ཏང་ཡོན་གྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་རིམས་འགོག་བྱ་བར་འབད་འཐབ་བྱས།
2022.05.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

ལས་བྱེད་མི་སྣས་ཏང་དར་གྱི་སྣེ་ཁྲིད་འོག་རིམས་ནད་ཡུལ་དངོས་སུ་འབད་འཐབ་བྱས།

ཕོ་རྒོད་ཡིན་མིན་གཡུལ་སར་ཞུགས་ན་ཤེས། གསེར་བཟང་ཡིན་མིན་མེ་ནང་བསྲེགས་ན་ཤེས། “རིམས་ནད”ཀྱི་མདུན་དུ། བཀའ་འབྱོར་རྗེས་གྲོང་གསེབ་དང་སྡེ་ཁུལ་གང་ཡིན་རུང་། ཟི་ལིང་གྲོང་ཁྱེར་གྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རིམས་འགོག་གི་བྱ་བའི་ཁྲོད་མགྱོགས་མྱུར་སྒོས་ཞུགས་པ་དང་། མྱུར་དུ་འགོག་སྲུང་ལས་ཡུལ་དང་པོར་བསྐྱོད་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཐོག་མའི་བསམ་འདུན་གྱི་ལས་འགན་སྒྲུབ་པ་དང་། འགན་འཁྲི་ཁུར་ནས་སྲ་ཞིང་བརྟན་པའི་བཙན་རྫོང་ཞིག་བསྐྲུན་ཡོད།

“ཟླ5པའི་ཚེས8ཉིན་ནི་རང་ཉིད་ཀྱི་མི་ཚེའི་ཁྲོད་ཀྱི་མ་ཡུམ་དུས་ཆེན་དང་པོ་ཡིན། གཟའ་མཇུག་འདིར་རིམས་ནད་ཀྱི་རྐྱེན་གྱིས་ངལ་གསོ་བྱེད་མ་ཐུབ་པ་དང་། དེ་ནི་རང་ཉིད་ཀྱང་བྱིས་པ་དང་མཉམ་དུ་མ་བསྡད་པའི་དགོང་མོ་དང་པོ་ཡིན། བྱིས་པའི་རྨོ་མོས་ང་ལ་བློ་བདེ་པོའི་ངང་བྱ་བ་སྒྲུབ་ཏུ་སོང་། བྱིས་པར་སེམས་ཁྲལ་བྱེད་མི་དགོས་ང་ཚོས་བདག་སྐྱོང་བྱེད་ངེས་ཡིན། ཕྱིར་ལོག་པའི་དུས་ནམ་ཡིན་པ་གཏན་འཁེལ་བྱས་མེད་མོད། འོན་ཀྱང་ངའི་ཁྱིམ་མིས་རྟག་ཏུ་ཁོ་ཚོའི་བྱ་ཐབས་ལ་བརྟེན་ནས་ང་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད།” ཟླ5པའི་ཚེས་9ཉིན་གྱི་ཐོ་རེངས་སུ། ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་འཕྲོད་བསྟེན་བདེ་ཐང་ཅུའུ་ཡི་ལས་བྱེད་མི་སྣ་ལིག་ཐིན་ཐིན་གྱིས་སྐད་འཕྲིན་རྒྱབ་ལྗོངས་སུ་གནས་ཚུལ་དེ་འདྲ་ཞིག་སྤེལ་རྗེས། གྲོགས་པོ་ཚོ་དང་མཉམ་དུ་བྲེལ་འཚུབ་ཀྱི་བྱ་བའི་ཁྲོད་ཞུགས།

རིམས་ནད་ནི་དུ་བ་མེད་པའི་གཡུལ་འགྱེད་ཞིག་ཡིན་ལ། གཞི་རིམ་ཏང་འཛུགས་སྐྲུན་ལ་ཞིབ་བཤེར་བྱེད་པའི་རྒྱུགས་ར་ཡང་ཡིན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཐོག་མའི་དུས་ཚོད་ནང《མཁར་ནུབ་ཁུལ་གྱི་ཁྱིམ་སྡོད་ཏང་ཡོན་རིམས་ནད་སྔོན་འགོག་ཚོད་འཛིན་ནང་ཞུགས་པར་སྐུལ་སློང་བྱེད་པའི་སྐོར་གྱི་གྲོས་འགོའི་ཡི་གེ》སྤེལ་བ་དང་། མཁར་ནུབ་ཁུལ་དུ་སྡོད་པའི་ལས་དོན་ལས་ཁུངས་དང་ཁེ་ལས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་མི་སྣས་རང་འགུལ་ངང་གནས་སའི་སྡེ་ཁུལ་དུ་འབྱོར་ཐོ་འགོད་པར་སྐུལ་སློང་བྱས་པ་དང་། སྡེ་ཁུལ་ཏང་རྩ་འཛུགས་ཀྱིས་སྒྲིག་ལམ་སྲུང་སྐྱོབ་དང་། ཞིབ་དཔྱད་ཁྲིད་སྟོན། དངོས་ཟོག་ཚབ་ཉོ། དཀའ་ངལ་སེལ་རོགས་སོགས་ཀྱི་བྱ་བ་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་པ་རེད།

