ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་དགོས།
2022.04.29 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 17

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་བསྐྱར་དར་ཡོང་བར་གྲོང་གསེབ་ངེས་པར་དུ་དར་སྤེལ་གཏོང་དགོས།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་གསུམ་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ།  ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་དང་། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཕྱོགས་སུ་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་སྟེ། རྒྱ་ཆེའི་ཞིང་པ་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་དགོས་ཞེས་བསྟན།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཞིང་གསུམ་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ།  མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་སྔ་ན་མེད་པ་དང་། ཤུགས་ཚད་ཆེ་བ། ཕན་འབྲས་ཐོབ་མཁན་མང་བ་བཅས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་རྩ་འཛུགས་ལག་བསྟར་བྱས་པ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་འགོ་བརྩམས་ཏེ།  ཞིང་ལས་དང་ཞིང་སྡེ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བར་སྐུལ་འདེད་བཏང་ཡོད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་བརྟན་བརླིང་ངང་ཆེ་རུ་ཕྱིན་པ་དང་། འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་ཤུགས་རྒྱ་མ་དུང་ཕྱུར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་གསུམ་གྱི་རིམ་པའི་ཐོག་བསྟུད་མར་བརྟན་འཇགས་ངང་གནས་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ།  རྒྱལ་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ལྡབ་གཅིག་ལྷག་འཕར་བ། གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ་བཅས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཡོད།

ཧྲན་ཏུང་ཞིང་ཆེན་ཅ་ཞང་རྫོང་གི་ཚད་གཞི་མཐོ་བའི་ཞིང་ནང་དུ་འབྲུ་འདེབས་ཞིང་བ་དབྱང་ཁྲིན་ཏུང་གིས་ཆུ་གཏོར་སྒྲིག་ཆས་ཀྱི་གཅུས་སྒོ་མནན་མ་ཐག་སྒྲིག་ཆས་རང་འགུལ་ངང་འཁོར་སྐྱོད་བྱས་ནས་ལོ་ཏོག་ལ་ཆུ་གཏོར་གྱི་ཡོད། ཁོས་ཚན་རྩལ་གྱི་གཞོགས་འདེགས་ཡོད་པས་ས་ཞིང་འདེབས་སླ་རུ་ཕྱིན་པ་དང་ཕན་འབྲས་ཀྱང་ཇེ་ལེགས་སུ་ཕྱིན་ཏེ། ས་ཞིང་མུའུ་རེར་ལོ་རེར་མ་དངུལ་གྲོན་ཆུང་བྱས་ནས་ཡོང་འབབ་སྒོར300ཡོད་ཅེས་དེ་ལྟར་བཤད།

ཨན་ཧུའེ་ཞིང་ཆེན་མིན་ཁྲིན་རྫོང་ལིས་པ་གྲོང་རྡལ་སུང་ཞུས་སྡེ་བའི་སྡེ་མི་སུང་ཞའོ་ལིས་ཀྱིས་རང་ཉིད་ཕྱིར་འགྲོ་མི་དགོས་པར་དྲ་ཐོག་ནས་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་སྒྲུབ་ཐུབ་པ་བྱུང་བས། གྲངས་འཛིན་གྲོང་གསེབ་དངོས་གནས་བཟང་ཞེས་དེ་ལྟར་བཤད།  མིན་ཁྲིན་རྫོང་གི་སྲིད་དོན་ཞབས་ཞུའི་དོན་ཚན་ཁྲི་གཉིས་སྟོང་གསུམ་ལྷག་དྲ་ཐོག་ནས་བསྒྲུབས་ཏེ་ཞིང་པར་དོན་ཆུང་སྡེ་བ་ནས་སྒྲུབ་ཐུབ་པ་དང་དཀའ་གནད་ལ་འཕྲད་ཚེ་རོགས་རམ་བྱེད་མཁན་ཡོད་པ་རེད།

ཀྲུང་ཧྭའི་ས་གཞི་ཆེ་མོར་ཐོན་ལས་དར་ཞིང་གྲོང་གསེབ་མཛེས་པ་དང་ཞིང་པ་ཕྱུག་འགྱུར་གྱི་བརྗིད་ཆེའི་དཔེ་རིས་མང་པོ་ཞིག་རྒྱུན་མི་ཆད་པར་མངོན་བཞིན་ཡོད།

