ཁྱད་ལྡན་ཐོན་ལས་ཀྱིས་ཕྱུག་འགྱུར་ལམ་དུ་བསྐྱོད་པར་རེ་བ་གསར་བ་བསྩལ།
2022.04.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 31

གསར་འགོད་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་པེ་ཧྲན་ཡུལ་ཚོ་ཧྲ་ཀུག་ལེང་སྡེ་བའི་གླ་བ་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་དུ་ཐོན་དུས། སྤྱིལ་ཁང་ཆེན་པོ་ཞིག་གི་ནང་དུ་སྤྱིལ་ཁང་ཆུང་ངུ་མང་པོ་ཞིག་ལས་ཡོད་ཅིང་།  སྤྱིལ་ཁང་ནང་གི་གླ་བ་རྣམས་ཀྱིས་ཉི་འོད་ཀྱི་ངོགས་སུ་ངལ་གསོས་ནས་བསྡད་འདུག

མི་ཡོང་བཞིན་པའི་གོམ་སྒྲ་ཐོས་པ་ན་གླ་བ་ཆུང་ཆུང་དེ་དག་མྱུར་དུ་ཡར་ལངས་ནས་སྤྱིལ་ཁང་ཆུང་ངུའི་ནང་དུ་འཛུལ་ཞིང་། སྤྱིལ་ཁང་གི་ནང་ནས་མགོ་ཕྱིར་བུད་དེ་ཉེ་འགྲམ་གྱི་གྲགས་འགུལ་ལ་ལྟ་བཞིན་འདུག

གླ་བ་ནི་ཤིན་ཏུ་སྐྲག་སྣང་ལྡན་མཁན་ཞིག་ཡིན་པས་འདྲོགས་སླ་བ་ཞིག་རེད། ལྟོས་དང་། ཁོ་ཚོའི་གཟུགས་གཞི་ཧ་ཅང་ཆུང་ན་ཡང་ད་ལྟ་གཞི་ནས་ནར་སོན་ཡོད་པ་རེད། མཉམ་ལས་ཁང་དེའི་འགན་ཁུར་བ་དབྱང་ཁྲའོ་ཧོས་ཀྱིས་གླ་བ་དེ་དག་གི་སྟེང་ལ་མཛུབ་མོ་ཀེར་ནས་དེ་ལྟར་བཤད།

སྤྱིར་གླ་བ་ནི་མི་རྣམས་ཀྱིས་མཐོང་དཀོན་པའི་སྲོག་ཆགས་ཤིག་རེད། ཡིན་ནའང་དབྱང་ཁྲའོ་ཧོས་ཀྱིས་གླ་བ་གསོ་སྤེལ་བྱེད་པའི་དོན་དག་དེ་ཡིད་ལ་ཇི་ལྟར་དྲན་པ་ཡིན་ནམ།

ཉེ་བའི་ལོ་ཤས་རིང་སྲིད་གཞུང་གིས་ཐོན་ལས་སྒྲིག་གཞི་ཤུགས་ཆེན་པོས་ལེགས་སྒྲིག་བྱས་པས། སྡེ་བ་དང་ཡུལ་ཚོ་ཡོངས་ཀྱི་འཕེལ་རྒྱས་སྐོར་ལ་འགྱུར་ལྡོག་ཆེན་པོ་བྱུང་། དེ་བས་ངས་ཀྱང་ཐོན་ལས་འདི་འདྲ་ཞིག་གཉེར་བའི་ཐད་ལ་ཚོད་ལྟ་བྱས་པ་ཡིན་ཞེས་དབྱང་ཞའོ་ཧོས་དགོད་བཞིན་དུ་དེ་ལྟར་བཤད། སྔོན་ཆད་སྡེ་བ་དེའི་མི་རྣམས་ཀྱིས་བློ་གཅིག་སེམས་གཅིག་གིས་ཞིང་ས་ཆུང་ངུ་རེ་ཡོད་པ་དེ་ཁོ་ན་འདེབས་པའི་ལས་ལ་བརྩོན་བཞིན་ཡོད། དེ་ལ་ཡོང་འབབ་ཆེན་པོ་མེད་ལ་བྱ་བ་གཞན་བསྒྲུབ་པའི་ཐད་ལའང་བསམ་བློ་གཏོང་མཁན་མེད། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པ་བརྒྱུད་ནས་སྡེ་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་བྱུང་ཞིང་། སྲིད་གཞུང་གི་སྐུལ་སློང་འོག་ཏུ་དབྱང་ཁྲའོ་ཧོས་ཀྱང་ཁྱད་ལྡན་ཐོན་ལས་གསོ་སྤེལ་བྱེད་པའི་ལམ་དེ་འདྲ་ཞིག་ལ་ཞུགས་པ་རེད།

