ཞི་ཅིན་ཕིང་གིས་གུང་གཞོན་ཚོགས་པར་གནང་བའི་ཐུགས་རེ་ཁག་བཞི།
2022.05.11 ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས། 11

ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པ་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྤྱི་ཟླ་ལྔ་པའི་ཚེས10ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་པ་རེད།   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་དང་།  གུང་གཞོན་ཚོགས་པ་ལ་ཐུགས་རེ་ཁག་བཞི་གནང་།

དང་པོ། ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོའི་གཞོན་ནུ་ཚོའི་བསམ་བློ་ཡར་ཐོན་ཡོང་བར་ཁྲིད་སྟོན་བྱེད་མཁན་གྱི་ཆབ་སྲིད་སློབ་གྲྭ་ཞིག་ཏུ་གྱུར་བར་བྱེད་དགོས། མཐོ་སར་བསྙེགས་ན་མཐོང་རྒྱ་ཆེ་བའི་དཔེ་ལྟར་བློ་རྒྱ་ཆེ་ན་གཞི་ནས་རླབས་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་ཐུབ། གསོན་ཤུགས་ཀྱིས་ཕྱུག་པའི་གཞོན་ནུའི་དུས་ལ་ཕུགས་བསམ་གྱི་འདུ་ཤེས་བརྟན་པོ་ཡོད་དགོས། རང་རེའི་ཏང་གིས་ཚོགས་པ་ལ་གུང་ཁྲན་རིང་ལུགས་ཀྱི་མིང་བཏགས་པ་དེ་ནི་ཏང་གི་གཞོན་ནུའི་རྩ་འཛུགས་ཀྱིས་ཕུགས་བསམ་དང་དད་སེམས་ཀྱི་མཐོ་ས་ནས། ཏང་གི་ཚན་རིག་དང་མཐུན་པའི་རིག་པའི་གཞུང་ལུགས་ལ་བརྟེན་ནས་གཞོན་ནུར་དྲག་ཆས་སྤྲོས་པ་དང་། ཏང་གི་ཐོག་མའི་བསམ་འདུན་དང་ལས་འགན་ལ་བརྟེན་ནས་གཞོན་ནུར་སྐུལ་མ་གཏོང་བ། ཏང་གི་འོད་སྟོང་འཕྲོ་བའི་དར་ཆར་བརྟེན་ནས་གཞོན་ནུར་ཁྲིད་སྟོན་བྱེད་པ། ཏང་གི་སྤྱོད་ཚུལ་བཟང་པོར་བརྟེན་ནས་གཞོན་ནུ་གསོ་སྐྱོང་བྱ་ཆེད་རེད། དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་ཚོ་སྔར་ལས་གདེང་ཚོད་ཆེ་ཞིང་བསམ་བློའི་འདུ་ཤེས་ལྡན་ཡོད་ལ། གཞོན་ནུ་ཚོར་སྤྱི་ཚོགས་ཀྱི་བསམ་བློའི་རླབས་རྒྱུན་གྱི་དོན་དངོས་དཀའ་ངལ་སྣ་ཚོགས་ལ་འཕྲད་སྲིད་པ་དང་། ཕུགས་བསམ་དང་དོན་དངོས། རིང་ལུགས་དང་གནད་དོན། རང་དོན་དང་གཞན་དོན། ང་དང་ང་ཚོ། མི་རིགས་དང་འཛམ་གླིང་སོགས་ཀྱི་ཐད་དཀའ་གནད་མང་པོ་འཕྲད་སྲིད་པས་ཁོང་ཚོར་སྔར་ལས་ཞིབ་ཚགས་པའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས་པ་མ་ཟད། བླང་དོར་ཤེས་པའི་ཐོག་ནས་སྤྱི་ཚོགས་ལ་ལྟ་ཞིབ་བྱེད་པ་དང་། རིག་པ་དྭངས་གསལ་ངང་ནས་མི་ཚེར་བསམ་གཞིགས་བྱེད་པ། རང་གི་བློ་གྲོས་ལ་བརྟེན་ནས་མ་འོངས་པ་གསར་གཏོད་བཅས་བྱེད་དགོས། གུང་གཞོན་ཚོགས་པ་འདི་ཉིད་རྒྱ་ཆེའི་གཞོན་ནུ་ཚོས་ལག་ལེན་གྱི་ཁྲོད་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་། གུང་ཁྲན་རིང་ལུགས་སློབ་སྦྱོང་བྱེད་པའི་སློབ་གྲྭ་ཞིག་ཡིན་པའི་ངོས་ནས་ཆབ་སྲིད་དང་བསམ་བློ། གཞོན་ནུའི་ཁྱད་ཆོས་བཅས་ལ་དམིགས་ཏེ། ཁོ་ཚོས་སྔ་ཙམ་ནས་སྙིང་སྟོབས་དང་། སྙིང་སྟོབས་ཆེར་བསྐྱེད་ཡོང་རྒྱུར་རོགས་རམ་བྱས་ནས། སེམས་གཏིང་ནས་ཏང་ལ་ཡིད་ཆེས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བྱེད་པ། མར་ཁེ་སི་རིང་ལུགས་ལ་དད་མོས་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་བྱ་གཞག་ལ་རྐང་འཛིན་པ་ཡོད་པའི་གཞི་རྩའི་ཇུས་ཆེན་ལ་རྐང་འཛུགས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་རྒྱུའི་གཞི་རྩའི་ལས་འགན་ལ་དམ་འཛིན་ནན་མོ་བྱས་ཏེ། བསམ་བློའི་སྦྱོང་བརྡར་དང་། ལག་ལེན་དངོས་ཀྱི་ཁྲོད་ནས་རྒྱ་ཆེའི་གཞོན་ནུ་ཚོས་ཀྲུང་གོ་བ་ཞིག་བྱེད་པའི་བློ་སྟོབས་དང་།  སྙིང་རུས་སོགས་ཇེ་དྲག་ཏུ་བཏང་ནས་གསར་བརྗེའི་རྒྱུན་འཛིན་པ་ཞིག་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས།

གཉིས་པ།  རང་རྟོགས་ཀྱིས་རང་འགན་གཙང་སྒྲུབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་གཞོན་ནུ་རྩ་འཛུགས་བྱེད་པའི་གདོང་ལེན་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས།  བརྩོན་འགྲུས་ནི་ལང་ཚོའི་ཆེས་མཛེས་སྡུག་ལྡན་པའི་རང་མདངས་ཤིག་ཡིན་ལ།  བྱ་སྤྱོད་ནི་ན་གཞོན་གྱི་ཆེས་ནུས་ལྡན་གྱི་སྦྱོང་བརྡར་ཞིག་ཀྱང་ཡིན།  འགན་འཁུར་བ་དང་འགན་འཁུར་ཕོད་པ་བྱས་ན་ལང་ཚོར་འོད་སྣང་འཚེར་ཐུབ།   གཞོན་ནུ་ནི་ལང་ཚོ་དར་ལ་བབས་པའི་སྒང་ཡིན་པས་གསར་གཏོད་ཀྱི་སྤྲོ་སེམས་ཆེ་ཤོས་དང་སྒུལ་ཤུགས་ཆེ་ཤོས་ལྡན་ཡོད།  ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་ཕུགས་བསམ་ཅན་གྱི་གཞོན་ནུ་ཚོས་འབད་བརྩོན་དང་ལེགས་སྐྱེས་འབུལ་རྒྱུ་དང་ཁ་བྲལ་ཐབས་མེད།  ལང་ཚོ་དེ་ཏང་དང་མི་དམངས་ཀྱི་བྱ་གཞག་དང་མཐུན་པོ་བྱུང་ཚེ་ལང་ཚོའི་འོད་མདངས་གཞི་ནས་རྒྱ་ཆེར་ཁྱབ་ཐུབ་པ་མ་ཟད་ལང་ཚོའི་གསོན་ཤུགས་གང་ལེགས་འདོན་སྤེལ་བྱེད་ཐུབ།  གཞོན་ནུ་ནི་སྤྱི་ཚོགས་ཁྲོད་སྐྱེ་སྟོབས་ཆེ་ཤོས་དང་གདོང་མཆོང་གི་ངར་ཤུགས་ཆེ་ཤོས་ཀྱི་ཚོགས་པ་ཞིག་ཡིན་ཞིང་།  