ཚན་རྩལ་གྱི་སྒུལ་ནུས་ཆེ་བ་དང་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་སོང་ནས་ཞིང་ལས་དེ་མདུན་ལྗོངས་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཏུ་གྱུར་ཡོད།

དེང་རབས་ཀྱི་ཞིང་ལས་ནི་ཕན་འབྲས་ཆེ་བའི་ཞིང་ལས་ཤིག་ཡིན་ངེས་པས། ཆུ་འབྲས་འདེབས་པར་སྔར་བཞིན་མདུན་ལྗོངས་ཆེན་པོ་ཡོད། ལོ5ཡི་སྔོན་ལ་ཅང་ཞིས་ཞིང་ཆེན་ཀའོ་ཨན་གྲོང་ཁྱེར་ཧྲི་ནའོ་གྲོང་རྡལ་གྱི་ཕ་ཡུལ་དུ་ཕྱིར་ལོག་པའི་ན་གཞོན་ཏེན་ཏན་ལིན་གྱིས་ཆེད་ལས་མཉམ་ལས་ཁང་གཉེར་བ་དང་ཀུང་སི་བཙུགས་ནས་ལོ་ཁ་ཤས་རིང་འཕེལ་རྒྱས་བཏང་བ་བརྒྱུད། ས་ཞིང་མུའུ་ཁྲི་གཅིག་གི་ཆུ་འབྲས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་དུ་མངོན་འགྱུར་བྱུང་བ་དང་།  ཆུ་འབྲས་དང་སྔོ་ཚོད་རེས་མོས་ཀྱིས་འདེབས་པ་སོགས་བྱས་པས་ཕན་འབྲས་རྒྱུན་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།

ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ལས་ཡུལ་མི་སྔར་ལས་མང་བར་ཐོན་འབབ་ཡག་པོ་བྱུང་ཡོད།  ས་ཞིང་ཁོད་སྙོམས་བྱེད་པར་བྱང་སྐར་ཕྱོགས་སྟོན་སྤྱོད་པ་དང་ཞིང་སྨན་གཏོར་བར་མི་མེད་གནམ་གྲུ་སྤྱོད་བཞིན་ཡོད། མིག་སྔར་རང་རྒྱལ་གྱི་ཞིང་ལས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་དེ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད72%ཟིན་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད61%ལས་བརྒལ་ནས། ཞིང་ལས་ཐོན་སྐྱེད་ལ་མཛད་མཐའ་མེད་པའི་སྒུལ་ཤུགས་བསྩལ་ཡོད། གྲོང་གསེབ་ཀྱི་ཐོན་ལས་སྦྲེལ་ཐག་གཏིང་ཟབ་ཕྱོགས་སུ་སྣུར་སྲིང་བྱས་པ་དང་ནུས་པ་རྒྱ་ཆེར་སོང་ཞིང་།  ན་ནིང་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཐོན་སྐྱེད་རིན་ཐང་དང་ཞིང་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་གྲངས་ཆེས་ཆེར་ཇེ་མཐོར་སོང་ནས། རྒྱལ་ཡོངས་སུ་ཕ་ཡུལ་དུ་ལོག་ནས་གསར་གཏོད་ལས་བསྐྲུན་བྱེད་མཁན་བྱེ་བ་གཅིག་ས་ཡ་གཅིག་འབུམ་གཉིས་ཟིན་ཡོད་པ་རེད།

རྨང་གཞིའི་སྒྲིག་བཀོད་སྟོབས་ཆེར་ཕྱིན་པ་དང་སྤྱི་པའི་ཞབས་ཞུ་ཇེ་ལེགས་སུ་སོང་ནས་གྲོང་གསེབ་འདི་ཉིད་ཞིང་པ་རྣམས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་སའི་མཛེས་སྡུག་གི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།

