དམངས་སེམས་གཅིག་ཏུ་བསྒྲིལ་ནས་ཟི་ལིང་གི་བདེ་འཇགས་མཉམ་དུ་སྲུང་།
2022.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

—ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཐོང་ཐོས།

“ཚང་མས་སྨི་གཉིས་ཀྱི་བར་ཐག་སྲུང་འཛིན་བྱས་ཏེ། རང་ཉིད་ཀྱི་འགོག་སྲུང་ལ་མཉམ་འཇོག་བྱེད་དགོས།”

“སྔོན་ལ་བཤེར་རིས་གཉིས་མནན་ནས། ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་མྱུར་དུ་ཁྱིམ་ལ་འགྲོ་རོགས།”

“མགོ་ཡར་དགྱེས་ནས་ཁ་གདངས་རོགས།”

ཟླ5པའི་ཚེས6ཉིན། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གདགས་གཤིས་ཡིན་པའི་ནད་པ་ཞིག་ཤེས་རྟོགས་བྱུང་། དུས་ཚོད་བརྩོན་ལེན་དང་དུས་བབ་ཇེ་བརྟན་དུ་གཏོང་བའི“ནད་ཡམས་སྔོན་འགོག་གི་བྱ་བ་ཞིག”སླར་ཡང་མགོ་བརྩམས་པ་རེད།

ཟླ5པའི་ཚེས8ཉིན། མཁར་ནུབ་ཁུལ་གྱིས་ཉིང་སྐྱུར་བརྟག་དཔྱད་ས་ཚིགས138དང་། འཕྲུལ་ཆས571སླར་ཡང་འཁོར་སྐྱོད་བྱས་ཤིང་། རེས་སྐོར་གཉིས་པའི་མཁར་ནུབ་མང་ཚོགས་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ།

སྡེ་ཁུལ་ནི་ཆེས་མདུན་གྲལ་གྱི་དམག་འཐབ་བཙན་རྫོང་རེད།

སྡེ་ཁུལ་གྱི་ལས་བྱེད་མི་སྣ་དང་མངའ་ཁོངས་ཀྱི་དང་བླངས་པ། དེ་མིན་སྡོད་དམངས་ཀྱི་རིམས་ནད་གནས་ཚུལ་འགན་སྲུང་དཔུང་སྡེ40ལྷག་མགྱོགས་མྱུར་ངང་བཙུགས་པ་དང་། མངའ་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱེད་གནས་དྲུག་ཏུ་རས་གུར་ཉེར་བཞི་ཕུབ་པ་དང་སྨི་གཉིས་ཀྱི་བར་ཆོད་ཐིག་ལས་པ་མ་ཟད། མཚན་མོ་དེར་རིམས་འགོག་དངོས་ཟོག་དབོར་འདྲེན་བྱས། རིམས་ནད་བྱུང་པ་ནས་བཟུང་། ལི་ཧའེ་ཅོན་གྱིས་ཡང་བསྐྱར་རིམས་ནད་འགོག་བཅོས་ཀྱི་ལས་ཡུལ་དང་པོར་འབད་འཐབ་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀུའུ་ཁྲིན་ཐའེ་སྲང་ལམ་དོན་གཅོད་ཁྲུའུ་ཞའོ་ཡོན་སྲང་ལམ་སྡེ་ཁུལ་གྱི་ཀྲུའུ་རིན། ཏང་ཨུའི་ཧྲུའུ་ཅི་ཡིན་པའི་ཁོ་མོས་ཁོངས་གཏོགས་ས་ཁུལ་གྱི་སྡོད་དམངས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་དམིགས་བསལ་དུས་སྐབས་དེའི་རིང་གི་ལས་འགན་ཨང་དང་པོ་བརྩིས་ཡོད།

“ང་ཚོའི་ཁོངས་གཏོགས་སུ་རྒྱུན་སྡོད་མི་གྲངས་ཁྲི་གཅིག་དང་སྟོང་གསུམ་ལྷག་ཡོད་པ་དང་། གྲངས་ཀ་མང་ལ་འགན་འཁྲི་ལྕི། ཇི་ལྟར་བྱས་ཏེ་ཉིང་སྐྱུར་གྱི་བརྟག་དཔྱད་ས་ཚིགས་ཇུས་འགོད་བྱེད་པའི་ལམ་ཐིག་ཇེ་ལེགས་སུ་གཏོང་བ་དང་། ཇི་ལྟར་བྱས་ཏེ་ཁག་བགོས་བརྟག་དཔྱད་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཇི་ལྟར་བྱས་ཏེ་སྡོད་དམངས་ཀྱི་བདེ་འཇགས་དང་བདེ་ཐང་འགན་སྲུང་བྱ་རྒྱུ་བཅས་ནི་ང་ཚོས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད”ཅེས་ལི་ཧའེ་ཅོན་གྱིས་དེ་ལྟར་བཤད།

