དྲི་བ།  མི་དམངས་ཀྱི་དྲི་བ།  དུས་རབས་ཀྱི་དྲི་བ་བཅས་ལ་ལན་འདེབས་པར་རིག་གཞུང་གི་ཐོག་ནས་འགན་འཁུར་བ་དང་།  ཀྲུང་གོའི་བགྲོད་ལམ་དང་ཀྲུང་གོའི་སྲིད་སྐྱོང་།  ཀྲུང་གོའི་སྐྱོང་ལུགས་བཅས་ནི་བསམ་བློའི་འཚོལ་སྙེག་ཡིན་པ་མངོན་པར་བྱས་ནས།  ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་རང་བཞིན་དང་རྩ་བའི་རང་བཞིན།  གནད་འགག་རང་བཞིན་བཅས་དང་འབྲེལ་བའི་གནད་དོན་ཆེན་པོ་ཞིབ་འཇུག་དང་ཐག་གཅོད་པའི་ཐད་ནས་འཇོན་ཐང་ངོ་མ་འདོན་པ་དང་འབྲས་བུ་བཟང་པོ་ལེན་དགོས།  མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གིས་ཀྲུང་ཕྱིའི་རིག་གནས་ཟབ་འདྲེས་དང་དཔལ་ཡོན་བརྗེ་རེས་ཟབ་མོ་ཡོང་བའི་ཁྲོད་ཐོན་པའི་ཐུན་མིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  ཀྲུང་གོའི་སྐད་སྒྲ་དང་ཀྲུང་གོའི་རིགས་པའི་གཞུང་ལུགས།  ཀྲུང་གོའི་བསམ་བློ་བཅས་བརྒྱུད་སྒྲོག་ལེགས་པོ་བྱས་ཐོག འཛམ་གླིང་ལ་སྔར་ལས་བཟང་བའི་སྒོ་ནས་ཀྲུང་གོ་རྟོགས་སུ་བཅུག་ནས།  མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་ནས་དགེ་མཚན་ལྡན་པའི་བྱས་རྗེས་འཇོག་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  སློབ་གྲྭ་བཟང་པོའི་ཁྱད་ཆོས་སོ་སོར་མི་འདྲ་མོད།  འོན་ཀྱང་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི་ཚང་མར་དགེ་རྒན་གྱི་དཔུང་སྡེ་ཕུལ་དུ་བྱུང་བ་རེ་ཡོད།  དགེ་རྒན་ལ་མཚོན་ན།  སློབ་མ་ཅི་ལྟ་བུ་ཞིག་ཏུ་གསོ་སྐྱོང་བྱེད་འདོད་ན།  ཐོག་མར་རང་ཉིད་དེ་ལྟ་བུ་ཞིག་ཏུ་འགྱུར་བར་བྱེད་དགོས།  སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་རྒྱུན་འཛིན་མཁན་གསོ་སྐྱོང་བྱེད་པ་ལ།  ང་ཚོའི་དགེ་རྒན་རྣམས་ནི་ཆེད་ལས་ཤེས་བྱ་ལ་བྱང་ཆུབ་མཁན་དང“མཁས་པ”ལེགས་པོ་ཞིག་འཁྱོངས་དགོས་པར་མ་ཟད།  སྤྱོད་ཡོན་གཉིས་ལྡན་གྱི“སློབ་དཔོན”ཡང་བྱེད་དགོས་ཏེ།  “ཤེས་བྱ་ཁྲིད་སྤེལ་དང་དོགས་གནད་སེལ་གཅོད”ཀྱི“མཁས་པ”དང“སློབ་དཔོན”གཉིས་ཀ་གཅིག་འདུས་ཅན་གྱི་མི་ཞིག་འཁྱོངས་གང་ཐུབ་བྱེད་དགོས།  སློབ་གསོ་ནི“བྱམས་སེམས་ཅན”གྱི་ལས་དོན་ཞིག་ཡིན་ལ།  བྱམས་སེམས་དང་ལྡན་པ་ལ་ད་གཟོད་འགན་འཁྲི་ལྡན་པ་ཡིན།  རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱིས་ཞི་ལྷོད་ཟུང་དུ་སྦྲེལ་ནས་སློབ་བུ་སྐྱོང་བ་དང་རང་གཞན་གཉིས་ལ་ཕན་པ།  གཤིས་སྤྱོད་ལེགས་པོས་སློབ་མའི་སེམས་ཁམས་ལ་བདག་སྐྱོང་བྱེད་པ།  རིག་གཞུང་གི་ཡོན་ཚད་ལ་བརྟེན་ནས་སློབ་མའི་བློ་སྒོ་འབྱེད་པ་བཅས་བྱས་ནས།  རང་ཉིད་ཀྱི་དྲོད་ཁོལ་དང་བརྩེ་བ་མ་ལུས་སློབ་མ་རེ་རེར་སྦྱིན་ཏེ།  