ལམ་མདོ་རུ་ལས་རེས་བྱེད་པ་དང་བཤེར་རིས་ཐོ་འགོད། རླངས་འཁོར་ལ་དུག་སེལ། འཕྲོད་བསྟེན་གཙང་བཤེར་སོགས་ནི་མཁར་ནུབ་ཁུལ་ཕིན་ཅ་ཀྲའེ་གྲོང་རྡལ་ཧན་ཀྲོང་སྡེ་བའི་བུད་མེད་ཀྲི་པུའུ་ཧྲུའུ་ཅི་ཀན་ཀྲན་དཔའ་ཡིས་རིམས་ནད་འགོག་སྲུང་ལས་ཡུལ་གྱི་གཟུགས་བརྙན་རེད། “ང་ནི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན། བྱ་བ་ཡོད་ཚེ་ང་སྔོན་ལ་སྐྱོད་དགོས”ཞེས་པ་ནི་ཁོ་མོའི་རྒྱུན་ལྡན་དུ་བཤད་པའི་སྐད་ཆ་རེད། ཁོ་མོའི་སྣེ་ཁྲིད་འོག སྡེ་བའི་ཏང་ཡོན་དང་ལས་བྱེད་པ། དང་བླངས་པ་བཅས་ཀྱི་ལག་འཁྱེར་ཁ་པར་ཆུ་ཚོད་ཉེར་བཞིའི་རིང་འབྱེད་དགོས་ལ། སྡེ་བའི་ནང་ཆུ་ཚོད24རིང་སྐོར་གཡེང་ཚོད་འཛིན་དང་ལམ་མདོར་ཆུ་ཚོད24རིང་ལྟ་སྲུང་བྱེད་ཀྱིན་ཡོད།

ཀན་ཀྲན་དཔའ་ཡིས་བཤད་རྒྱུར། “ང་ཚོས་དཀའ་ངལ་མང་ཙམ་ཁྱད་བསད་བྱས་ཚེ་མང་ཚོགས་རྣམས་བློ་བདེ་པོ་ཡོང་ཐུབ”ཟེར།

དུ་བ་མེད་པའི་དམག་འཁྲུག་འདིའི་ཁྲོད། རིམས་ནད་གང་དུ་ཡོད་ན་དེ་རུ་ཏང་རྩ་འཛུགས་ཡོད་པ་དང་། གང་དུ་དགོས་མཁོ་ཡོད་ན་དེ་གར་ཏང་ཡོན་ལས་བྱེད་པས་གདོང་མཆོང་ལས་སྒྲུབ་བྱེད་བཞིན་ཡོད།

ཟླ5པའི་ཚེས7ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། སྟོང་སྐོར་རྫོང་ཁྲིན་ཀོན་གྲོང་རྡལ་དང་། ཏ་དཔའ་གྲོང་རྡལ། པཱ་ཡན་ཡུལ་ཚོའི་ཁོངས་གཏོགས་ཁུལ་དུ་འཇགས་རྣམ་དོ་དམ་བྱས་པ་དང་། རྫོང་ཡོངས་སུ་དང་བླངས་པ1337དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ304ཡིས་བཀའ་རྒྱ་འབྱོར་མ་ཐག་བྱ་སྤྱོད་སྤེལ་ཏེ་ལས་ཡུལ་དང་པོར་བསྐྱོད་པ་དང་། མཚན་མོ་དེ་ཉིང་སྐྱུར་བརྟག་དཔྱད་གནས་སུ་རས་གུར53ཕུབ་པ་དང་། སྨན་བཅོས་མི་སྣ295མཚན་མོ་དེར་ཉིང་སྐྱུར་སྔོག་འདོན་ས་ཚིགས་སུ་འཛོམས་ལ། མི་དམངས་ཉེན་རྟོག་པ235ཡིས་ལས་ཡུལ་དང་པོའི་ལས་གནས་སུ་ལས་སྒྲུབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཉིང་སྐྱུར་བརྟག་དཔྱད་བྱ་བར་ཞབས་འདེགས་ཞུས།