དེས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་བསྒྱུར་བཀོད་དང་སྤྱི་ཚོགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་རྫོགས་མཐའ་མེད་པ་ཞིག་སྦྱིན་ཐུབ། གུང་གཞོན་ཚོགས་པའི་རྒྱ་ཆེའི་ཚོགས་མི་དང་གཞོན་ནུ་རྣམས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  དུས་རབས་གསར་པའི་གསར་གཏོད་བྱེད་མཁན་དང་།  རང་རྟོགས་ངང་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་མཁན། རྒྱལ་ཁབ་ཀྱི་དོན་ཆེན་སེམས་ལ་འཆང་སྟེ་འགན་འཁྲི་ཕྲག་ཏུ་འཁུར་ནས་དུས་རབས་གསར་པར་འཇོན་ཐང་མངོན་ཐུབ་པ་དང་བྱས་རྗེས་འཇོག་ཐུབ་པ་བྱས་ནས།  རླབས་ཆེན་བྱ་གཞག་གི་སྟོབས་ཤུགས་གསར་པ་བརྩོན་ལེན་བྱས་ཏེ།  མེས་རྒྱལ་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་གནས་སུ་ལང་ཚོའི་མེ་ཏོག་བཞད་ཐུབ་པ་བྱེད་དགོས།

གསུམ་པ། རྒྱ་ཆེའི་གཞོན་ནུ་རྣམས་དང་སེམས་པ་གཅིག་མཐུན་བྱས་ཏེ།  ཐོག་མཐའ་བར་གསུམ་དུ་ཏང་གིས་ན་གཞོན་ལ་འབྲེལ་བ་བྱེད་པའི་འབྲེལ་ལམ་བརྟན་པོ་འགྱུར་དགོས།  གུང་གཞོན་ཚོགས་པ་ནི་ཏང་གིས་འགོ་ཁྲིད་བྱེད་པའི་ཚོགས་པ་ཞིག་ཡིན་ལ་གཞོན་ནུ་རང་ཉིད་ཀྱི་རྩ་འཛུགས་ཤིག་ཀྱང་ཡིན།  གུང་གཞོན་ཚོགས་པའི་ལེགས་ཆ་ཆེ་ཤོས་ནི་གཞི་རིམ་གྱི་ལས་ཡུལ་དང་པོར་ཁྱབ་པ་དང་གཞོན་ནུའི་ཁྲོད་སྐྱོད་རྒྱུ་དེ་རེད། གཞོན་ནུར་ཞབས་འདེགས་ཞུ་བའི་ལས་ཀར་དམ་པོར་དམིགས་ནས།  ཏང་གིས་སྲིད་སྐྱོང་བའི་གཞོན་ནུའི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ།  གཞོན་ནུའི་བདེ་སྡུག་ཏང་ལ་སྙན་སེང་ཞུ་བ་དང་། ཏང་གི་ཐུགས་ཁུར་གཞོན་ནུར་འཕྲོད་ཐུབ་པ་བྱེད་དགོས།  གུང་གཞོན་ཚོགས་པས་ཐབས་བརྒྱ་ཇུས་སྟོང་ངང་གཞོན་ནུ་ཚོར་དོན་དངོས་བྱ་བ་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱས་ཏེ། རང་འགུལ་ངང་གཞོན་ནུ་ཚོས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་། གཞོན་ནུ་ཚོས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱས་ནས། ཏང་གིས་གནང་བའི་མཐུན་རྐྱེན་ལ་བརྟེན་ནས་གཞོན་ནུ་ཚོར་རོགས་རམ་བྱས་ཏེ། རྒྱ་ཆེའི་གཞོན་ནུ་ཚོས་ཏང་གི་ཐུགས་ཁུར་ཚོར་ཐུབ་པ་བྱེད་དགོས།

བཞི་པ།  རང་ངོས་ལ་འགྱུར་ལྡོག་གཏོང་ཕོད་པ་བྱས་ཏེ། ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་མཁན་སྔོན་ཐོན་རྩ་འཛུགས་ཤིག་ཏུ་འགྱུར་བ་བྱེད་དགོས།  གུང་གཞོན་ཚོགས་པའི་ངོས་ནས་བཤད་ན།  གཞོན་ནུའི་རྩ་འཛུགས་གང་འདྲ་ཞིག་འཛུགས་སྐྲུན་བྱ་རྒྱུ་དང་།  གཞོན་ནུའི་རྩ་འཛུགས་ཇི་ལྟར་འཛུགས་སྐྲུན་བྱ་རྒྱུ་དེ་ནི་གཞི་རྩར་ཐུག་པའི་གནད་དོན་གལ་ཆེན་ཞིག་ཡིན།  