ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཡུལ་དངོས་ཀྱི་མི་སེམས་འགུལ་བའི་གཏམ་རྒྱུད།
2022.05.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཉེ་ལམ། ཟི་ལིང་གྲོང་ཁྱེར་དུ་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་གདགས་གཤིས་ཡིན་པའི་ནད་པ་བྱུང་རྗེས་སུ། ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་འགོག་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར་དུ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་གྱི་སྡོད་དམངས་ཡོངས་ལ་མྱུར་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་པར་བཀོད་སྒྲིག་བྱས། རིམས་ནད་ཀྱིས་ཡང་བསྐྱར་འཇབ་རྒོད་ཐེངས་ཤིག་བྱེད་པའི་སྐབས་སུ་གོང་རིམ་གྱི་བཀའ་རྒྱ་ཐེངས་གཅིག་གིས་མི་སྣ་སྐོར་ཅིག་མྱུར་དུ་རིམས་ནད་ལ་འཐབ་རྩོད་བྱེད་པའི་ལས་གནས་དང་པོར་ཞུགས། མཁར་ནུབ་ཁུལ་གྱི་སྡོད་ཁུལ་སོ་སོས་མྱུར་དུ་ཉིང་སྐྱུར་རྟགས་དཔྱད་བྱེད་ཡུལ་དུ་རས་གུར་ཕུབ་པ་དང་། ཟི་ལིང་གྲོང་ཁྱེར་གྱི་སྨན་ཁང་མང་པོས་སྨན་བཅོས་མི་སྣ་མང་པོ་ཞིག་མྱུར་དུ་མཁར་ནུབ་ཁུལ་དུ་མངགས་ཤིང་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཏང་ཡོན་རྒན་པ་སྐོར་ཅིག་གིས་ཀྱང་སྨན་བཅོས་མི་སྣ་རྣམས་ལ་རོགས་སྐྱོར་བྱེད་པར་མྱུར་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བར་ཞུགས། དེ་མིན་སྤྱི་བདེ་མི་སྣ་དང་མི་དམངས་ཉེན་རྟོག་པ་ཚོ་ནམ་གུང་དུ་སྲང་ལམ་ཆེ་ཆུང་མང་པོའི་བཞི་མདོར་སོང་ནས་སྡོད་དམངས་རྣམས་འགྲོ་འོང་བྱེད་པར་བཀོད་སྒྲིག་བྱས་པ་དང་། དངོས་ཟོག་འགན་སྲུང་བྱ་བར་འབད་བརྩོན་བྱས་ནས་མི་དམངས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་ཤུགས་རྐྱེན་མི་ཐེབས་པར་དུས་ཚོད་བརྩོན་ལེན་བྱེད་བཞིན་པའི་གདོང་མཆོང་མི་སྣ་དེ་དག་ནི་ང་ཚོའི་སེམས་ཁོང་གི་དཔའ་བོ་དང་དཔའ་མོ་རེ་རེ་ཡིན། གསར་འགོད་པ་ཅིན་ཁྲིན་ཅ་ཡོན་གྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་སུ་ཐོན་དུས། ཏང་ཡོན་རྒན་པ་སྐོར་ཞིག་གིས་ལུས་ལ་འགོག་སྲུང་ལྭ་བ་གྱོན་ཞིང་རྒྱབ་དུ་དུག་སེལ་ཆང་བཅུད་ཁུར་ནས་གོ་རིམ་ལྡན་ལ་ཞིབ་ཚགས་ཀྱི་ངང་ནས་ཡུལ་དངོས་སུ་དུག་སེལ་བྱེད་བཞིན་པ་མཐོང་།

བརྡ་སྦྱོར་ཐོན་མ་ཐག་ཏུ་ང་ཚོས་ཚོགས་པའི་ནང་དུ་ཚང་མར་དང་བླངས་པའི་གྲས་སུ་ཞུགས་རྒྱུར་སྐུལ་སློང་བྱས་པ་ཡིན། དུས་ཚོད་ཤིན་ཏུ་འཕྱི་ན་ཡང་སྐབས་དེར་ཚོགས་པའི་ནང་དུ་ལང་ལོང་སྒོས་མི་མང་པོ་ཞིག་གིས་མིང་ཐོ་བཀོད་བྱུང་ཞེས་ཡིས་ཚེ་སྲང་ལམ་གྱི་སྡོད་ཁུལ་ཤར་མའི་ཁྲིག་ཧྲིག་ཐེན་གྱིས་གསར་འགོད་པར་དེ་ལྟར་བཤད།