ཁྲིན་ཀོན་གྲོང་རྡལ་གྱིས་ཁོངས་གཏོགས་ཁུལ་གྱི་ལས་ཐོག་ཏང་ཡོན་ལས་བྱེད་པས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པ་དང་། “སྒོ་རྡུང་བྱ་སྤྱོད”སྤེལ་ནས་ལས་གནས་བརྟན་སྲུང་བྱས་པ་མ་ཟད། ད་དུང“ཡུལ་མིས་སྡོད་གནས་སུ་དངོས་ཟོག་འདེམས་པ་དང་། སྡེ་ཁུལ་གྱིས་མངག་ཐོ་ཡར་སྤྲོད་བྱེད་པ། ལས་ཁུངས་ཀྱིས་མངག་ཐོ་དངོས་འབེབ་བྱེད་པ། ལས་བྱེད་པའི་མངག་ཐོ་དང་ལེན་བྱེད་པ། མང་ཚོགས་ཀྱིས་མངག་ཐོ་དཔྱད་བསྡུར་བྱེད་པ”བཅས་ཀྱི“ཚལ་ཐོ་རྣམ་པའི”དང་བླངས་ཞབས་འདེགས་ཞུ་སྟངས་སྤྱད་ནས། དུས་ཐོག་ཏུ་འབྲས་དང་ཕྱེ། སྣུམ། སྔོ་ཚལ། སྨན་རྫས་སོགས་འཚོ་བའི་དངོས་ཟོག་སྡོད་དམངས་ཀྱི་ཁྱིམ་དུ་སྐྱེལ།

བློ་རྩ་བརྟན་པོའི་བྱེད་ཐབས་དང་དྲོད་སྐྱིད་ལྡན་པའི་བྱ་སྤྱོད་རེ་རེ་བཞིན་རྫོང་ཡོངས་ཀྱི་གཏིང་ཤུགས”ཆེ་ཤོས་སུ་གྱུར་ཡོད།

“རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་དམངས་ལ་བཅངས་པའི་བརྩེ་སེམས་ལ་ཞིབ་ལྟ་བྱེད་པ་དང་། ཚོད་བགམ་བྱེད་པ་ནི་འགན་འཁྲིའི་འདུ་ཤེས་དེ་ཡིན་མོད། འོན་ཀྱང་སྡེ་བའི་ནང་གི་ཁྱིམ་བདག་ལྟ་བུ་ཞིག་ཡིན་པའི་ངོས་ནས། ཚང་མས་རེ་འབོད་བྱས་ཚེ་ཆུ་ཚོད་24རིང‘ལས་གནས་སུ་ཡོད་པ’ངས་འགན་ལེན་བྱེད་ཐུབ”ཅེས་ཏ་དཔའ་གྲོང་རྡལ་ཁྲི་ཧན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧི་ཙུང་ཞན་གྱིས་བློ་བརྟན་འགྱུར་མེད་ངང་དེ་ལྟར་བཤད།

“མི་སེམས་གཅིག་ཏུ་བསྒྲིལ་ན། རི་རྒྱལ་ལྷུན་པོ་སྤོ་ནུས། རིམས་ནད་ནི་ཏང་ཡོན་གྱི་ཏང་གཤིས་སྙིང་སྟོབས་ལ་ཚོད་བགམ་བྱེད་པ་ཞིག་ཡིན་པས། ཏང་ཡོན་ཞིག་ཡིན་པའི་ངོས་ནས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ནུས་ཤུགས་གང་ཡོད་བཏོན་སྟེ། ང་ཚོའི་ཁྱིམ་གཞིས་ཐུན་མོང་གིས་སྲུང་སྐྱོབ་ཡག་པོ་བྱེད་དགོས”ཅེས་མཁར་བྱང་ཆུས་མེ་འཁོར་ནུབ་ཚུགས་སྲང་ལམ་ཙོང་ཆུའི་འགྲམ་གྱི་སྡེ་ཁུལ་དུ་ལོ་བདུན་ཅུ་ལྷག་ཡིན་པའི་ཏང་ཡོན་རྒན་པ་སུང་ཅན་ཀྲུང་གིས་སྤོབས་སེམས་ཆེན་པོས་དེ་ལྟར་བཤད།