སྔོན་ཆད།  ཧྲ་ཀུག་ལེང་སྡེ་བ་དང་ཐ་ན་མིན་ཡོན་རྫོང་ཡོངས་སུ་མཐོང་ཐུབ་པའི་ཐོན་ལས་ཀྱི་སྐོར་ལ་ལོག་དཀར་དང་ནས་འདེབས་པ་དང་ནོར་ལུག་གསོ་སྤེལ་བྱེད་པ་ཙམ་ལས་མེད་ཅིང་། ལོ་གཅིག་གི་ཡོང་འབབ་ཀྱང་དེ་འདྲ་མང་པོ་ཞིག་མེད། དེ་བས་ས་གནས་དེའི་ན་གཞོན་མང་པོ་ཞིག་རྒྱུན་དུ་ཕྱི་རོལ་ལ་ཞོར་ལས་གཉེར་དུ་འགྲོ་བཞིན་ཡོད།

ད་ལྟ་སྔོན་ཆད་དང་མི་འདྲ་སྟེ། ང་ཚོས་ཞིང་ས་ཕྱིར་གླས་པ་དང་རང་ཁྱིམ་གྱི་སྒོ་ཁ་རུ་ལས་ཀ་ལས་ནས་སྒོར་མོ་བཙལ་ཐུབ་ཅེས་ཧྲ་ཀུག་ལེང་སྡེ་བའི་སྡེ་མི་སུའུ་ཧྥ་ཕེན་དགའ་སྤྲོ་དང་བཅས་དེ་ལྟར་བཤད། ཁོ་མོ་ལོ་རེ་བཞིན་དུ་གླ་བ་གསོ་སྤེལ་བྱེད་པའི་མཉམ་ལས་ཁང་དུ་སོང་ནས་ལ་ཕུག་འདེབས་ཀྱི་ཡོད་པ་དང་། ཁོ་མོས་ཉིན་གཅིག་གི་ལས་གླ་ནི་སྒོར་མོ་བརྒྱ་ཐམ་པ་རེད།

ཧྲ་ཀུག་ལེང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བའི་ས་ཞིང་སྤྱི་ཆིང་དྲུག་ཅུ་རེ་བདུན་དང་གྲངས་ཆུང་དྲུག་བདུན་ཡོད་པ་དེའི་སྟེང་དུ་གཅིག་གྱུར་གྱིས་སྔོ་རྩྭ་བཏབ་པ་དང་། བོགས་དངུལ་བགོ་བཤའ་རྒྱག་པའི་རྣམ་པར་བརྟེན་པས་ཞིང་སའི་སྟེང་གི་མི་གཅིག་གི་ཡོང་འབབ་དེ་སྒོར་མོ་སུམ་བརྒྱ་དང་ཉི་ཤུ་འཕར་སྣོན་བྱུང་།