ལམ་ལུགས་ནི་འགྱུར་ལྡོག་འགྲོ་བ་དང་ཐབས་ལམ་ནི་མང་པོ་ཡོད།  བྱ་ཐབས་རྙིང་པས་འགྱུར་ལྡོག་གསར་པར་ཁ་གཏད་འཇལ་མི་ཐུབ།  གུང་གཞོན་ཚོགས་པས་རང་ངོས་ལ་འགྱུར་ལྡོག་གཏོང་ཕོད་ན།  གཞི་ནས་དུས་རབས་འཕེལ་རྒྱས་དང་གཞོན་ནུ་གོང་འཕེལ།  ལག་ལེན་གསར་གཏོད་བཅས་བྱེད་པའི་གོམ་སྟབས་དང་འཚམས་ཐུབ་ངེས་ཡིན།  ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱེད་རྒྱུ་དེ་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་ཁག་ཏུ་དོན་འཁྱོལ་ཡོང་བ་བྱས་ཏེ།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མང་ཚོགས་ཚོགས་པའི་འཕེལ་རྒྱས་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས་པ་དང་།  ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན།  མང་ཚོགས་རང་བཞིན་བཅས་རྒྱུན་མཐུད་བྱེད་རྒྱུ་དང་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་ཚད་དང་དམ་པོར་བསྟུན་ནས།  གུང་གཞོན་ཚོགས་པར་བཅོས་སྒྱུར་གཏིང་ཟབ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།  གཞོན་ནུའི་འཕེལ་ཕྱོགས་ལ་བསྟུན་མཁས་པ་དང་།  གཞོན་ནུའི་ལས་ཀ་དང་འཚོ་བ་རོལ་སྟངས་སོགས་ཀྱི་འགྱུར་ལྡོག་གསར་པ་དང་ཁྱད་ཆོས་གསར་པར་གཞིགས་ནས།  ཚོགས་པའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་བསམ་ཕྱོགས་གསར་པ་དང་མ་དཔེ་གསར་པ་འཚོལ་ཞིབ་བྱས་ཏེ།  གཞོན་ནུའི་མཉམ་འབྲེལ་ཚོགས་པ་དང་སློབ་མའི་མཉམ་འབྲེལ་ཚོགས་པ་སོགས་ཀྱི་སྣེ་ཁྲིད་དེ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་བ་དང་།  གཞོན་ནུའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས།  རང་འགུལ་ངང་ཕྱོགས་ཡོངས་ནས་ཏང་ནན་མོའི་སྐྱོང་པའི་ཉམས་མྱོང་དང་བྱ་ཐབས་ལ་དམིགས་ནས།  བཅོས་སྒྱུར་གསར་གཏོད་ཀྱི་སྙིང་སྟོབས་དང་ནན་ཏན་དྲང་བཞག་གི་སྤྱོད་ཚུལ་ལ་བརྟེན་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།  ཚོགས་པ་ལ་དོ་དམ་དང་བཅོས་སྐྱོང་ནན་མོ་བྱས་ཐོག་ཚོགས་པ་འདི་ཉིད་ཕྱོགས་ཡོངས་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་།  གུང་གཞོན་ཚོགས་པས་དཔའ་ངར་ཆེར་བསྐྱེད་ངང་མདུན་སྐྱོད་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་མངོན་དགོས་པ་བཅས་ཡིན། །

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།