ཅིན་ཁྲིན་ཅ་ཡོན་སྡོད་ཁུལ་གྱི་ལོ་ན་རེ་བཞིར་སོན་པའི་ཀྲི་པུའུ་ཧྲུའུ་ཅི་ཁྲིན་ཀོ་ཞོན་གྱིས་ཀྱང་ཆ་སྙོམས་ཀྱི་ལོ་ཚོད་ལོ་ན་རེ་ལྔ་ཡིན་པའི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ཏང་ཡོན་རྒན་པ་སྐོར་ཞིག་གི་སྣེ་ཁྲིད་ནས་སྡོད་ཁུལ་གྱི་རས་གུར་ཕུབ་རོགས་བྱས་པར་མ་ཟད། ནང་མོ་དེར་སྡོད་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ཡུལ་དུ་སོང་ནས་སྨན་བཅོས་མི་སྣ་རྣམས་ལ་གཞོགས་འདེགས་ཀྱིས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བར་ཧར་ཐག་གིས་ཞུགས།

དུག་སེལ་བྱེད་པའི་ལས་ཀར་ཞུགས་པའི་ཏང་ཡོན་རྒན་པ་ཀུའུ་ཚོན་ལུང་དང་ཡའོ་ཅོན་གཉིས་ནི་སོ་སོར་ལོ་ན་ང་བཞི་དང་ང་དགུ་ཡིན་ཞིང་། ཁོ་ཚོས་ཉིན་གང་བོར་འགོག་སྲུང་ལྭ་བ་གྱོན་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་སའི་སྟེགས་བུའི་མདུན་དུ་དུག་སེལ་བྱེད་བཞིན་ཡོད་ཅིང་།དུས་ཚོད་བརྒྱད་དགུའི་རིང་ལ་ཟས་ཆུ་ཁམ་གང་ཡང་འཐུང་ལོང་མེད་པར་ཉིང་སྐྱུར་བརྟག་དཔྱད་བྱེད་སའི་སྟེགས་བུའི་མདུན་དུ་ཕལ་ཆེར་མི་གཅིག་གིས་དུག་སེལ་ཆང་བཅུད་དམ་བུ་ཉི་ཤུ་རེ་ཡིས་དུག་སེལ་བྱས་ཟིན། དེ་ལྟ་བུའི་དཀའ་ཚེགས་ཆེ་ལ་ཉེན་ཁ་དེ་བས་ཆེ་བའི་ལས་གནས་སུ་ཁོ་ཚོར་འཁང་ར་དང་ཆད་སྣང་ཅི་ཡང་མེད་པའི་རྣམ་པ་དེས་དངོས་གནས་མི་སེམས་འགུལ་བར་བྱེད། ལས་ཡུལ་དང་པོའི་ལས་བྱེད་མི་སྣ་རྣམས་ཀྱི་བྱ་བར་དངོས་གནས་དཀའ་ཁག་ཆེན་པོ་ལྡན།དེ་བས་ང་ཚོས་ཀྱང་ཁོ་ཚོ་དང་མཉམ་དུ་གྲོང་ཁྱེར་འདི་ལ་རང་གི་ནུས་པ་དང་སྟོབས་ཤུགས་འབུལ་དགོས་ཞེས་ཏང་ཡོན་རྒན་པ་ཀུའུ་ཚོན་ལུང་གིས་བཤད།

བརྡ་སྦྱོར་ཐོན་མ་ཐག་ཏུ་ང་ཚོ་ཚང་མ་མྱུར་དུ་རང་གི་ལས་གནས་སུ་འབྱོར་ཞིང་། མཚན་གང་བོར་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་བཞི་རུ་བསྡོམས་པས་རས་གུར་ཉེར་བཞི་ཕུབ་པ་དང་ཉིང་སྐྱུར་བརྟག་དཔྱད་བྱེད་སའི་སྟེགས་བུ་བཅུ་གཉིས་བསྐྲུན།

