རིམས་ནད་ཀྱི་སྐབས་སུ་ཉེན་རྟོག་པས་རང་ནུས་ཡོད་ཚད་ཀྱིས་གྲོང་ཁྱེར་བརྟན་སྲུང་བྱས།
2022.05.11 ཁུངས། མི་དམངས་ཉིན་རེའི་ཚགས་པར། ཀློག་གྲངས། 19

—ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོའི་མཐོང་ཐོས།

རིམས་ནད་ནི་བཀའ་རྒྱ་ཡིན།

ཟླ5པའི་ཚེས6ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡི་ཉེན་རྟོག་པ500ལྷག་དུས་ཚོད་ཕྱེད་ཙམ་གྱི་ནང་ཕྱོགས་གཅིག་ཏུ་འཛོམས། མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཏང་ཨུས་ཐོག་མའི་དུས་ཚོད་ནང་མྱུར་དུ་འཕྲལ་སྒྲུབ་དང་ལེན་བྱས་ཏེ། རིམས་འགོག་བཀོད་འདོམས་པུའུ་བཙུགས་ནས། དམག་དཔུང་ཁག་བགོས་དང་ལས་བགོས་འགན་ཁུར་གྱིས་ཕྱོགས་བསྡུས་མཐུན་སྦྱོར་དང་། གཞི་གྲངས་འདེགས་སྐྱོར། སྤྱི་ཚོགས་ཐོག་གི་སྔོན་འགོག་ཚོད་འཛིན། དྲིལ་བསྒྲགས་འཕྲིན་སྤེལ། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་སོགས་ཚན་ཆུང6བཙུགས་པ་མ་ཟད་བྱ་བའི་ཇུས་གཞི་ཞིབ་ཕྲ་གཏན་འབེབ་བྱས།

ཟླ5པའི་ཚེས7ཉིན་གྱི་ཆུ་ཚོད་དྲུག་གི་སྟེང་། ལས་སྒྲུབ་ཉེན་རྟོག་པ་ཚང་མ་སྔོན་ལ་འཛོམས་ཏེ་བཀའ་སྒུག་ནས་བསྡད་ཡོད། སྔ་དྲོའི་ཆུ་ཚོད་བརྒྱད་ཀྱི་སྟེང་། མི་དམངས་ལ་རོགས་སྐྱོར་བྱེད་པའི་ཉེན་རྟོག་པ་དུས་ཐོག་ཏུ་མངའ་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་138ལ་ཐོན་ནས། ཐོལ་བྱུང་གི་གནས་ཚུལ་སྣ་ཚོགས་ལ་མགྱོགས་མྱུར་ཁ་གཏད་ནུས་ལྡན་འཇལ་བའི་འགན་ལེན་བྱས་ཏེ། ཉིང་སྐྱུར་བརྟག་དཔྱད་ཀྱི་བྱ་བ་བདེ་འཇགས་དང་གོ་རིམ་ལྡན་དུ་བཅུག

“ཁ་ཐུམ་ཡག་པོ་བརྒྱབ་ནས་སྨི་གཉིས་ཀྱི་བདེ་འཇགས་བར་ཐག་ལ་དོ་སྣང་བྱོས། འཚང་ཁ་མི་རྒྱག་རོགས།”

“ཚང་མས་བདེ་ཐང་བཤེར་རིས་དང་ཉིང་སྐྱུར་བསྡུ་ལེན་བཤེར་རིས་སྔ་མོ་ནས་ཤར་དུ་འཇུག་རོགས།”

ཉིང་སྐྱུར་སྔོག་འདོན་ས་ཚིགས་སོ་སོ་རུ། ལས་འགན་སྒྲུབ་མཁན་གྱི་ཉེན་རྟོག་པས་ཡུལ་དངོས་ཀྱི་མང་ཚོགས་ལ་རང་ངོས་ཀྱི་འགོག་སྲུང་ལ་ཤུགས་སྣོན་བྱེད་དགོས་པ་མ་ཟད། མི་ཚོགས་ཅུང་མང་བའི་གྲལ་སྒྲིག་མཁན་ལ་ཁྲིད་སྟོན་བྱས་ནས། དུས་མཚམས་དབྱེ་ནས་ཡར་འགྲོ་རུ་འཇུག་པ་དང་། བརྟག་དཔྱད་ས་ཚིགས་ཧྲིལ་པོར་བརྒྱུད་རིམ་ལྡན་དུ་བཅུག་ཡོད། དེ་དང་ཆབས་ཅིག མང་ཚོགས་ལ་ཉིང་སྐྱུར་བཤེར་རིས་བཀོལ་སྟངས་ཁྲིད་སྟོན་ཧུར་ཐག་བྱས་ནས། མང་ཚོགས་ཀྱིས་ཐོ་འགོད་མགྱོགས་མྱུར་སྒོས་ལེགས་སྒྲུབ་བྱ་རྒྱུར་རོགས་རམ་བྱས་པས། མང་ཚོགས་ཀྱི་དོགས་གཞིར་དུས་ཐོག་ཏུ་ཐག་བཅད་པ་དང་ཉིང་སྐྱུར་བསྡུ་ལེན་བྱ་བ་ཕན་ནུས་མཐོ་བའི་སྤེལ་བར་རམ་འདེགས་བྱས།

