ང་ཚོས་རང་གིས་སྒྲུབ་འོས་པའི་ལས་ཀ་དེ་སྒྲུབ་བཞིན་ཡོད།
2022.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་ལྔ་བའི་ཚེས་བརྒྱད་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་ཐམ་པའི་སྟེང་། འབྲེལ་ཡོད་སྡེ་ཁག་གིས་ཏང་ཡོན་ལས་བྱེད་པ་རྣམས་རིམས་འགོག་བྱ་བར་ཞུགས་དགོས་པའི་འབོད་སྐུལ་བཏང་པ་ཐོས་རྗེས་སུ། མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིན་གྱིས་དུས་སྐབས་དང་པོའི་ནང་བྱ་བར་བཀོད་སྒྲིག་བྱས་པ་དང་། ཆུ་བེད་ཐིན་རིམས་འགོག་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་མྱུར་དུ་གྲོས་འདོན་ཡི་གེ་ཁྱབ་སྒྲོག་བྱས་ཏེ་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཡོན་ལས་བྱེད་པ་རིམས་འགོག་བྱ་བར་ཞུགས་པར་རྩ་འཛུགས་བྱས།རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཧུར་ཐག་གིས་དང་ལེན་དང་མྱུར་དུ་བྱ་སྤྱོད་སྤེལ་ནས་རྣམ་པ་ཀུན་ཏུ་ལས་འགན་སྒྲུབ་པར་གྲ་སྒྲིག་གང་ལེགས་བྱས།

མཚོ་སྔོན་ཞིང་ཆེན་ཡིན་ཏ་ཅིས་ཧོང་བཟོ་སྐྲུན་འཛུགས་སྐྲུན་འཁོར་སྐྱོད་ཅུའུ་ཡི་ན་གཞོན་ལས་བྱེད་པ་ཀྲའོ་ཙུང་རོས་ལ་མཚོན་ན། ཟི་ལིང་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་ཁོ་རང་མུ་མཐུད་དུ་དང་བླངས་པའི་ཞབས་ཞུའི་བྱ་འགུལ་ལ་ཞུགས་ནས་དུས་རྒྱུན་དུ་རིམས་འགོག་རས་གུར་ཕུབ་པ་དང་རིམས་འགོག་ལྭ་བ་སྟེར་བ། རིམས་འགོག་སྐོར་གྱི་ཉེར་སྤྱོད་དངོས་རྫས་ལ་དུག་སེལ་བྱེད་པ། བཤེར་རིས་གནས་ཚུལ་ཐོ་འགོད་བྱེད་པ།ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོབ་བྱེད་པ། ཉིང་སྐྱུར་བརྟག་འབྲས་སྐྱེལ་བར་རོགས་རམ་བྱེད་པ་སོགས་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བརྒྱུད་རིམ་མང་ཆེ་བའི་བྱ་བར་ཞུགས་མྱོང་།

ཁོས་བཤད་རྒྱུར། རིམས་འགོག་བྱ་བ་དེ་མི་སྐོར་ཅིག་གིས་རྒྱུན་འཁྱོངས་བྱེད་པ་ཞིག་མིན་པར་མི་རེ་རེ་ཡིས་འབད་བརྩོན་བྱེད་བཞིན་འདུག