ལས་གནས་སུ་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ་རྣམས་ཀྱིས་མྱུར་དུ་མི་བཅོ་ལྔས་གྲུབ་པའི་སྡོད་ཁུལ་གྱི་དང་བླངས་པའི་ཚོགས་པ་ཞིག་བཙུགས་ནས། ཁོངས་གཏོགས་ཀྱི་སྡོད་དམངས་རྣམས་རེ་རེ་བཞིན་ཉིང་སྐྱུར་བརྟག་དཔྱད་བྱེད་ཡུལ་དུ་གོ་རིམ་ལྡན་པའི་སྒོ་ནས་འགྲོ་རུ་བཅུག་སྟེ། ཉིང་སྐྱུར་བརྟག་དཔྱད་བྱ་བ་ལེགས་པོར་སྤེལ་བ་ཡིན་ཞེས་ཏང་ཡོན་རྒན་པ་ཁྲིག་ཧྲིན་ཐེན་གྱིས་གསར་འགོད་པར་བཤད།

གསར་འགོད་པ་མཁར་ནུབ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ཡུལ་དུ་ཐོན་དུས། མཁར་ནུབ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་ཡོད་པ་དང་། བསྡོམས་པས་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་བརྒྱ་དང་སོ་བརྒྱད་དུ་ཉིང་སྐྱུར་བརྟག་དཔྱད་བྱེད་སའི་སྟེགས་བུ་ལྔ་བརྒྱ་དང་དོན་གཅིག་བཙུགས་ཡོད་ལ། རས་གུར་བརྒྱད་བརྒྱ་དང་ཞེ་བདུན་ལེགས་པར་ཕུབ་འདུག་པར་མ་ཟད་ཉེར་མཁོ་དངོས་རྫས་ཚང་མ་ཡུལ་དངོས་སུ་ཐོན་འདུག དེ་མིན་སྨན་བཅོས་མི་སྣ་སྟོང་གཅིག་དང་ལྔ་བཅུ་དང་ལས་ཁུངས་སོ་སོའི་ལས་བྱེད་པ་དགུ་བརྒྱ་ཙམ་དང་དང་བླངས་ཞབས་ཞུའི་མི་སྣ་སུམ་སྟོང་ལྷག  དེ་མིན་གྲངས་ཀ་ལེན་ཐབས་མེད་པའི་སྤྱི་བདེ་མི་སྣ་དང་ད་དུང་མཁར་གྲོང་དོ་དམ་མི་སྣ་དང་སྡོད་ཁུལ་གྱི་ལས་བྱེད་པ་སོགས་དུས་སྐབས་དང་པོའི་ནང་ཚང་མ་བྱ་བའི་ཡུལ་དངོས་སུ་ཐོན་འདུག དེ་རིང་གི་གནམ་གཤིས་ཤིན་ཏུ་ཚ་བོ་འདུག  མདང་ནུབ་ང་ཚོ་གཉིད་ཀྱི་བདེ་བར་རོལ་བའི་སྐབས་སུ། ཁོ་ཚོ་ནི་མཚན་གང་བོར་གཉིད་ཐུན་ཙམ་ཡང་ལོག་ཐུབ་མེད། དཀའ་སྡུག་གི་མདུན་དུ་ནམ་ཡང་ཁོ་ཚོ་གདོང་མཆོང་བྱེད་བཞིན་ཡོད་པ་རེད། ཁོ་ཚོ་དང་བསྡུར་ན་ང་ཚོ་ཉིང་སྐྱུར་བརྟག་དཔྱད་ཙམ་བྱེད་དུ་ཡོང་བ་ནི་གླེང་རིན་མེད་པ་ཞིག་རེད། དེ་བས་ང་ཚོས་ཁོ་ཚོ་ལ་གཞོགས་འདེགས་ཡག་པོ་བྱེད་དགོས་ཞེས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་རྒན་པོ་ཞིག་གིས་གསར་འགོད་པར་དེ་ལྟར་བཤད་བྱུང་།ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱི་ཉིང་སྐྱུར་བརྟག་དཔྱད་བྱེད་ཡུལ་དུ་གསར་འགོད་པས་སྙིང་ཉེ་བའི་དང་བླངས་པ་སྐོར་ཅིག་མཐོང་བྱུང་། ཁ་ཐུམ་ཡག་པོར་རྒྱག་པ་དང་བཤེར་རིས་སྔོན་ལ་བཤེར་བ། གྲལ་སྒྲིག་དུས་རྨིད་གཉིས་ཀྱི་བར་ཐག་འཇོག་པ། ཉིང་སྐྱུར་བརྟག་རྗེས་ཐད་ཀར་ཁྱིམ་ལ་ལོག་དགོས་ཞེས་ཁོ་ཚོས་ཡང་དང་བསྐྱར་དུ་སྒྲོག་བཞིན་འདུག་པ་དང་། ཁོ་ཚོའི་བྲེལ་བ་ཆེ་བའི་སྣང་བརྙན་དེ་ནི་ཉིན་མོ་དེར་མཁའ་རུ་འཕྲོ་བའི་ཉི་འོད་དང་འདྲ་བར་ཉིང་སྐྱུར་བརྟག་དཔྱད་བྱེད་སའི་གྲུ་ག་མ་ལུས་དྲོད་ཀྱིས་ཁྱབ་པར་བྱེད།