གང་དུ་དགོས་མཁོ་ཡོད་ན། དེ་གར་ཁོང་ཚོའི་གཟུགས་བརྙན་མཐོང་ཐུབ།

“ཁྱེད་ཀྱིས་སེམས་ཆུང་བྱོས། ངས་ཁྱེད་རང་སྐྱོར་ཆོག”

“ངས་ཁྱེད་ལ་བཤེར་རིས་ཐོ་འགོད་བྱེད་རོགས་བྱས་ཆོག”

“ཁྱེད་རང་གཅིག་པུ་ཡིན་ནམ། རྒན་པ་ཚོ་གེགས་མེད་ལམ་ཡངས་སུ་བསྐྱོད་ཆོག ཁྱེད་རང་ང་དང་མཉམ་དུ་འགྲོ།”

ལས་འགན་སྒྲུབ་མཁན་གྱི་ཉེན་རྟོག་པས་ཉིང་སྐྱུར་བརྟག་དཔྱད་ས་ཚིགས་ཀྱི་ལས་ཡུལ་དང་པོ་བརྟན་སྲུང་བྱས་ནས། མ་དཔེ་འཚོལ་བསྡུ་བྱེད་པའི་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོབ་དང་། སྨན་བཅོས་མི་སྣས་ཐོབ་ཐང་ཆ་འཕྲིན་ཞིབ་དཔྱད་དང་ར་སྤྲོད་བྱེད་པར་གཞོགས་འདེགས། རྒན་པ་གེགས་མེད་ལམ་ཡངས་སུ་བསྐྱོད་རྒྱུར་རོགས་རམ། དཀའ་ངལ་ཡོད་པའི་མི་སྣར་བཤེར་རིས་ཐོ་འགོད་བྱ་རྒྱུར་རོགས་རམ་བཅས་བྱེད་བཞིན་ཡོད། ཉིང་བསྐྱུར་བརྟག་དཔྱད་ས་ཚིགས138དུ་ཉེན་རྟོག་པས་ས་ཁོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཐད་ནུས་ཤུགས་ཡོད་རྒུས་རང་ནུས་ཅི་ཡོད་འདོན་བཞིན་ཡོད།

“འདི་ནི་ཐོག་དང་པོའི་གཡུལ་འགྱེད་མ་ཡིན་ལ། ང་ཚོས་ལྷོད་གཡེང་གཏན་ནས་བྱེད་མི་རུང་བར་དཀའ་ངལ་ཇི་ཙམ་ལ་འཕྲད་ཀྱང་ཕྲག་ཏུ་འཁུར་ཐུབ་པ་བྱེད་དགོས།”མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡི་ཏང་ཨུའི་ཧྲུའུ་ཅི། ཅུའུ་ཀྲང་ཧི་ཅོན་གྱི་འཐབ་རིམས་སྐུལ་སློང་དེ་བབ་ཆགས་ཤིང་གནད་ལ་འཁེལ་བ་ཞིག་རེད།

ཐེངས་འདིར་ཡང་དུ་བ་མེད་པའི་འཐབ་འཛིང་ཞིག་རེད། སྒྲ་མེད་པའི་སྲང་ལམ་ནི་གྲོང་ཁྱེར་གྱི་སྣང་ཚུལ་ཙམ་རེད། ཛ་དྲག་གི་འཐབ་འཛིང་ནི་གྲོང་ཁྱེར་གྱི་ཁྲག་རྩའི་སྟེང་གནས་ཡོད། སྲང་ལམ་རེ་རེ་དང་ལམ་མདོ་རེ་རེ། སྡོད་ཁུལ་རེ་རེ་བཅས་སུ་ཉེན་རྟོག་པའི་གློག་སྒྲོན་གྱིས་ནད་དུག་ལ་འཇིགས་སྣང་སྐུལ་བར་འདྲ་ཞིང་། ཉེན་རྟོག་པའི་མི་དམངས་ལ་ཁྲིད་སྟོན་བྱེད་ཀྱིན་ཡོད།

