ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས《ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་ཞུས་ཏེ། རྒྱལ་སྟོབས་འཕེལ་བ་དང་བསྐྱར་དར་ཡོང་བར་ང་ཡིས་འབད་ཅེས་པའི་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཏེ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཁག་ཏུ་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཡོངས་ཁྱབ་ཏུ་རྩ་འཛུགས་བྱས་ནས་སྤེལ་རྒྱུའི་ཐད་བཀོད་སྒྲིག་བྱས་པ་རེད།
《བརྡ་ཐོའི》ནང་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་ཏུ་བྱས་ཏེ།ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོབ་གཉིས” སྒྲུབ་ཐུབ་པར་བྱེད་པ། ཏང་འཛུགས་སྐྲུན་གྱི་རླབས་ཆེན་སྙིང་སྟོབས་དར་སྤེལ་བྱེད་པ། རྒྱལ་སྟོབས་འཕེལ་བ་དང་བསྐྱར་དར་ཡོང་བར་ང་ཡིས་འབད་ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཡོངས་ཁྱབ་ཏུ་རྩ་འཛུགས་བྱས་ནས་སྤེལ་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དྲིལ་བསྒྲགས་ལེགས་པོ་བྱེད་པ། སྔར་ལས་ལྷག་པའི་སྙིང་སྟོབས་ཆེར་སྐྱེད་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པར་སྐུལ་མ་གཏོང་བ་དང་སྐུལ་སློང་བྱས་ནས། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་ཞུམ་མེད་མདུན་སྐྱོད་བྱས་ཏེ་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་དགོས།
《བརྡ་ཐོའི》ནང་བསྟན་དོན། མང་ཚོགས་རང་བཞིན་གྱི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྣ་ཚོགས་ཡོངས་ཁྱབ་ཏུ་རྩ་འཛུགས་བྱས་ནས་སྤེལ་དགོས། གཅིག་ནས་སློབ་སྦྱོང་དང་ཉམས་ལེན་གྱི་བྱེད་སྒོ་སྤེལ་དགོས་སྟེ། དུས་རབས་གསར་པའི་རླབས་ཆེན་གྱི་ལག་ལེན་དང་རླབས་ཆེན་གྱི་གྲུབ་འབྲས་མཚོན་པའི་བརྗོད་དོན་གཙོ་བོའི་སློབ་སྦྱོང་ཉམས་ལེན་གྱི་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་ནས་བཏོན་པ་དང་། གཞི་རིམ་གྱི་དོན་དངོས་དང་ཉེ་བཅར་གྱི་སློབ་སྦྱོང་ཉམས་ལེན་བྱེད་སྒོ་རྩ་འཛུགས་བྱས་ནས་སྤེལ་བ། མི་རྣམས་ཀྱིས་ངལ་གསོའི་ཉིན་མོར་སྤྲོ་གསེང་དང་ལྟ་སྐོར་སློབ་སྦྱོང་བྱེད་སྐབས་དུས་རབས་གསར་པའི་འཕེལ་རྒྱས་དང་འགྱུར་ལྡོག་ཚོར་རྒྱུར་ཁྲིད་སྟོན་བྱེད་དགོས། གཉིས་ནས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་སྤེལ་དགོས་སྟེ། བསམ་བློ་ཆབ་སྲིད་ཀྱི་ཡོངས་བསྒྲགས་སློབ་ཚན་དང་། བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་ཚོགས་འདུ། དུས་བབ་སྙན་ཞུའི་ཚོགས་འདུ་སོགས་འཚོག་པ་དང་། ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་ཐེངས་བརྒྱ་རྒྱུན་མཐུད་ངང་གཉེར་བ། མང་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་ཡོངས་ཁྱབ་ཏུ་རྩ་འཛུགས་བྱས་ནས་སྤེལ་ཏེ། དུས་རབས་གསར་པའི་རླབས་ཆེན་གྱི་གྲུབ་འབྲས་གང་ལེགས་སྒོས་བརྗོད་པ་དང་། མིག་སྔའི་གནས་བབ་དང་ལས་འགན་གསལ་པོར་བརྗོད་པ། འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་གསལ་པོར་བརྗོད་དགོས། གསུམ་ནས་སྔོན་ཐོན་དཔེ་བཟང་ལ་སློབ་སྦྱོང་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོས་སྟེ། ཁྱབ་ཁོངས་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བའི་དཔེ་བཟང་འདེམས་འཛུགས་འོས་སྦྱོར་གང་ལེགས་བྱས་ནས། དུས་རབས་ཀྱི་མིག་དཔེ་དང་མི་སྣ་ཡག་ཤོས་སོགས་སྔོན་ཐོན་དཔེ་མཚོན་ཁག་གཅིག་བཏོན་ཏེ། འབད་འཐབ་ཀྱི་དུས་ལ་བབ་པ་དང་། འབད་འཐབ་བྱས་ནས་ཕུགས་འདུན་མངོན་འགྱུར་བྱེད་པའི་བསམ་བློའི་འདུ་ཤེས་མི་སེམས་ལ་ཟུག་པར་བྱེད་དགོས། བཞི་ནས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་སློབ་གསོའི་བྱེད་སྒོ་སྤེལ་དགོས་སྟེ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དེ་འབྱུང་རྩར་བྱེད་པའི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་པའི་རྒྱུད་རབས་དྲིལ་བསྒྲགས་དང་རྒྱས་བཤད་གཏིང་ཟབ་བྱེད་པ་དང་། རིམ་པ་སོ་སོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིའི་སྤུས་ཚད་ལེགས་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ། གསར་བརྗེའི་རྗེས་ཤུལ་དང་། གསར་བརྗེའི་རིག་དངོས། དྲན་གསོའི་སྒྲིག་བཀོད་སོགས་གསར་བརྗེའི་ཐོན་ཁུངས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་གསར་བརྗེའི་ས་བོན་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་བྱེད་པར་སྐུལ་མ་གཏོང་དགོས། ལྔ་ནས་ན་གཞོན་ལོ་ཆུང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་དགོས་སྟེ། ན་གཞོན་ལོ་ཆུང་གི་ཁྱད་ཆོས་དང་གོམས་གཤིས་ཡང་དག་པས་ཁོང་དུ་ཆུད་པ་དང་ན་གཞོན་ལོ་ཆུང་གི་དགོས་མཁོ་དང་ཉེ་བཅར་བྱས་ནས“ལོ་རྒྱུས་བཞི”དང་ལྷག་པར་དུ་ཏང་གི་ལོ་རྒྱུས་དེ་བསམ་བློ་ཀུན་སྤྱོད་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩི་བ་དང་རྒྱུན་ལྡན་གྱི་སློབ་གསོ་སློབ་ཁྲིད་དང་སློབ་གྲྭའི་རིག་གནས་བྱེད་སྒོའི་ནང་བཅུག་སྟེ། ན་གཞོན་ལོ་ཆུང་གིས་ལོ་རྒྱུས་སྦྱངས་ནས་ཏང་ལ་དགའ་ཞེན་དང་ལོ་རྒྱུས་སྦྱངས་ནས་རྒྱལ་ཁབ་ལ་དགའ་ཞེན་བྱེད་པར་ཁྲིད་སྟོན་བྱེད་དགོས། དྲུག་ནས་དྲ་ཐོག་གི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་དགོས་སྟེ། རྒྱལ་སྟོབས་འཕེལ་བ་དང་བསྐྱར་དར་ཡོང་བར་ང་ཡིས་འབད་ཅེས་པའི་ཆེད་དོན་དྲ་ངོས་བཟོས་ཏེ་དྲ་ཐོག་ནས་སྒྲོག་འགྲེལ་དང་། བརྙན་ལམ་ནས་སྟོན་པ། བཅར་འདྲི་སྤེལ་རེས། མི་སྣའི་འཕྲིན་སྤེལ་སོགས་འགོད་དགོས། གྲོས་གཞི་དང་བརྗོད་གཞི་རང་འགུལ་ངང་བཀོད་སྒྲིག་བྱེད་པ་དང་། སྐད་ཆ་བཤད་སྟངས་གསར་གཏོད་བྱེད་པ། ནང་དོན་ཟབ་ལ་མང་ཚོགས་དང་འབྲེལ་འདྲིས་ཐུབ་པའི་སྨྱན་བྱད་གསར་པའི་ཐོན་རྫས་ཁག་གཅིག་བཏོན་ནས་དུས་རབས་གསར་པའི་འཛུགས་སྐྲུན་གྲུབ་འབྲས་དང་དུས་རབས་གསར་པའི་མི་སྣའི་ཉམས་འགྱུར་མངོན་པར་བྱེད་དགོས། བདུན་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་དགོས་སྟེ། གཞི་རིམ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་སྙན་ངག་གྱེར་འདོན་དང་། ཡིག་གཟུགས་དང་རི་མོ། གཏམ་བཤད་རྩོམ་བསྡུ། ཤེས་བྱ་འགྲན་བསྡུར། པར་རིས་འགྲེམས་སྟོན་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་བྱེད་སྒོ་རྩ་འཛུགས་བྱས་ནས་ཁྱིམ་ཚང་ཁྲིར་རིག་གནས་ཁྱབ་གདལ་དང་། ཐང་ཆེན་ཞབས་བྲོ་འགྲེམས་འཁྲབ། གློག་སྒྲོན་ངོམ་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། བརྗོད་དོན་གཙོ་བོའི་གློག་བརྙན་དང་བརྙན་འཕྲིན་འཁྲབ་ཚན་བསྟན་ཏེ“ང་ཚོའི་དུས་ཆེན”གྱི་བྱེད་སྒོ་གཏིང་ཟབ་སྤེལ་ནས་མི་རྣམས་ཀྱིས་དུས་རབས་གསར་པའི་བདེ་སྐྱིད་ཀྱི་རང་མདངས་ཤེས་རྟོགས་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས།
《བརྡ་ཐོའི》ནང་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མིར་སློབ་གསོ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྟེན་ནས་མི་གསོ་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འགན་འཁྲིར་བརྟེན་ནས་མིར་སྐུལ་མ་གཏོང་བ། བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། གཞི་རིམ་དུ་ཟབ་ཞུགས་དང་། མང་ཚོགས་དང་མཉམ་འདྲེས་བྱེད་པ། འཚོ་བའི་རྣམ་པ་གསར་བསྐྲུན། མང་ཚོགས་ཀྱིས་ཉན་སྤྲོ་ཞིང་དང་ལེན་བྱེད་འདོད་པའི་བྱེད་སྟངས་བཅས་རྒྱུན་འཁྱོངས་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཧུར་ཐག་གིས་ཞུགས་པར་འགུག་ཐབས་བྱེད་པ་དང་། ལག་ལེན་ཁྲོད་དུ་རིན་ཐང་གཙོ་བོ་དར་སྤེལ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་དགོས། རྩ་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ། ལས་དོན་སྣ་ཚོགས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་གཏིང་ཟབ་དང་ཏན་ཏིག་ཡོང་བར་འགན་ལེན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ཏེ། ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། རྒྱས་སྤྲོས་ཆུད་ཟོས་གཏན་འགོག་བྱེད་དགོས། བདེ་འཇགས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ནས། བྱེད་སྒོ་སྤེལ་ཡུལ་དང་གཅིག་སྡུད་རང་བཞིན་གྱི་བྱེད་སྒོའི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱེད་པ་དང་། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་བཟང་པོར་བསྒྲུབས་ཏེ། བྱེད་སྒོ་སྣ་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་བྱེད་དགོས།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།