དང་བླངས་པ་རྣམས་ཀྱིས་དུས་ཚོད་ཉེར་བཞིའི་རིང་བཀའ་ལ་སྒུག་ནས་འདུག་དགོས། ཁ་ཐུམ་ལེགས་པོར་རྒྱག་པ་དང་འགོག་སྲུང་བྱེད་ཐབས་ལེགས་པོར་སྒྲུབ་རྗེས་གཞི་ནས་བྱ་བར་ཞུགས་དགོས། ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱི་ཧོང་ཐའོ་དང་ཁོའི་ལས་གྲོགས་དྲུག་གིས་གསར་འགོད་པར་དེ་ལྟར་བཤད།ཁོ་ཚོ་ལ་དང་བླངས་པ་བྱེད་པའི་ཉམས་མྱོང་ཡོད་ཅིང་། ཁོ་ཚོ་ཐེངས་འདིར་ཡང་རང་འགུལ་གྱིས་དང་བླངས་པའི་གྲས་སུ་ཞུགས་པ་ཞིག་རེད།

ཐེངས་འདིར་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་སྐབས་སུ་ཡང་ཁོ་ཚོ་སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་མཉམ་དུ་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱི་སྒོ་འགྲམ་དུ་ཡོང་ནས་རས་གུར་ཕུབ་པ་དང་། བཤེར་རིས་བསྐྱར་དཔར་བྱེད་པ་སོགས་སྔོན་འགྲོའི་བྱ་བ་སྣ་ཚོགས་ལེགས་པོར་སྒྲུབ་བཞིན་འདུག

ཧོང་ཐའོ་ཡིས་བཤད་རྒྱུར། མདང་ནུབ་བརྡ་འབྱོར་རྗེས་སུ་ཡུལ་ལ་འགྲོ་མ་ཐུབ་པས་ཆུང་མ་དང་བྱིས་པ་ལ་ཁ་པར་ཞིག་བཏང་རྗེས་ཐད་ཀར་དུ་བྱ་བའི་ལས་ཡུལ་དུ་ཡོང་བ་ཡིན་ཟེར། ཁོ་ཚོ་ནམ་གུང་གི་དུས་ཚོད་གསུམ་གྱི་སྟེང་དུ་གཞུང་ལས་ཁང་དུ་ཡོང་ནས་ངལ་ཕྲན་ཙམ་གསོས་རྗེས། ཡང་བསྐྱར་དང་བླངས་པ་དེ་དག་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱི་སྒོ་འགྲམ་དུ་སོང་ནས་མཁར་ནུབ་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བར་གྲ་སྒྲིག་བྱེད་བཞིན་འདུག དུས་ཚོད་བརྒྱད་དང་སྐར་མ་སུམ་ཅུའི་སྟེང་གསར་འགོད་པས་ཞིང་ཆེན་འཁྲབ་སྟོན་སྒྱུ་རྩལ་སྡེ་ཚོགས་ཀྱི་སྒོ་འགྲམ་དུ་ཉིང་སྐྱུར་བརྟག་དཔྱད་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་པ་མཐོང་ཞིང་། དང་བླངས་པ་དེ་དག་གིས་ལག་ཏུ་བཤེར་རིས་གསུམ་བཟུང་ནས་གྲལ་སྒྲིག་པའི་མི་དམངས་མང་ཚོགས་ལ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཆ་འཕྲིན་སྐོང་རོགས་བྱེད་པ་སོགས་བྱས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་བཀོད་སྒྲིག་བྱེད་བཞིན་འདུག ཁོ་ཚོའི་གསལ་འདེབས་རེ་རེ་དང་ཤ་ཚ་བའི་ཞབས་ཞུ་རེ་རེས་མི་རྣམས་ཀྱི་སེམས་སུ་དྲོད་ཁོལ་གསར་བ་ཞིག་ངང་གིས་སྦྱིན་བཞིན་འདུག