བཤེར་རིས་གཉིས་ལ་བརྟག་པ་དང་། ཉིང་བསྐྱུར་བརྟག་དཔྱད་ཀྱི་ཐོབ་ཐང་ཆ་འཕྲིན་འབྲི་བ། ཐུན་རིན་ལམ་དང་ཞི་ཀོན་སྲང་ལམ་གྱི་འབྲེལ་མཚམས་ནུབ་བྱང་ཟུར་དུ་གནས་པའི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ། སྐར་ཆ20ཡང་མ་འགོར་བར་སྡོད་དམངས་ཀྱི་ཆ་འཕྲིན་འཚོལ་བསྡུ་བྱས་ཏེ་མ་ལག་གི་ནང་དུ་ཕབ་འཇུག་བྱས་ཡོད།

“ཐེངས་འདིའི་ཉིང་སྐྱུར་བརྟག་དཔྱད་ཀྱི་གྲ་སྒྲིག་སྔར་ལས་འཐུས་ཚང་དུ་བཏང་ཡོད། ཆ་འཕྲིན་ཕབ་འཇུག་ཐད་ང་ཚོས་ཆེད་མངགས་བགྲོད་ལམ་དང་ཆེད་བསྐོས་མི་སྣར་འགན་འཁུར་དུ་བཅུག་ཡོད་པ་དང་། ལྷག་པར་དུ་ལག་ཁྱེར་ཁ་པར་བེད་སྤྱོད་བྱ་རྒྱུར་སྟབས་བདེ་མེད་པའི་རྒན་རྒོན་ལ་མཚོན་ན། ང་ཚོའི་ལས་བྱེད་མི་སྣས་ད་དུང་དེའི་ཆ་འཕྲིན་ཕབ་འཇུག་བྱ་རྒྱུར་རོགས་རམ་བྱས་ནས་ཞིབ་བཤེར་བྱེད་དགོས་པའི་རིགས་ངེས་པར་དུ་ཞིབ་བཤེར་བྱེད་ཐུབ་པ་དང་། མི་གཅིག་ཀྱང་མི་ལུས་པ་དང་མཉམ་དུ་སྡོད་དམངས་ཀྱི་ཞབས་ཞུའི་བྱ་བ་ཡག་པོ་བསྒྲུབ་བཞིན་ཡོད”ཅེས་ལི་ཧའེ་ཅོན་གྱིས་དེ་ལྟར་མཚམས་སྦྱོར་བྱས།

དང་བླངས་པས་སྤྱིར་བཏང་གི་བྱ་སྤྱོད་ལ་བརྟེན་ནས་དྲོད་འཁོལ་གཅིག་ཏུ་བསྡུས།

དངོས་རྫས་དབོར་འདྲེན་དང་སྡོད་དམངས་ལ་ཁྲིད་སྟོན། ཆ་འཕྲིན་ཕབ་འཇུག་སོགས་ལ་རོགས་རམ་བྱེད་པ། ཟླ5པའི་ཚེས8ཉིན། ནམ་ལངས་མ་ཐག་དང་བླངས་པ་ཡོན་ཞིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཧུའུ་ཐའེ་སྤྱི་གླིང་གི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ལས་ལ་བྲེལ་བཞིན་ཡོད།

ད་ལོ་ལོ་ཉེར་བརྒྱད་ལ་སླེབས་པའི་ཡོན་ཞིས་ནི་ཕྱི་ནས་གླ་བྱེད་དུ་ཡོང་མཁན་ཞིག་ཡིན་མོད། འོན་ཀྱང་གློ་བུར་དུ་བྱུང་པའི་རིམས་ནད་ཀྱིས་ཁོ་མོའི་ལས་ཀ་དང་འཚོ་བ་བར་ཆད་བཟོས། རིམས་ནད་བྱུང་རྗེས། ཁོ་མོས་འབོད་སྐུལ་དང་ལེན་བྱས་ཏེ་དང་བླངས་པར་མིང་ཐོ་བཀོད།

“རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་བྱ་བ་ཞིག་ཡིན་པས། མི་ཚང་མས་སྣང་མེད་དུ་འཇོག་མི་རུང་། དམིགས་བསལ་གྱི་དུས་སྐབས་སུ་ང་ཚོའི་གྲོང་ཁྱེར་ལ་ནུས་པ་ཞིག་འདོན་ཐུབ་པས་ངའི་བསམ་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན”ཞེས་ཡོན་ཞིས་ཀྱིས་དེ་ལྟར་བཤད།

ཟླ4ཚེས7ཉིན་དང་བླངས་པར་གྱུར་པ་ནས་བཟུང་། སྡེ་ཁུལ་ལ་རོགས་རམ་བྱས་ཏེ“མེད་པ་གསུམ”གྱི་སྡོད་ཁུལ་རྙིང་པའི་སྒོ་འགྲམ་དུ་ཨང་བཤེར་ཐོ་འགོད་བྱས་པ་དང་། ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་སྒྲིག་ལམ་སྲུང་སྐྱོབ་བྱ་རྒྱུ་དེ་ཁོ་མོའི་བྱང་ཆ་ལྡན་པའི་བྱ་བར་གྱུར་ཡོད། གྲང་ངར་ཅུང་ཙམ་ཆེ་བའི་ཞོགས་པ་འདིར། “ཕྱི་ནས་ཡོང་བའི”ཁོ་མོའི་བློ་ཐག་ཆོད་པོས་གྲོང་ཁྱེར་འདིའི“ལས་ཡུལ་དང་པོ”རུ་ཞབས་འདེགས་ཞུ་བཞིན་ཡོད།

གྲང་ནས་དམར་པོར་གྱུར་པས་ལག་གཉིས་ལ་ཕུར་མཉེད་བྱེད་ཞོར། འགོག་སྲུང་ལྭ་བ་གྱོན་པ་དང་ཁ་ཐུམ་རྒྱག་པ། ལག་ཤུབ་གྱོན་བཞིན་ཆུ་ཚོད9ཏག་ཏག་ལ། གྲལ་སྒྲིག་ནས་ཡོད་པའི་གྲོང་ཁྱེར་གྱི་སྡོད་དམངས་ལ་ཉིང་སྐྱུར་ལ་བརྟག་དཔྱད་བྱེད་མགོ་བརྩམས་པ་དང་། ཡོན་ཞིས་ཀྱང་ལས་གནས་གསར་པ་ཞིག་ཏུ་བཀོད་སྒྲིག་བྱས་ནས། “གེགས་མེད་ལམ་ཡངས”ཀྱི་རྒན་རྒོན་ལ་རེ་ཞུའི་ཨང་རྟགས་བཤར་འབེབས་དང་ཐོབ་ཐང་ཆ་འཕྲིན་ཐོ་འགོད་ཞིབ་བསྡུར་བྱེད་རོགས་བྱས།

“རྨོ་བོ་ལགས། ཁྱེད་ལ་ལག་ཁྱེར་ཁ་པར་མེད་ན་སྐྱོན་མེད། ང་ལ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་ཤོད་དང་། ངས་ངའི་ལག་ཁྱེར་ཁ་པར་སྤྱད་ནས་ཁྱེད་ལ་རེ་ཞུའི་ཨང་རྟགས་ཐོ་འགོད་བྱེད།”

“སྤོ་བོ་ལགས། ཁྱེད་ཀྱི་རྐང་པ་མི་བདེ་པས། ངས་ཁྱེད་འཁྲིད་ནས་གེགས་མེད་ལམ་ཡངས་སུ་འགྲོ།”

ཡོན་ཞི་ཡིས་རྒན་རྒོན་ལ་ཐུགས་ཁུར་ཆེན་པོ་བྱས་ནས་རང་འགུལ་ངང་རོགས་རམ་བྱེད་དགོས་མིན་འདྲི་བཞིན་ཡོད།

གྲལ་བསྒྲིགས་པའི་མི་ཚོགས་ཁྲོད། ལོ80ལྷག་ཙམ་ལ་སླེབས་པའི་སྤོ་བོ་ཞིག་ཡོན་ཞིས་ཀྱིས་གཞོགས་འདེགས་བྱས་ནས“གེགས་མེད་ལམ་ཡངས”སུ་སླེབས། ཁོས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། “བུ་མོ་ལགས། ཁྱོད་ལ་ཐུགས་རྗེ་ཆེ་ཞུ། སྲིད་གཞུང་གིས་ང་ཚོའི་བདེ་ཐང་ལ་བསམ་བློ་བཏང་སྟེ། ང་ཚོར་རིན་མེད་ངང་ཉིང་སྐྱུར་བརྟག་དཔྱད་བྱས་པ་མ་ཟད། ད་དུང་ང་ཚོའི་རྒན་རྒོན་ཚོར་འདི་འདྲའི་ཞབས་ཞུ་བཟང་པོ་ཞིག་བཀོད་སྒྲིག་བྱས་ཡོད་པས། ངའི་སེམས་ལ་དྲོད་འཁོལ་སྦྱིན་ཡོང”ཞེས་བཤད།

མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་དང་དམངས་སེམས་གཅིག་མཐུན་ཡོང་བ་བྱེད་པ།

ཞོགས་པའི་ཆུ་ཚོད་བདུན་སྟེང་དུས་ལྟར་མལ་ལས་ལངས་པ་དང་། ཁྱིམ་མི་གཉིད་ལས་བསླངས་ནས་ཁ་ངོ་བཀྲུས་ཏེ། ཐོག་ཁང་ནས་མར་བབས་ཏེ་ཉིང་སྐྱུར་བརྟག་དཔྱད་བྱེད་རྒྱུ་ནི་ལས་འཁྱུར་ངལ་གསོ་བྱས་ནས་ཁྱིམ་དུ་སྡོད་པའི་ཀྲའོ་ཧྲིན་ཧྥུའུ་ལ་མཚོན་ནས་བཤད་ན། ལས་ཀ་དེ་དག་ནི་ཁོའི་ཉིན་འདི་གཉིས་ཀྱི་བྱ་བ་ཆེས་གལ་ཆེ་བ་དེ་རེད།

“སྲིད་གཞུང་གིས་ང་ཚོའི་བདེ་ཐང་ཆེད་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད་པ་དང་། སྨན་བཅོས་ལས་དོན་མི་སྣས་ང་ཚོའི་བདེ་ཐང་ཆེད་དུ་ས་གནས་བརྟན་སྲུང་བྱེད་ཀྱིན་ཡོད། དང་བླངས་པས་ང་ཚོའི་བདེ་ཐང་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བཞིན་ཡོད། དེར་བརྟེན་ང་ཚོས་ངེས་པར་དུ་གཞོགས་འདེགས་བྱེད་དགོས་ལ། དོན་དག་ཆུང་ཆུང་འདི་ང་ཚོས་ངེས་པར་དུ་བཟང་བོར་སྒྲུབ་དགོས”ཞེས་ཀྲའོ་ཧྲིན་ཧྥུའུ་ཡིས་དེ་ལྟར་བཤད།

ཁྱིམ་མཚེས་ཀྱི་སྒོ་བརྡུངས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དུ་འཇུག་པ་དང་། ལས་བྱེད་མི་སྣར་རོགས་རམ་བྱས་ནས་སྒྲིག་ལམ་སྲུང་སྐྱོབ་བྱེད་དུ་འཇུག་པ། ཟ་མ་གཡོ་སྐོལ་བྱས་རྗེས་སྨན་བཅོས་མི་སྣ་དང་ལས་བྱེད་མི་སྣར་བསྐྱལ་རྒྱུ་བཅས་ནི་ཁོས་གྲོང་ཁྱེར་འདིར་ལྟ་སྲུང་བྱེད་པའི་བྱ་ཐབས་ཤིག་རེད།

“དཀའ་ངལ་ཅི་འདྲ་ཆེ་ཡང་དེ་ཁྱད་བསད་བྱེད་ཐུབ་ངེས་རེད། ང་ཚོ་ཚང་མས་རང་ཉིད་ཀྱི་བྱ་བ་ཡག་པོ་སྒྲུབ་ན། རིམས་ནད་མགྱོགས་མྱུར་སྒོས་ཡལ་སྲིད་ལ། ཟི་ལིང་ཡང་བདེ་འཇགས་ཡོང་ངེས་རེད”ཅེས་ཀྲའོ་ཧྥུའུ་ཧྲིན་གྱིས་དེ་ལྟར་བཤད།

དེ་རིང་གི་ཟི་ལིང་ལ་གནམ་རུབ་ཡོད། དེ་རིང་གི་ཟི་ལིང་ལ་དྲོད་འཁོལ་གྱིས་ཁེངས་ཡོད། རིམས་ནད་འགོག་རྒོལ་ལ་རང་ནུས་ཡོད་ཚད་འབུལ་བཞིན་པའི་མི་ཚང་མ་ནི་བཀུར་པར་འོས་ལ། ཁོ་ཚོས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་ཁྱེར་གྱི་བདེ་འཇགས་སྲུང་སྐྱོབ་བྱེད་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།