ཟི་ལིང་གྲོང་ཁྱེར་གྱི་རིམ་པ་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་བཀའ་འབྱོར་མ་ཐག་ལས་སྒྲུབ་བྱས་པ་དང་། ཉེན་རྟོག་པ་རྒན་གྲས་དང་ཉེན་རྟོག་པ་གསར་བ། བུད་མེད་ཉེན་རྟོག་པ། ལས་རོགས་ཉེན་རྟོག་པ་བཅས་གཅིག་ཀྱང་ཆད་མི་རུང་། ཁོ་ཚོའི་ཁྲོད་ཀྱི་མི་ལ་ལ་ཞིག་བཀག་སྡོམ་ས་ཁུལ་དུ་སླེབས་ཡོད་པ་དང་། མི་ལ་ལ་ཞིག་ལ་རྨས་སྐྱོན་ཆུང་དུ་ཕོག་རུང་ལས་ཡུལ་དང་པོར་བསྐྱོད་དགོས། ལ་ལས་བྱིས་པ་ཁྱིམ་མཚེས་ཀྱི་ཁྱིམ་དུ་བཅོལ་ནས་ལས་སྒྲུབ་བྱེད་དུ་འགྲོ་དགོས།

“ང་ནི་ཉེན་རྟོག་པ་ཡིན་ལ་ཏང་ཡོན་ཡང་ཡིན། གནད་འགག་གི་དུས་སུ་ང་ངེས་པར་དུ་རིམས་ནད་འགོག་སྲུང་ཁྲོད་ཞུགས་དགོས་པ་དང་། ཁྱོད་ཀྱིས་དཀའ་ལས་མྱངས་སྲིད་མོད། འོན་ཀྱང་། ཁྱོད་ལ་ཆད་པའི་སེམས་ཁུར་ངས་མི་ཚེ་གང་བོའི་དུས་ཚོད་བེད་སྤྱད་དེ་ཁ་གསབ་བྱེད་ངེས་ཡིན།”མཁར་ནུབ་སྤྱི་བདེ་ཡན་ལག་ཅུའུ་ཡི་མི་དམངས་ཉེན་རྟོག་པ་ཅི་ཡོན་ཀྲུང་གིས་ཕྲུ་གུ་སྐྱེས་རན་པའི་ཆུང་མར་དེ་ལྟར་བཤད་རྗེས། འོས་འགན་ཕྱིར་བཤོལ་མི་བྱེད་པར་རིམས་འགོག་གི་ལས་ཡུལ་དང་པོར་སྐྱོད་པ་རེད།

“རིམས་ནད་འགོག་བཅོས་ལ་རྒྱལ་ཁ་ཐོབ་རྗེས་ངས་ཁྱོད་རང་ཆུང་མར་ལེན་ངེས།” ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་རུ་ཆེན་བདུན་པའི་ལས་རོགས་ཉེན་རྟོག་པ་ཏུའུ་ཧའེ་དབྱིན་གྱིས་མ་འོངས་པའི་ཆུང་མར་དམ་བཅའ་བཞག གློ་བུར་དུ་བྱུང་བའི་རིམས་ནད་ཀྱི་མདུན་དུ། ཏུའུ་ཧའེ་དབྱིན་དང་སྨན་ཞབས་ཡིན་པའི་མ་འོངས་པའི་ཆུང་མ་གཉིས་ཀྱིས་གཉེན་སྒྲིག་གི་དུས་ཚོད་སླར་ཡང་ཕྱིར་འགྱངས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་བསྐྱོད་རྒྱུའི་ཐག་བཅད།

