བོད་ལུག་གསོ་སྤེལ་ལ་བརྟེན་ནས་འབྲོག་པ་ཕྱུག་འགྱུར་ལམ་བུར་སྙེག་ཏུ་བཅུག
2022.04.29 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

ཚེ་རིང་ཚང་གི་ལུག་ཁྱུ།

ཟླ་བཞི་པར་མཚོ་སྔོན་པོའི་འགྲམ་དུ་གནས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོ་རུ་ད་དུང་གྲང་ངར་ཧ་ཅང་ཆེ་ལ། དེ་གར་དཔྱིད་ཐོན་པ་ཅུང་འཕྱི་བ་འདྲ།

ཉེ་ལམ། ཆུ་ཁོལ་སྡེ་བའི་སྡེ་མི་ཚེ་རིང་གིས་རང་ཁྱིམ་གྱི་རྩྭ་ཐང་སྟེང་གི་ལུག་ཁྱུ་རྣམས་ལ་ལྟ་བཞིན་དུས་ངེས་མེད་དུ་གཟན་ཆས་ཁ་སྣོན་བྱེད་བཞིན་ཡོད། ཉིན་འདི་འགར་ལུ་གུ་སུམ་བརྒྱ་ལྷག་གསོ་ཁ་ནས་འབུད་དགོས་པས། ཁོས་སྔར་ལས་ཞིབ་ཚགས་ཀྱི་སྒོ་ནས་གཟན་ཆས་སྟེར་བཞིན་ཡོད།

“ད་ལོའི་ཡོང་འབབ་སྔོན་ལོ་ལས་བརྒྱ་ཆའི་སུམ་ཅུ་ཙམ་འཕར་ཡོད།” ཚེ་རིང་གིས་དགའ་སྤྲོའི་ངང་གསར་འགོད་པར་བཤད་རྒྱུར། ད་ལོའི་ལུག་གི་རིན་གོང་དེ་འདྲ་བཟང་རྒྱུ་མེད་པས་ཡོང་འབབ་མི་བཟང་སྙམ་གྱིན་ཡོད་མོད། འོན་ཀྱང་ཡུལ་ཚོའི་བོད་ལུག་ཚོགས་པ་སྐྱེད་སྲིང་བྱས་པ་བརྒྱུད། ད་ལོའི་ལོ་སྟོད་དུ་ཁོའི་ཡོང་འབབ་སྒོར་འབུམ་གཉིས་དང་ཁྲི་བཞི་ཙམ་ཡོད་ཟེར།

ཐོན་ལས་དར་རྒྱས་ཡོང་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་རྨང་གཞི་ཡིན། ཉེ་བའི་ལོ་འགའི་རིང་ལ། ཝ་འཇོག་ཡུལ་ཚོས་མཚོ་སྐོར་མཐོ་སྒང་རྣམ་པའི་བོད་ལུག་སྐྱེད་སྲིང་བྱ་རྒྱུ་གཙོ་བོར་བྱེད་པའི་ཕྱུགས་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ཕྱུགས་ལས་ཀྱི་གཞི་རྩ་ཇེ་བརྟན་དུ་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱུང་ཡོད།

ཝ་འཇོག་ཡུལ་ཚོའི་དྲག་ཆས་པུའུ་ཡི་པུའུ་ཀྲང་བཱང་ཆུས་ཀྱིས་བཤད་རྒྱུར། “ད་ལོའི་ཟླ་དང་པོ་ནས་བཞི་པའི་བར། ལུ་གུ་དགུ་བརྒྱ་ཉི་ཤུ་མཐུན་སྦྱོར་ངང་ཉོ་སྒྲུབ་བྱས་ལ། རེ་རེའི་རིན་གོང་སྒོར740ནས1100བར་ཡིན་པ་དང་། བྲིན་ཚོང་ཡོང་འབབ་སྒོར་འབུམ་བདུན་དང་ཁྲི་དྲུག་ཟིན་ནས་ཕྱུགས་ལས་ཐོན་སྐྱེད་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད” ཟེར།