ཀོང་ཏུང་ཞིང་ཆེན་ཁྲའོ་ཀྲིག་གྲོང་ཁྱེར་ཁྲའོ་ཨན་ཆུས་ཀུའེ་ཧུའུ་གྲོང་རྡལ་ཧྲི་ཧྥུན་སྡེ་བའི་ཞིང་རའི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་འཕྲོག་བཞིན་ཡོད།  ལོ་འདི་འགར་སྡེ་བའི་ནང་ཨར་འདམ་གྱི་ལམ་བཏིང་བ་དང་། སྡོད་ཁང་མཛེས་པ། སྡེ་བ་ལྗང་འགྱུར།  དྭངས་གཙང་གི་ཆུ་སོགས་ཀྱིས་ཡུལ་མི་ཚོར་བདེ་སྐྱིད་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད་ཅེས་ཧྲི་ཧྥུན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཐུང་ཝུའེ་ཡིས་སྤོབས་པ་ཆེན་པོས་དེ་ལྟར་བཤད།

ཁྱིམ་གྱི་སྒོ་འགྲམ་དུ་ནད་ལྟ་ཐུབ་པས་དངོས་གནས་ཧ་ཅང་སྟབས་བདེ་ཞེས་ཧྲའན་ཞིས་ཞིང་ཆེན་ཉིན་ཆང་རྫོང་ཡན་ཙི་པེན་གྲོང་རྡལ་ཏའོ་བན་སྡེ་བའི་སྡེ་མི་སུང་ཞིན་ཧྥ་ཡིས་སྡེ་བའི་འཕྲོད་བསྟེན་ཁང་གིས་རྫོང་སྨན་ཁང་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས།  ཆེད་མཁས་སྨན་པ་ཕན་ཚུན་འབྲེལ་མཐུད་དང་མཉམ་སྤྱོད་བྱེད་ཀྱི་ཡོད་པས་ཡུལ་མི་ཚོས་ནད་ལ་ལྟ་བར་སེམས་ཁྲལ་བྱེད་མི་དགོས་ཞེས་དེ་ལྟར་བཤད།

སྡོད་མལ་དང་ལས་གཉེར་ལ་འཚམ་པའི་སྡེ་བ་ཚང་མ་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་སྡེ་བ100%ལ་ཨར་འདམ་གྱི་ལམ་བཏིང་ཡོད་པ་དང་རང་འབབ་ཆུ་འཐེན་ཚད84%ཟིན་ཡོད། སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་ཞིང་སྡེར་རྒྱུན་ཆད་མེད་པར་སྣུར་སྲིང་དང་རྒྱ་སྐྱེད་བཏང་བ་དང་།  སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱུན་ཆད་མེད་པར་གཞི་རིམ་ལ་ཕྱོགས་པ།  འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད་པ་རེད།

ཡོང་འབབ་མང་ལ་རིག་གནས་ཕུན་སུམ་ཚོགས་པས་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་འཚོ་བ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ཡོད།

ཀྲེ་ཅང་ཞིང་ཆེན་ཧྲའོ་ཞིན་གྲོང་ཁྱེར་ཁོ་ཆའོ་ཆུས་ཐང་ཏི་སྡེ་བ་ནི་མེ་ཏོག་གི་ཞིང་ཁམས་ལྟ་བུ་ཞིག་རེད།  སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིའུ་ཅན་མེན་གྱིས་ཀུང་སི་དང་མཉམ་ལས་ཁང་།  རྟེན་གཞི།  ཞིང་བ་ཁྱིམ་ཚང་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་བརྒྱུད།  ང་ཚོའི་སྡེ་བ་འདི་རིག་གནས་རྒྱུན་འཛིན་དང་མེ་ཏོག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་ནུས་ལྡན་བྱེད་པའི་ལམ་བུར་བསྐྱོད་ཐུབ་པ་བྱུང་ནས།  ན་ནིང་སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་འབུམ་གཅིག་ཁྲི་གཅིག་ལ་བསླེབས་ཡོད་ཅེས་ངོ་སྤྲོད་བྱས་ཤིང་།   སྡེ་མི་ཆན་ཡིའུ་ཧྥུའུ་ཡིས་ཡོང་འབབ་ལོ་རེ་བཞིན་ཇེ་མང་དུ་སོང་ནས་འཚོ་བ་སྔར་ལས་ཇེ་བཟང་ཇེ་སྐྱིད་རེད་ཅེས་དེ་ལྟར་བཤད་བྱུང་།

ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་བཏང་བས། དམངས་ཕྱུག་ཐོན་ལས་ཚང་མ་འཕེལ་རྒྱས་བྱུང་ནས་ཡུལ་མི་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་གྱུར་ཡོད།  གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་དེ2012ལོའི་སྒོར་སྟོང་བདུན་དང་དགུ་བརྒྱ་ལྷག་ནས2021ལོའི་སྒོར་ཁྲི་གཅིག་དང་སྟོང་བརྒྱད་དགུ་བརྒྱ་ལྷག་ཏུ་འཕར་སྣོན་བྱུང་ཡོད།  མིག་སྔར་རྒྱལ་ཡོངས་ཀྱི95%ཡན་གྱི་སྡེ་བར་གཙང་སྦྲའི་བྱ་སྤྱོད་སྤེལ་བ་དང་། རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་གཅིག་མཐུན་ཚོགས་པ4000ལྷག་བཙུགས་པས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡུལ་མི་ཚོའི་རེ་སྨོན་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་ཡོད།

ཞིང་བ་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་འགྲོ་དགོས་ན་ཡོང་འབབ་སྔར་ལས་མང་པོ་ཡོད་དགོས་ལ་བསམ་བློའི་ཆུ་ཚད་ཀྱང་མཐོན་པོ་ཡོད་དགོས། ནང་སོག་རང་སྐྱོང་ལྗོངས་ཧང་ཅིན་ཆི་ཅིས་རི་ཀཱ་ལང་ཐུའུ་གྲོང་རྡལ་ཀོང་ཆན་སྡེ་བའི་སྡེ་མི་ལིའུ་ཅིན་ཆིས་ཚང་གི་སྒོ་ཁར  “སྐར་བཅུ་རིམ་པའི་དཔལ་ཡོན་ཁྱིམ་ཚང” གི་བསྟོད་བྱང་བཀལ་ཡོད།    སྐར་བཅུ་རིམ་པའི་དཔལ་ཡོན་ཁྱིམ་ཚང་དང་། སྒྱུག་མོ་དང་མནའ་མ་བཟང་པོ་སོགས་དཔྱད་འདེམས་བྱས་པ་བརྒྱུད། ཡུལ་མི་སྔར་བས་མང་པོར་ཁོར་ཡུག་ལེགས་བཅོས་དང་། རྒན་བཀུར་གཉེན་བྱམས། ཕན་ཚུན་འཆམ་མཐུན་མཉམ་གནས་བཅས་བྱེད་པའི་གོམས་གཤིས་བཟང་པོ་ཆགས་ཡོད”ཅེས་ཧང་ཅིན་ཆིའི་གྲོང་གསེབ་དར་སྤེལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུང་ལེང་གིས་དེ་ལྟར་བཤད།

གང་སར་ཡ་རབས་ཀྱི་གོམས་སྲོལ་ཆགས་ནས་མིག་སྔར་རྒྱལ་ཡོངས་སུ་སྡོམ་པས་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་འབུམ་ལྔ་ཁྲི་བདུན་ལྷག་བཙུགས་པ་དང་། སྲིད་འཛིན་སྡེ་བ་ཚང་མར་ཞིང་ཁྱིམ་དཔེ་ཀློག་ཁང་དང་། གློག་རྡུལ་དཔེ་ཀློག་ཁང་། རིག་གནས་བྱེད་སྒོ་ཁང་བཅས་བསྐྲུན་ནས། གྲོང་གསེབ་ཀྱི་དཔལ་ཡོན་ལ་རྣམ་པ་གསར་པ་རྒྱུན་ཆད་མེད་པར་མངོན་གྱི་ཡོད།

གྲོང་གསེབ་དར་སྤེལ་གཏོང་བའི་འགག་རྩ་ནི་མི་དང་ལས་སྒྲུབ་ལ་ཐུག་ཡོད། ཞིང་པ་དུང་ཕྱུར་མང་པོ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་པར་ཞུགས་ཏེ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་གོམ་སྟབས་ཆེན་པོས་སྔར་ལས་མཛེས་སྡུག་གི་འཚོ་བ་གསར་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།