ཁྱད་ལྡན་ཐོན་ལས་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་ལྡན་ཞིང་། ལྷག་པར་དུ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཆུ་ཚད་མཐོར་འདེགས་བྱེད་པའི་རེ་བ་བྱེད་ཡུལ་དུ་གྱུར་ཡོད། ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་པ་དང་བསྟུན་ནས་། གླ་བ་གསོ་སྤེལ་དང་ཤ་མོ་འདེབས་འཛུགས་བྱེད་པ་སོགས་ཀྱི་ཐོན་ལས་དེ་དག་ནི་མིན་ཡོན་རྫོང་གི་གྲོང་གསེབ་དར་སྤེལ་བྱེད་པའི་ནུས་པ་གསར་པར་གྱུར་ཡོད།  ཉེ་བའི་ལོ་ངོ་གསུམ་ཙམ་གྱི་རིང་ནས་བཟུང་མིན་ཡོན་རྫོང་གིས་རིགས་སྣ་ཚོགས་ཀྱི་མ་དངུལ་སྒོར་མོ་བྱེ་བ་བརྒྱད་དང་ས་ཡ་དྲུག་འབུམ་དྲུག་ཁྲི་གཅིག་ལེགས་སྒྲིག་བྱས་ནས། འདེབས་འཛུགས་ལས་རིགས་སྐོར་ཞིག་འཕེལ་རྒྱས་སུ་བཏང་པ་དེས་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་པར་ལམ་གསར་བ་ཞིག་བཏོད་ཡོད།

ཧན་ཐེ་སྡེ་བའི་སྡེ་མི་ཏང་ཞེན་ཧྭ་ནི་ཉིས་སྟོང་ཉི་ཤུ་ལོར་ཧན་ཐེ་སྡེ་བའི་མ་རྐང་དཔལ་འབྱོར་མཉམ་ལས་ཁང་དུ་སོང་ནས་འདེབས་འཛུགས་ལས་རིགས་ཐོན་སྐྱེད་བྱེད་བཞིན་ཡོད་པར་མ་ཟད། ད་དུང་ཐོན་སྐྱེད་མི་སྣར་དོ་དམ་བྱེད་པའི་བྱ་བ་གཉེར་བཞིན་ཡོད་ཅིང་། ཟླ་གཅིག་གི་ནང་དུ་མོ་ལ་སྒོར་མོ་སྟོང་གཉིས་རེའི་ཡོང་འབབ་ཡོད་ཟེར།

རང་གི་ཁྱིམ་ཚང་གི་སྒོ་ཁ་ནས་སྒོར་མོ་བཙལ་ཐུབ་པ་དང་ད་དུང་ཁྱིམ་གྱི་རྒན་པ་དང་བྱིས་པར་ཡང་བདག་སྐྱོང་བྱེད་ཐུབ་ཀྱི་ཡོད་པས་ཏང་ཞེན་ཧྭ་ལ་མཚོན་ན་བྱ་བ་དེ་ལ་ཧ་ཅང་དགའ་ཞེན་བྱེད་བཞིན་ཡོད། མཉམ་ལས་ཁང་དེ་རུ་ཏང་ཞེན་ཧྭ་དང་འདྲ་བའི་བུད་མེད་ཀྱང་མང་པོ་ཞིག་ཡོད། སྔོན་ཆད་ཁོ་མོ་ཚོས་རྫོང་མཁར་གྱི་ཉེ་འགྲམ་ནས་ཞོར་ལས་གཉེར་བཞིན་ཡོད་པ་དང་། ད་ལྟ་རང་གི་ཁྱིམ་ཚང་གི་སྒོ་ཁ་ནས་བརྟན་འཇགས་ཀྱི་ཟླ་ཕོགས་ལེན་ཐུབ་ཀྱི་ཡོད་པས་ཁོ་ཚོར་མཚོན་ན་དེ་ལས་ལེགས་པའི་དོན་བཟང་ཞིག་ཡོད་པ་མ་རེད།