སློབ་མ་རེ་རེ་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་།  སློབ་མ་རེ་རེར་མི་ཚེའི་རིན་ཐང་ངོམ་པའི་གོ་སྐབས་སྩོལ་དགོས།  དགེ་རྒན་ལ་ཁ་བཤད་དོན་ལ་གནས་ཤིང་།  སྤྱོད་པས་མིག་དཔེ་སྟོན་པའི་རང་རྟོགས་ཡོད་དགོས་ཏེ།  རང་ཉིད་ཀྱི་ཀུན་སྤྱོད་བློ་སྦྱོང་མཐོར་འདེགས་ཆེན་པོ་བཏང་སྟེ།  དཔེ་སྟོན་དུ་རུང་བའི་བྱ་སྤྱོད་ལ་བརྟེན་ནས་སློབ་མར་ཤན་ཤུགས་འཇོག་པ་དང་ཁྲིད་སྟོན་བྱེད་ཅིང་།  སློབ་མ་བྱས་ནས་སློབ་སྦྱོང་བྱེད་པ་དང་བྱ་བ་སྒྲུབ་པ།  གཞན་དོན་གཉེར་བ་བཅས་ཀྱི་སྐུ་ཞབས་ཆེན་པོ་བྱས་ཏེ།  སྤྱི་ཚོགས་སྟེང་བརྩི་བཀུར་བྱེད་པའི་དཔེ་ལེགས་པ་དང་འཛམ་གླིང་གི་སྐྱེ་བོ་ཀུན་གྱི་མིག་དཔེར་འགྱུར་བར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  དུས་རབས་གསར་པའི་རྒྱང་སྐྱོད་གསར་པར་རྐང་བཙུགས་ཏེ།  ཀྲུང་གོའི་ན་གཞོན་གྱི་འབད་འཐབ་དམིགས་འབེན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་དེ་གནད་གཅིག་ཏུ་བསྡུས་ན།  དེ་ནི་བློ་བརྟན་འགྱུར་མེད་ཀྱིས་ཏང་གི་གསུང་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཏེ།  མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་མོ་ཕྲག་ཏུ་ལེན་སྤོབས་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འགྱུར་གང་ཐུབ་བྱེད་རྒྱུ་དེ་རེད།  རེ་བར་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་མེས་རྒྱལ་གྱི་ས་གཞི་ཆེན་མོ་གོམ་པས་འཇལ་ཞིང་།  ཀྲུང་གོའི་སྙིང་སྟོབས་མིག་གིས་མཐོང་བ།  མི་དམངས་ཀྱི་འབོད་སྐུལ་རྣ་བས་ཉན་པ་དང་།  དུས་རབས་ཀྱི་འཕར་རྩ་སེམས་ཀྱིས་ཚོར་བ་བཅས་བྱས་ནས།  མེས་རྒྱལ་ལ་བཅངས་པའི་གཞལ་མེད་ཀྱི་བརྩེ་བ་དང་། མི་དམངས་དང་བདེ་སྡུག་མཉམ་མྱོང་བྱེད་པའི་བརྩེ་སེམས་དེ་སློབ་གཉེར་གྱི་བརྒྱུད་རིམ་ཧྲིལ་པོར་བསྟར་ལ་རྒྱུ་བ་དང་བྱ་གཞག་དོན་དུ་གཉེར་བའི་ཁྲོད་འདྲེས་པར་བྱེད་དགོས།

ཞི་ཅིན་ཕིང་སློབ་གྲྭ་དང་འབྲལ་ཁར།  ལམ་གྱི་གཞོགས་གཉིས་སུ་དགེ་སློབ་ཀྱིས་ཁེངས་འདུག་ལ།  ཚང་མས་སེམས་འགུལ་ཐེབས་པའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་མཚམས་འདྲི་ཞུས་ཤིང་།  མགྲིན་གཅིག་ཏུ“ལང་ཚོ་ལ་ནི་ཏང་ལ་འབུལ།  དམངས་ཀྱི་རེ་གཞག་སྟོང་མི་བྱ། ”“བསྐྱར་དར་གྱི་རྐང་འཛིན་པ།  རྒྱལ་སྟོབས་ཀྱི་གདོང་ལེན་པ”ཞེས་སྐད་གསང་མཐོན་པོས་བསྒྲགས་པ་དང་།  ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གནང་ནས་གུས་འདུད་མཚོན་པར་བྱས་ཤིང་།  ཐལ་མོ་རྡེབ་སྒྲ་དང་དགའ་སྤྲོའི་འབོད་སྒྲ་ནི་སློབ་རའི་མཁའ་དབྱིངས་སུ་མཆེད་འདུག། 

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།