ང་ནི་ན་གཞོན་ཞིག་ཡིན། ཉིན་གང་བོར་ལངས་ནས་བསྡད་ན་ལུས་པོ་ཤིན་ཏུ་ཐང་ཆད་མོད། ཡིན་ན་འང་ང་ཚོ་དང་མཉམ་དུ་ཡོད་པའི་དང་བླངས་པའི་ཁྲོད་དུ་ལོ་ན་བདུན་ཅུར་སོན་པའི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་རྒན་པ་ཡང་ཡོད། ཏང་ཡོན་རྒན་པ་དེ་དག་ནི་ང་ཚོ་དང་འདྲ་བར་ཞོགས་པ་སྔ་མོའི་དུས་ཚོད་བདུན་ནས་བཟུང་སྟེ་ཕྱི་དྲོའི་བར་དུ་ལས་གནས་སུ་ཞུགས་ཡོད་པ་དང་། རིམས་འགོག་ལྭ་བ་གྱོན་རྗེས་སུ་བར་གླགས་ནས་ཟ་མ་ཟ་བའི་ཁོམ་སྐབས་ཅུང་ཙམ་ལས་གཏན་ནས་མེད། ང་རང་ནི་ལོ་ན་གཞོན་པའི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་རིམས་འགོག་བྱ་བའི་མཁྲེགས་གཏོར་འཐབ་རྩོད་ཁྲོད་དུ་གདོང་མཆོང་གི་ནུས་པ་ཐོན་པར་བྱས་ཏེ། ལས་ཡུལ་དང་པོའི་བྱ་བའི་ལས་རྐང་དུ་བྱས་རྗེས་འཇོག་དགོས་ཟེར། མཚོ་སྔོན་ཞིང་ཆེན་ཆུ་བེད་འཕེལ་རྒྱས་སྡེ་ཚོགས་ཀྱི་ལས་བཟོ་པ་ལིས་ཏི་ཆང་ལ་མཚོན་ན་ཟླ་བཞི་བ་ནས་བཟུང་སྟེ་རང་འགུལ་སྒོས་སྡེ་ཁུལ་གྱི་ནང་དུ་དང་བླངས་པའི་མིང་ཐོ་བཀོད། ཐེངས་འདིར་རིམས་ནད་གློ་བུར་དུ་བྱུང་བའི་སྐབས་སུ་ཁོ་རང་ལ་ལྷོ་རིའི་སྡེ་ཁུལ་གྱི་གེགས་མེད་བགྲོད་ལམ་གྱི་བྱ་བར་སྣེ་ཁྲིད་བྱེད་པའི་ལས་འགན་བཀོད་སྒྲིག་བྱས་ཡོད།  ལིས་ཏི་ཆང་གིས་བཤད་རྒྱུར།ཐོག་དང་པོར་གེགས་མེད་བགྲོད་ལམ་ནི་རྒན་པ་དང་དབང་བོ་སྐྱོན་ཅན། དེ་མིན་སྦྲུམ་མ་སོགས་ལ་ཆེད་དུ་བཀོད་སྒྲིག་བྱས་པ་ཞིག་ཡིན། སྐབས་དེར་ངས་ཤེས་རྟོགས་བྱུང་བ་ཞིག་ནི་རིམས་ནད་ཀྱི་སྐབས་སུ་དྲ་སྟེང་ནས་སློབ་ཁྲིད་ལ་ཞུགས་དགོས་པའི་སློབ་མ་མང་པོ་ཞིག་ཡོད་པ་དང་སློབ་མ་དེ་དག་ལ་དུས་ཚོད་ཕྱེད་ཀའི་ངལ་གསོ་མ་གཏོགས་མེད། དེ་བས་ངས་འབྲེལ་ཡོད་མི་སྣ་དང་མཐུན་སྦྱོར་བྱས་ནས་གེགས་མེད་བགྲོད་ལམ་གྱི་ཞབས་ཞུའི་ཁྱབ་ཁོངས་རྒྱ་ཆེ་རུ་བཏང་སྟེ། རང་ཉིད་ཀྱི་ནུས་པ་དང་སྟོབས་ཤུགས་ལ་བརྟེན་ནས་བྱ་བ་དེ་ལེགས་པོར་བསྒྲུབས་པ་ཡིན་ཟེར།

རིམས་ནད་བྱུང་བ་ནས་བཟུང་སྟེ། ལིས་ཏི་ཆང་གིས་ཉིན་རེ་བཞིན་མི་གྲངས་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་བཀོད་སྒྲིག་ཞིབ་མོ་བྱས་ཏེ་གེགས་མེད་བགྲོད་ལམ་བརྒྱུད་དུ་འཇུག་བཞིན་ཡོད། ཁོས་བཤད་རྒྱུར། སྤྱིར་ན་ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀའི་སྟེང་ནས་ཕྱི་དྲོའི་དུས་ཚོད་གསུམ་བར་ལས་ཀར་ཞུགས་དགོས་པ་དང་། སྐབས་རེར་ཆར་བ་འབབ་པའི་ཉིན་མོར་ལྭ་བའང་ཐེངས་གཉིས་གསུམ་ཙམ་ལ་རློན་པར་གཏོང་བཞིན་ཡོད་པས་དཀའ་ཁག་ཅུང་ཡོད་མོད། ཡིན་ནའང་མི་རྣམས་ཀྱིས་ཁྱོད་ཀྱིས་དཀའ་ལས་མྱངས་སོང་། བཀའ་དྲིན་ཆེ་ཞེས་ཟེར་ཐེངས་རེ་ལ་ངས་རང་ཉིད་ཀྱིས་སྒྲུབ་བཞིན་པའི་ལས་ཀ་དེ་ནི་དངོས་གནས་སྒྲུབ་རིན་ཡོད་པ་ཞིག་ཏུ་བསམ་བཞིན་ཡོད། ང་ཡིས་རང་གིས་སྒྲུབ་འོས་པ་དེ་སྒྲུབ་བཞིན་ཡོད། ཧྲོས་བིན་ལྟེ་གནས་ཀྱི་ལས་བཟོ་པ་མ་ཀྲོང་ཕིན་གྱི་འཆར་གཞི་ལྟར་ན། ད་ལོའི་སྤྱི་ཟླ་ལྔ་བའི་ཚེས་བརྒྱད་ཉིན་གཉེན་སྒྲིག་བྱེད་རྩིས་ཡོད་མོད། ཡིན་ནའང་གློ་བུར་དུ་བྱུང་བའི་རིམས་ནད་ཀྱི་དབང་གིས་ཁོའི་གཉེན་དོན་དེ་རིམ་བཞིན་ཕྱིར་སྣུར་བྱེད་དགོས་བྱུང་། མ་ཀྲོང་ཕིན་གྱིས་བཤད་རྒྱུར། སྡེ་ཁུལ་གྱི་ཚོགས་པའི་ནང་དུ་དང་བླངས་པ་སྐོར་ཅིག་ཁྱིམ་ཚང་རེ་རེར་སོང་ནས་རྟོག་ཞིབ་བྱེད་དགོས་པའི་གནས་ཚུལ་བསྒྲགས་མ་ཐག་ངས་མྱུར་དུ་དང་བླངས་པའི་རུ་ཁག་ཏུ་མིང་ཐོ་བཀོད་པ་ཡིན། སྐབས་དེར་ངས་རིམས་ནད་གློ་བུར་དུ་བྱུང་བའི་སྐབས་འདིར་རང་གིས་ཀྱང་སྒྲུབ་འོས་པའི་བྱ་བ་ཞིག་ཅིས་ཀྱང་བསྒྲུབ་དགོས་བསམས་བྱུང་།ང་ཚོས་དགོང་མོའི་དུས་ཚོད་བདུན་གྱི་སྟེང་དུ་གསོ་སྦྱོང་སྟབས་བདེ་ཞིག་བྱས་རྗེས། མི་གཉིས་རེ་ཚན་ཆུང་གཅིག་ཏུ་བྱས་ནས་ཁྱིམ་ཚང་རེ་རེར་རྟོག་ཞིབ་བྱས་པ་དང་། ནམ་གུང་གི་དུས་ཚོད་གཅིག་གི་སྟེང་ད་གཟོད་ལས་ཀ་མཇུག་སྒྲིལ་བ་ཡིན་ཟེར། མ་ཀྲོང་ཕིན་གྱིས་བསྐུར་ཡོང་བའི་ཁྱིམ་ཚང་རེ་རེར་རྟོག་ཞིབ་བྱེད་སྐབས་ཁོས་གྱོན་པའི་ལྭ་བ་དཀར་པོ་དེའི་སྟེང་དུ་རང་གི་རུས་མིང་དང་ཐོབ་ཐང་སོགས་ཅི་ཡང་བྲིས་མེས་པར་སྟོང་ཆར་བསྐྱུར་འདུག དེ་ལ་མ་ཀྲོང་ཕིན་གྱིས་བཤད་རྒྱུར། སྐབས་དེར་ང་ཚོར་བྲེལ་བ་ཤིན་ཏུ་ཆེ་བས་རང་གི་ཆ་འཕྲིན་སོགས་འབྲི་བའི་དུས་ཚོད་ཡེ་ནས་མེད་པར་མྱུར་དུ་ལས་ཀར་ཞུགས་པ་ཡིན་ཟེར།གློ་བུར་དུ་བྱུང་བའི་རིམས་ནད་ཀྱི་མདུན་དུ་ཆུ་བེད་ལས་རིགས་ཀྱི་མི་སྣ་ཚོ་མ་སྐུལ་དང་བླངས་སྒོས་གདོང་དུ་མཆོངས་ནས། དོན་དངོས་ཀྱི་འགུལ་སྐྱོད་ལ་བརྟེན་ནས་རིམས་ནད་ལ་འཐབ་རྩོད་བྱས་ཏེ། དུས་རབས་ཀྱི་ན་གཞོན་ཚོའི་འགན་འཁྲིའི་སྙིང་སྟོབས་དང་ལང་ཚོའི་སྤོབས་སེམས་མཚོན་པར་བྱས།

                                                                           ཡིག་སྒྱུར་བ། གཡང་འབུམ་རྒྱལ།