མི་གཉིས་ཀྱི་ཟླ་ཕོགས་བསྣན་ཚེ་ཟླ་གཅིག་ལ་སྒོར་མོ་སྟོང་དྲུག་ཡོད་པས་སྔོན་ཆད་དང་བསྡུར་ན་འཚོ་བའི་ཐད་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་ཞེན་ཧྭ་བཟའ་མི་གཉིས་ཀ་མཉམ་ལས་ཁང་དུ་ལས་ཞུགས་བྱས་ཡོད་ཅིང་། གཅིག་གིས་མི་སྣ་དོ་དམ་བྱེད་བཞིན་ཡོད་པ་དང་གཅིག་གིས་ཤ་མོ་བཏོགས་རྗེས་སྐྱེལ་འདྲེན་བྱེད་པ་སོགས་ཀྱི་བྱ་བར་འགན་ཁུར་ཡོད།  ཏང་ཞེན་ཧྭ་བཟའ་མི་གཉིས་ཀྱིས་ཁྱད་ལྡན་ཐོན་ལས་གཉེར་བའི་ཐད་ལ་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད་པས་ཁྱིམ་ཚང་གི་འཚོ་བ་ཡང་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ཉིས་སྟོང་ཉི་ཤུ་ལོར། མིན་ཡོན་རྫོང་ཏིག་ཞེན་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཧན་ཧྲིན་ཀོས་ཀྱིས་ཤ་མོ་འདེབས་འཛུགས་བྱེད་ས་ཞིག་ལས་རྗེས། ཧན་ཐེ་སྡེ་བའི་མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་དང་མཉམ་ལས་བྱས་ཏེ། ཁོ་ཡང་མིན་ཡོན་རྫོང་གི་ཤ་མོ་འདེབས་འཛུགས་བྱེད་པའི་ཐོན་ལས་ཆེ་ཁག་དེ་དག་གི་གྲས་སུ་ཚུད།

ཤ་མོ་བཏོགས་རྗེས་སུ། ཧན་ཐེ་སྡེ་བའི་མ་རྐང་ལམ་ལུགས་ཀྱི་དཔལ་འབྱོར་མཉམ་ལས་ཁང་གིས་གཅིག་གྱུར་གྱིས་ཉོ་བསྡུ་བྱས། མ་རྩ་དང་ལས་བཟོ་མི་སྣའི་འགྲོ་གྲོན་སོགས་སྒོར་མོ་ཁྲི་དགུ་དང་སྟོང་བརྒྱད་དགུ་བརྒྱ་ཕུད་རྗེས།  ཧན་ཧྲིན་ཀོས་ལ་ད་དུང་ཡོང་འབབ་རྐྱང་རྐྱང་སྒོར་མོ་ཁྲི་ལྔ་དང་སྟོང་གཉིས་ཡོད་པར་གྱུར། དེ་བས་ན་ནིང་ཡང་ཁོས་ཤ་མོ་འདེབས་འཛུགས་བྱེད་སའི་གཞི་ཁྱོན་སྔར་ལས་རྒྱ་བསྐྱེད་པ་རེད།

ཁྱིམ་ཚང་གི་སྒོ་འགྲམ་དུ་ཐོན་ལས་རིགས་སྣ་ཚོགས་ཇི་ལྟར་ཇེ་མང་དུ་སོང་ན། སྡེ་མི་རྣམས་ལས་ཞུགས་བྱེད་པའི་གོ་སྐབས་དེ་ལྟར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ད་ལྟ་འཚོ་བ་ནི་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས་འཚོ་བ་གསར་བའི་རེ་སྨོན་ཡང་སྔར་ལས་ཇེ་དྲག་ཏུ་འགྲོ་བཞིན་ཡོད་ཅེས་ལས་ལ་བྲེལ་བཞིན་པའི་ཏང་ཞེན་ཧྭ་དང་སྡེ་བའི་ནང་གི་བུད་མེད་སྐོར་ཞིག་དགོད་བཞིན་དུ་གསར་འགོད་པར་དེ་ལྟར་བཤད།

                                                                                    ཡིག་སྒྱུར་བ། གཡང་འབུམ་རྒྱལ།