བོད་ལུག་ནི་མདོ་དབུས་མཐོ་སྒང་གི་ཁྱད་སྟོབས་ལྡན་པའི་ཕྱུགས་ཀྱི་གྲས་ཤིག་ཡིན་ལ། ཤ་དང་བལ། པགས་པ་བཅས་མཉམ་དུ་སྤྱོད་པའི་མཐོ་སྒང་རྣམ་པའི་ལུག་གི་གྲས་ཤིག་ཀྱང་ཡིན་པས། མཐོ་སྒང་གི་རང་བྱུང་གནམ་གཤིས་ཀྱི་ཆ་རྐྱེན་དང་འཚམ་མཐུན་རང་བཞིན་བཟང་པོ་ཡོད། བོད་ལུག་ཐོན་ལས་དེ་མཚོ་བྱང་གི་ཐོན་ལས་གཙོ་བོ་དང་དམངས་ཚིས་ཐོན་ལས་སུ་རིམ་བཞིན་གྱུར་ནས། ཁྱད་སྟོབས་མངོན་གསལ་ལྡན་ལ་འཕེལ་རྒྱས་ཀྱི་སྦས་ཤུགས་ཀྱང་ཆེན་པོ་ལྡན།

ཁྲོམ་རའི་རྒྱུ་རྐྱེན་ཕུད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྐོར་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། མཚོ་སྔོན་པོའི་ཆུ་གནས་མཐོ་རུ་ཕྱིན་ཡོད་ལ། མཚོ་སྔོན་པོའི་འགྲམ་གྱི་ཝ་འཇོག་ཡུལ་ཚོ་ན་གཞོང་ས་ཁུལ་དང་བར་ཐག་མི་རིང་བས་འབྲོག་པ་མི་ཉུང་བ་ཞིག་གི་རྩྭ་ས་ཆུས་བསྣུབས་སོང་། འབྲོག་པའི་ཡོང་འབབ་ཇེ་ཉུང་དུ་མི་འགྲོ་ཆེད། ཝ་འཇོག་ཡུལ་ཚོས་བོད་ལུག་དཀར་པོའི་ཐོན་ལས་ལ་དམིགས་ནས། མངགས་ཐོའི་རྣམ་པའི་ཐོག་ནས་ལུ་གུ་བཙོངས་ཏེ་འབྲོག་པའི་ཡོང་འབབ་ཇེ་མང་དུ་བཏང་།

ཆུ་ཁོལ་སྡེ་བ་དང་མདའ་བཞི་སྡེ་བ་གཉིས་བོད་ལུག་གསོ་སྤེལ་གྱི་ཚོད་ལྟའི་ས་ཚིགས་སུ་གཏན་འཁེལ་བྱས་པ་དང་། སྡེ་བའི་ཁྱིམ་ཚང་སོ་གསུམ་ལ་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། བོད་ལུག་ལྟེ་བའི་ཚོགས་པ་བཙུགས་པ་རེད། བཱང་ཆུས་ཀྱིས་གསར་འགོད་པར་བཤད་རྒྱུར། “ཁྱིམ་ཚང་སོ་གསུམ་པོ་དེ་ནི་ང་ཚོས་གསོ་སྤེལ་ཁྱིམ་ཆེན་དང་། ཞིང་བའི་ཁྱིམ་ཚང་། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་དང་དེ་མིན་གསོ་སྤེལ་ཉམས་མྱོང་ཕུན་སུམ་ཚོགས་པའི་མང་ཚོགས་སྔོན་ལ་བདམས་ཡོད།” ཁྱིམ་ཚང་གཏན་འཁེལ་བྱས་རྗེས། ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ལས་བྱེད་མི་སྣས་རིན་པ་མི་དགོས་པར་མང་ཚོགས་ལ་བོད་ལུག་གསལ་འབྱེད་བྱས་པ་དང་། མིག་སྔར་བོད་ལུག་སྟོང་བརྒྱད་དང་བརྒྱད་བརྒྱ་ཞེ་གཅིག་གསལ་འབྱེད་བྱས་ཡོད།

“མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡུལ་ཚོ་རུ་ཡོང་ནས་ང་ཚོར་སློབ་ཁྲིད་བྱས་ལ། ང་ཚོར་སྔོ་རྩྭ་ག་ཚོད་དང་གཟན་ཆས་ག་ཚོད་སྟེར་ཚད་ཁྲིད། ང་ཚོས་ཁོང་གིས་བཤད་པའི་བྱེད་སྟངས་ལྟར་གསོ་སྤེལ་བྱས་པས་ལུ་གུ་སྐྱེས་འཚར་ཧ་ཅང་བཟང་།” ཚེ་རིང་གིས་ལུ་གུར་རྩྭ་སྟེར་ཞོར་བཤད་རྒྱུར། “ལུ་གུ་གསོ་ཁ་ནས་འབུད་སྐབས་ཡུལ་ཚོས་ཉོ་སྒྲུབ་བྱེད་མཁན་གྱི་འབྲེལ་གཏུག་བྱེད་སྟངས་འདོན་སྤྲོད་བྱེད་ཀྱིན་ཡོད་པས། མངགས་ཐོ་ལྟར་ཕྱིར་ཚོང་བྱེད་པར་བཙོང་མ་ཐུབ་པའི་སེམས་ཁྲལ་མེད”ཅེས་བཤད།

གསོ་སྤེལ་ཁྱིམ་ཚང་གིས་ཁྱུ་བགོས་ནས་གསོ་སྤེལ་བྱེད་པ་དང་། རྩྭ་ས་བགོས་ནས་ཕྱུགས་རེས་མོས་ཀྱིས་འཚོ་རེས་བྱེད་པ་སོགས་སྒྲིག་ཆས་ཅན་གྱི་བྱ་ཐབས་སྤྱད་ནས་གསོ་སྤེལ་བྱེད་བཞིན་ཡོད་པ་དང་། ལུ་གུ་གསོ་ཁ་ནས་འབུད་པའི་དུས་ཚོད་ཇེ་ཐུང་དུ་བཏང་ལ། འབྲོག་པའི་འགྲོ་གྲོན་ཇེ་ཉུང་དུ་བཏང་བ་དང་རྩྭ་ཐང་གི་ཁུར་པོ་ཇེ་ཡང་དུ་བཏང་པས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།

ལུག་གི་གསོན་ཚད་མཐོ་རུ་གཏོང་ཆེད། ཕྱུགས་སྨན་ས་ཚིགས་ཀྱི་ལས་བྱེད་མི་སྣ་ག་དུས་བོས་ཀྱང་མྱུར་དུ་ཐོན་པ་དང་། ལུག་ཁྱུའི་གསལ་འབྱེད་ནས་ཕྱིར་ཚོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཟབ་ཞུགས་བྱས་ཡོད། ཝ་འཇོག་ཡུལ་ཚོས་ཧེ་ཡན་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་ལས་ཁུངས་དང་གྲོང་གསེབ་དར་སྤེལ་ཅུའུ་ནས་མ་དངུལ་སྒོར་ས་ཡ་བདུན་དང་འབུམ་གསུམ་ཁྲི་བཞི་དང་སྟོང་དྲུག་སུམ་བརྒྱ་བརྩོན་ལེན་བྱས་ཏེ། ཆུ་ཁོལ་སྡེ་བ་དང་མདའ་བཞི་སྡེ་བའི་ཕྱུགས་སྤྱིལ་ཁང་སྒྱུར་བཀོད་བྱ་རྒྱུར་སྤྱད་པ་མ་ཟད། ད་དུང་ཁྲོམ665གཏོང་འདྲེན་བྱས་ནས་ལུག་རྒྱུད་སྤེལ་བ་རེད།

“ང་ཚོས་གཟན་ཆས་སྤྱི་རྒྱ་གཅིག་ཉོས་ན་ཁ་གསབ་སྒོར་ཟུར་བརྒྱད་སྟེར་བ་དང་། ད་ལོ་ང་ལ་སྒོར་ཁྲི་གཅིག་ལྷག་གྲོན་ཆུང་བྱེད་དུ་བཅུག” ཁ་གསབ་ཡོད་རྗེས་ཚེ་རིང་གིས་དུས་རྒྱུན་ཁྱིམ་མཚེས་རྫོང་དུ་སོང་ནས་གཟན་རྩྭ་ཉོ་བཞིན་ཡོད། གཟིགས་སྐྱོང་སྲིད་ཇུས་དངོས་གནས་དོན་འཁྱོལ་ལེགས་པོ་བྱས་པ་དེས་གསོ་སྤེལ་ཁྱིམ་ཚང་ལ་སེམས་ཁྲལ་མེད་པར་གྱུར་བ་དང་། ཕྱུག་འགྱུར་བྱས་ནས་ཡོང་འབབ་འཕར་སྣོན་བྱེད་པར་ཡིད་ཆེས་སྔར་ལས་ཆེ་རུ་ཕྱིན་ཡོད།

ཝ་འཇོག་ཡུལ་ཚོས《ཝ་འཇོག་མཚོ་སྐོར་བོད་ལུག་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་བྱེད་པའི་མཛུབ་ཁྲིད་ཞབས་ཞུའི་ལམ་སྲོལ》གཏན་འབེབས་བྱས་པ་དང་། གྲོང་རྡལ་དེའི་ལས་བྱེད་པ་མི་རེའི་བོད་ལུག་གསོ་སྤེལ་ཁྱིམ་ཚང་དང་འབྲེལ་བ་བྱས་ནས། དུས་བཅད་ལྟར་ཞབས་ཞུའི་ལས་དོན་སྤེལ་ཏེ་གསོ་སྤེལ་ཁྱིམ་ཚང་ལ་དཀའ་ངལ་སེལ་རོགས་བྱས།

བཱང་ཆུས་གསོ་སྤེལ་ཁྱིམ་ཚང་ལ་ཞབས་ཞུ་སྒྲུབ་ཏུ་འགྲོ་སྐབས། གསོ་སྤེལ་ཁྱིམ་ཚང་གིས་ཁ་བ་བབས་རྗེས་གཟན་རྩྭ་ཉོ་མི་ཐུབ་པའི་གནས་ཚུལ་ཤེས་ནས། བཱང་ཆུས་ཀྱིས་ཡུལ་ཚོའི་ལས་བྱེད་པ་དང་མཉམ་དུ་རྫོང་ནས་གཟན་རྩྭ་ཏུན20ལ་མཐུན་སྦྱོར་བྱས་ཏེ་བླངས་པ་དང་། གསོ་སྤེལ་ཁྱིམ་ཚང་གི་ཁ་ཚ་དགོས་གཏུག་གི་གནད་དོན་ཐག་གཅོད་བྱས།

ལོ་སྨད་དུ། ཝ་འཇོག་ཡུལ་ཚོས་ཆུ་ཁོལ་སྡེ་བ་དང་མདའ་བཞི་སྡེ་བ་གཉིས་ལྟེ་བར་བྱས་པའི་མཚོ་སྐོར་རྣམ་པའི་བོད་ལུག་གསོ་སྤེལ་རྟེན་གཞི་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ་ཡིན་པ་མ་ཟད། དེ་སྔོན་གྱི་གསོ་སྤེལ་ཁྱིམ་ཚང་གཙོ་བོ་དག་ནས་མ་འོངས་པར་ཁྱིམ་ཚང་བརྒྱ་བར་རྒྱ་བསྐྱེད་བཏང་སྟེ། ཐོན་ལས་གཅིག་བསྡུས་ཕན་འབྲས་ཅན་དང་སྤུས་ཚད་མཐོ་བ། ཕན་འབྲས་ཆེ་བ་བཅས་ཀྱི་ཁྱད་ལྡན་མཚོ་སྐོར་བོད་ལུག་ས་ཁམས་མཚོན་རྟགས་ཤིག་བསྐྲུན་ནས། འབྲོག་པར་ཐོན་སྐྱེད་འཕེལ་རྒྱས་དང་འཚོ་བ་ཕྱུག་པོ། སྐྱེ་ཁམས་ལེགས་པ། ཚན་རིག་དང་མཐུན་པའི་ཕྱུག་འགྱུར་ལམ་བུ་ཞིག་གཏོད་པར་ཁྲིད་སྟོན་བྱ་རྒྱུ་རེད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།