ང་རང་ལོ་ན་གྱ་བདུན་ཡིན།འགྲོ་འདུག་སྟབས་བདེ་མིན་པའི་དབང་གིས་རྐུབ་འཁོར་ལ་འདུག་དགོས་ཀྱི་ཡོད། སྡོད་ཁུལ་གྱི་དང་བླངས་པས་ངའི་རྐུབ་འཁོར་འདིར་དེད་ནས་ཡོང་བ་རེད། ལོ་ན་མཐོ་བའི་རྒན་པོ་དེས་དེ་ལྟར་ཟེར་བཞིན་དང་བླངས་པ་ཚོར་བཀའ་དྲིན་ཡང་ཡང་ཞུ་བཞིན་འདུག ཉིང་སྐྱུར་བརྟག་དཔྱད་བྱས་ཚར་རྗེས་སུ་དང་བླངས་པ་དེས་ཡང་བསྐྱར་རྒན་པོ་དེའི་རྐུབ་འཁོར་དེད་ནས་ཕྱིར་ཁྱིམ་དུ་ལོག་སོང་།

སྐབས་དེར་ཏག་ཏག་བྱིས་པས་དྲ་སྟེང་ནས་སློབ་ཁྲིད་ལ་ཉན་བཞིན་འདུག་པས་བར་ཆད་བཟོ་བར་དོགས་ནས་ཉིང་སྐྱུར་བརྟག་དཔྱད་བྱེད་དུ་ཡོང་མ་ཐུབ། མཚམས་དེར་བློ་ཡུལ་ལས་འདས་པ་ཞིག་ལ་སྡོད་ཁུལ་གྱི་ལས་བྱེད་པས་ཁ་པར་ཡོང་ནས་ཆེད་དུ་སློབ་མ་རྣམས་ལ་གེགས་མེད་བགྲོད་ལམ་ཞིག་ཕྱེས་ཡོད་ཟེར། དེ་ནི་དངོས་གནས་བྱ་བ་ཡག་པོ་ཞིག་རེད་ཅེས་སློབ་མའི་ཁྱིམ་བདག་ཅིག་གིས་ཡུལ་དངོས་ཀྱི་ལས་བྱེད་མི་སྣ་རྣམས་ལ་བཀའ་དྲིན་ཞུ་བཞིན་འདུག དེ་ལྟར་གེགས་མེད་བགྲོད་ལམ་དེ་དག་ལ་མི་རྣམས་ཀྱིས་བསྟོད་བསྔགས་ཆེས་ཆེར་བྱེད་བཞིན་འདུག་ན། བློ་རྩེ་གཅིག་སྒྲིམ་གྱིས་བྱ་བ་དེ་དག་སྒྲུབ་པར་གཞོལ་བའི་ལས་ཡུལ་དངོས་ཀྱི་མི་སྣ་རེ་རེ་ནི་གྲོང་ཁྱེར་འདིའི་ཆེས་གཅེས་སུ་འོས་པའི་མི་སྣ་རེ་རེ་ཡིན་ནོ། །

                                                                             ཡིག་སྒྱུར་བ། གཡང་འབུམ་རྒྱལ།