གུང་གཞོན་ཚོགས་མི་ཡིན་པའི་མི་དམངས་ཉེན་རྟོག་པས་དམག་འཐབ་ནང་ཞུགས་པའི་རེ་ཞུ་བྱས་པ་དང་། ཏང་ཡོན་ཡིན་པའི་མི་དམངས་ཉེན་རྟོག་པས་གང་དུ་བཀའ་བཏང་ན་ལས་གནས་དེ་གར་ཡོད་པའི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་བཏོན། བཀག་སྡོམ་སྡོད་ཁུལ་དུ་བྲེལ་འཚུབ་དང་གོ་རིམ་ལྡན་པའི་ངང་དངོས་ཟོག་བགོ་བཞིན་ཡོད་ལ། སྲིད་ཇུས་དང་བྱ་ཐབས་དྲིལ་བསྒྲགས་དང་འགྲེལ་བཤད་བྱེད་བཞིན་ཡོད། ཉིང་སྐྱུར་བརྟག་དཔྱད་གནས་སུ། སྡོད་དམངས་ལ་གོ་རིམ་ལྡན་པའི་ངང་བརྟག་དཔྱད་དང་བདེ་འཇགས་ཀྱི་བར་ཐག་རྒྱུན་འཁྱོངས་བྱ་རྒྱུར་ཁྲིད་སྟོན་བྱས། སྲང་ལམ་གྱི་མགོ་མཇུག་ཏུ་ཡོད་པའི་མི་རྣམས་ཕྱིར་ཁྱིམ་དུ་འགྲོ་རུ་འཇུག་པ་དང་། དུས་ཐོག་ཏུ་དཀའ་ངལ་ཡོད་པའི་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས།

གོམ་པ་ཁྲི་གསུམ་ལྷག་ཙམ་སོང་ཡོད་པ་དེ་ནི་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་བཀག་སྡོམ་ཚོད་འཛིན་ཁུལ་གྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་ལིག་ཝེ་དང་ལས་གྲོགས་ཚོའི་སྐད་འཕྲིན་གྱི་གོམ་པའི་ཟིན་ཐོ་རེད། ཆུ་ཚོད6ནི་ཁོ་ཚོས་བསྟུད་མར་ཉིན་གསུམ་ལ་གཉིད་པའི་དུས་ཚོད་རེད།

གྲོང་ཁུལ་གྱི་གཞུང་ལམ་སྟེང་དུས་རྒྱུན་གྱི་རླངས་འཁོར་དང་འདུ་འཛི་མེད་རུང་། མི་དམངས་ཉེན་རྟོག་པ་རྣམས་ཀྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད།

ཟླ5པའི་ཚེས9ཉིན་གྱི་དགོང་མོའི་ཆུ་ཚོད་བཅུ་ཙམ་ལ། མཁར་ནུབ་ཁུལ་བུའུ་ཁྲ་ལམ་མདོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་སུ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཡན་ལག་རུ་ཁག་རུ་ཆེན་གསུམ་པའི་རུ་དཔོན་གཞོན་པ་ཞེ་ཅིན་ཧྥུའུ་དང་ལས་གྲོགས་ཀྱིས་ལས་རེས་བྱེད་བཞིན་ཡོད་པ་དང་། ཁོ་ཚོས་འགྲོ་འོང་བྱེད་མཁན་རླངས་འཁོར་རིགས་ཀྱི་འགྲོ་སྐྱོད་ལམ་ཡིག་དང་། འགྲོ་འོང་གི་དཔང་ཡིག ཉིང་སྐྱུར་བརྟག་དཔྱད་སྙན་ཞུ་སོགས་ལ་ཞིབ་བཤེར་ཞིབ་ཕྲ་བྱེད་བཞིན་ཡོད།

“དམིགས་བསལ་གྱི་དུས་སྐབས་སུ། འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས། ལམ་ཡིག་མེད་ན་འགྲོ་མི་ཐུབ།” མི་སྒེར་གྱི་རླངས་འཁོར་ཞིག་གིས་ལམ་ཡིག་འདོན་སྤྲོད་བྱེད་མ་ཐུབ་པའི་དབང་གིས་ཕྱིར་འགྲོ་རུ་བཅུག

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་སུ། འགྲིམ་འགྲུལ་བརྟག་ཞིབ་ས་ཚིགས་ཀྱི་བྱ་བ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་། སྨན་བཅོས་མྱུར་སྐྱོབ་དང་དངོས་ཟོག་མཁོ་འདོན་འགན་སྲུང་། འཕྲལ་སྒྲུབ་ཉེན་སེལ་རླངས་འཁོར། དམིགས་བསལ་ཛ་དྲག་གནས་ཚུལ་འོག་རླངས་འཁོར་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་ཐུབ་རྒྱུ་འགན་ལེན་བྱེད་དགོས་ལ། ཉེན་ཁ་ཡོད་པའི་རླངས་འཁོར་གཅིག་ཀྱང་འགྲོ་འོང་བྱེད་དུ་འཇུག་མི་རུང་། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཀྱི་འཇགས་རྣམ་དོ་དམ་སྐབས་སུ། འགྲིམ་འགྲུལ་ཡན་ལག་རུ་ཁག་གི་རུ་ཆེན་གསུམ་པས་ཁོངས་གཏོགས་ཁུལ་དུ་བསྡོམས་པས་འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས13བཙུགས་ནས། མཁར་ནུབ་ཆུས་ཀྱི་འགྲོ་འོང་རླངས་འཁོར་ལ་དོ་དམ་ཚོད་འཛིན་ནན་མོ་བྱས།

“ད་ལྟ་ང་ཚོའི་བྱ་བ་སྒྲུབ་སྟངས་ནི་ཆུ་ཚོད24རིང་ལས་རེས་བྱེད་པ་དང་། ལས་ཡུལ་རེ་རེར་ཉེན་རྟོག་པ6བཀོད་སྒྲིག་བྱས་ནས། འགྲོ་འོང་བྱེད་མཁན་རླངས་འཁོར་ཚང་མར་དོ་དམ་ཚོད་འཛིན་དང་ཞིབ་བཤེར་བྱེད་དགོས་པས། ངེས་པར་དུ་གཟབ་ནན་བྱེད་དགོས་ལ་འདི་ནི་འགན་འཁྲི་ཞིག་རེད” ཅེས་ཞེ་ཅིན་ཧྥུའུ་ཡིས་དེ་ལྟར་བཤད།

རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགྲིམ་འགྲུལ་བཀག་སྡོམ་བྱས་པ་ནས་བཟུང་། ཞེ་ཅིན་ཧྥུའུ་དང་ལས་གྲོགས་ཚོས་བསྟུད་མར་ཆུ་ཚོད40ལྷག་ཙམ་ལ་བྱ་བ་སྒྲུབ་པ་དང་། བལྟས་ཚོད་ཀྱིས་དུས་ཚོད་མང་པོ་འགོར་མེད་པ་འདྲ་བའི་དུས་སྐབས་སུ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་མཁན་འགྲིམ་འགྲུལ་མི་དམངས་ཉེན་རྟོག་པའི་ངོས་ནས་བརྗོད་ན་ཡུད་ཙམ་ཞིག་ལ་ཡང་འདུག་ཁོམ་མེད། འགྲོ་འོང་བྱེད་མཁན་རླངས་འཁོར་མི་སྣའི་ལག་ཁྱེར་ལ་ཞིབ་བཤེར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ནུས་ཤུགས་ཡོད་རྒུས་སེལ་དགོས་ཤིང་། ལས་འགན་ཚང་མར་མིག་ཅེར་ནས་གཟབ་ནན་བྱེད་དགོས་པ་མ་ཟད། ནད་དུག་རླངས་འཁོར་དང་འགྲོགས་ནས་ཁྱབ་སྤེལ་བྱེད་པར་སྐྲག་དགོས།

འགྲིམ་འགྲུལ་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་སྟོབས་ཤུགས་ལས་གཞན། འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་རུ་ཆེན་གསུམ་པས་ད་དུང་རྐང་འཁོར་བཞོན་པའི་རུ་འབྲིང་གི་རུ་མི10མངགས་ནས། མཁར་ནུབ་ཁུལ་ཁོངས་གཏོགས་ཀྱི་ལམ་གཙོ་བོའི་སྐོར་གཡེང་དང་། དེ་མིན་ལམ་ངོས་སུ་གནས་པའི་ཐོལ་བྱུང་གནས་ཚུལ་སོགས“མཚན་མོའི་བྱ་ཐབས”ལ་བརྟེན་ནས་ཟི་ལིང་གི་མཚན་མོའི་བདེ་འཇགས་སྲུང་བའི་འགན་འཁུར་གྱིན་ཡོད།

བཀག་སྡོམ་ཁུལ་དུ“ཏང་གི་དར་ཆ་ལྷབ་ལྷུབ་གཡོ།”། སྔོན་འགོག་ཚོད་འཛིན་ཁུལ་གྱི་ཉེན་རྟོག་པ། རིམས་ནད་ཁུལ་གྱི“སྒོ་སྲུང་མཁན།” ཉེན་རྟོག་པའི་བཟའ་ཟླའི་རིམས་ནད་འགོག་རྒོལ་བྱེད་པ། དུས་ཚོད་དང་འགྲན་པའི་བུད་མེད་དཔའ་ངར་ཅན་སོགས་ཀྱིས“རིམས་ནད་མ་ཡལ་ན་ཕྱིར་བཤོལ་མི་བྱེད་པའི”ཞུམ་མེད་ཀྱི་བློ་སྟོབས་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཉེན་རྟོག་པའི་འགན་འཁྲི་གསལ་བཤད་བྱས་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།