ཏང་ཡོན་ཞིག་ལ་ལས་གནས་ཤིག་དང་། ཏང་ཡོན་ཞིག་ལ་དར་ཆ་རེ་ཡོད། གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས“བཀོད་འདོམས་པ”བྱེད་ལ་“འཐབ་འཛིང་པ”ཡང་བྱེད་པ་དང་། ཁྱིམ་ཚང་ཆུང་ངུ་དོར་ནས་མི་ཚང་མར་ཞབས་འདེགས་ཞུ་བཞིན་ཡོད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལས་བྱེད་པ་དང་མང་ཚོགས་ཚོའི་བློ་སེམས་གཅིག་སྒྲིལ་དང་། སྐྱིད་སྡུག་མཉམ་མྱོང་གི“སྙིང་སྟོབས”མཚོན་པར་བྱས་ཡོད།

སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ནི་འགག་སྒོ་གལ་ཆེན་དང་རྨང་གཞིའི་རིམ་པ་གལ་ཆེན་ཞིག་ཡིན། མཁར་ནུབ་ཁུལ་ཝུན་ཧའེ་སྲང་ལམ་ཧའེ་ཧུའུ་ཐང་ཆེན་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི། སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལིས་ཧོས་ཀྱིས་ཏང་ཡོན་ལས་བྱེད་པ་བཅུ་ལྷག་ཙམ་གྱི་སྣེ་ཁྲིད་དེ་སྐྱ་རེངས་ནས་ས་སྲིབ་བར་དུ་བྲེལ་བ་ཆེན་པོས་བྱ་བ་སྒྲུབ་ཀྱིན་ཡོད།

“ལུས་པོའི་དྲོད་ཚད་འཇལ་བ་དང་རྩ་གཉིས་ཨང་རྟགས་བཤེར་ནས་སྡེ་ཁུལ་གྱི་སྒོ་ཆེན་སྲུང་བཞིན་ཡོད། ཁྱིམ་དུ་བསྐྱོད་དེ་གྲལ་བཤེར་དང་དུག་སེལ་བཀོད་སྒྲིག་བྱས་ནས། སྡེ་ཁུལ་གྱི་ཁྱིམ་གཞིས་ཆེན་པོ་སྲུང་སྐྱོབ་ཡག་པོ་བྱ་རྒྱུ་སོགས་ནི་ང་ཚོའི་སྡེ་ཁུལ་དུ‘རིམས་ནད’འགོག་པའི་གསང་བའི་མཚོན་ཆ་ཞིག་རེད”ཟེར། བསྟུད་མར་ཉིན་འགའི་རིང་ལ། ཧའེ་ཧུའུ་ཐང་ཆེན་སྡེ་ཁུལ་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཡོན་གྱིས་སྣེ་ཁྲིད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་ཡུལ་དང་པོར་འབད་འཐབ་བྱས་ནས། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་སྣ་ཚོགས་དྲིལ་བསྒྲགས་དང་ཚན་པ་རེ་རེ་བཞིན་དང་ཁྱིམ་ཚང་རེ་རེའི་ཡུལ་མིའི་ཁྲོད་དོན་འཁྱོལ་བྱས་པ་རེད།

“སྡེ་ཁུལ་ནི་ངའི་ཁྱིམ་གཞིས་ཡིན་པས་འདི་གར་སྲུང་སྐྱོབ་ཡག་པོ་བྱེད་པའི་འགན་འཁྲི་ང་ལ་ཡོད།”མཁར་ཤར་ཆུས་ཏ་ཀྲུང་སྲང་ལམ་ལྔ་གཅིག་ལམ་སྡེ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཞེ་ཡུས་ཧྥང་དང་ལས་གྲོགས་ཚོས་ལས་ཡུལ་དང་པོ་རུ་ཟླ་གཅིག་ལྷག་ཙམ་ལ་ལས་གནས་བརྟན་སྲུང་བྱས་ཡོད། “སྒོ་ནང་འཛུལ་བའི”བྱ་བར་དམ་འཛིན་བྱ་ཆེད། ལྔ་གཅིག་ལམ་སྡེ་ཁུལ་གྱི་ཏང་ཨུས“དྲ་མིག་ཅན་གྱི་དྲ་སྦྲེལ”བྱ་བའི་ལམ་སྲོལ་སྤྱད་དེ། སྡོད་ཁུལ་ཚན་པར་བྱས་ནས་སྡོད་ཁུལ་གྱི་ཏང་ཀྲི་པུའུ་དང་ཐོག་ཁང་གི་ཚན་པ་རེའི་ཏང་གི་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ། ཏང་ཡོན་ཡོངས་དྲ་སྦྲེལ་ནང་ཞུགས་པའི་རྩ་འཛུགས་བྱས་ནས། ཟི་ལིང་དང་ཁ་འབྲལ་བ་དང་ཕྱིར་ཟི་ལིང་དུ་ལོག་མཁན་ལ་དྲ་སྟེང་ནས་གྲལ་བཤེར་བྱས་པ་དང་། གཙོ་གནད་མི་ཚོགས་ལ་དམ་པོར་དམིགས་ནས་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པ་བྱས་པ་རེད།

“ཚང་མས་སྔོན་ལ་ཐོབ་ཐང་ལག་ཁྱེར་གྲ་སྒྲིག་ཡག་པོ་བྱེད་པ་དང་། ལས་བྱེད་མི་སྣའི་མཛུབ་སྟོན་ལ་ཉན་པ། འཚང་ཁ་མི་རྒྱག་པ་བཅས་བྱེད་དགོས། ཚང་མས་གཞོགས་འདེགས་བྱས་པར་བཀའ་དྲིན་ཆེ་ཞུ།” ཉིང་སྐྱུར་བརྟག་དཔྱད་ཡུལ་དངོས་སུ། ཕྱོགས་ཡོངས་ནས་བསྐོ་འཐེན་བྱས་པའི་ལས་རོགས་ཉེན་རྟོག་པ་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་བ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས་བྱས་ཏེ། གདོང་མཆོང་བྱེད་ཕོད་པ་དང་གདོང་ལེན་པ་བྱེད་ཀྱིན་ཡོད། ཟླ5པའི་ཚེས6ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་མྱུར་དུ་ཉེན་རྟོག་པ་མི་ཐེངས་ཁྲི་གཅིག་དང་སྟོང་ལྔ་ལྷག་ཙམ་བཏང་ནས། ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བར་ཞུགས་ཏེ། མྱུར་ཚད་མགྱོགས་པ་དང་བྱེད་ཐབས་དངོས་ལ་བརྟེན་ནས་རིམས་ནད་མཆེད་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་པ་དང་། རིམས་ནད་མཆེད་རྒྱ་གང་སར་ཁྱབ་པའི་ཉེན་ཁ་ཇེ་ཆུང་དུ་བཏང་།

མཁར་དཀྱིལ་ཁུལ་ནན་ཁྲོན་ཤར་ལམ་ལུང་ཐའེ་སྡེ་ཁུལ་ཏང་ཨུས“ཧྲུའུ་ཅི་རྒན་པའི་ཏང་འཛུགས་སྐྲུན་གྱི་ཁྱིམ་ཆུང”གི་བྱེད་ཐབས་ལ་བརྟེན་ནས། ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ཚོས“ཧྲུའུ་ཅི་རྒན་པའི་གདོང་ལེན་རུ་ཁག”འཛུགས་རྒྱུའི་སྐུལ་སློང་བྱས་ཏེ། སྡེ་ཁུལ་ཏང་ཨུ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་རིམས་ནད་གྲལ་བཤེར་དང་། ལས་རེས་སྲུང་བ། དྲིལ་བསྒྲགས་སྐོར་གཡེང་སོགས་ཀྱི་བྱ་བ་སྤེལ་ནས་ལག་ལེན་ཁྲོད་ཏང་ཡོན་གྱི་རང་མདངས་མངོན་པར་བྱས་ཏེ། ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས།

རིམས་ནད་ཀྱི་མདུན་དུ། ཏང་རྩ་འཛུགས་ཤིག་ནི་འཐབ་འཛིང་གི་བཙན་རྫོང་ལྟ་བུ་ཡིན། ས་སྲུང་འགན་འཁྲི་འཁུར་བ་དང་མི་སེམས་བརྟན་པོ་ཡོང་བ་བྱས་ནས། བསྟུད་མར་ཉིན་འགའི་རིང་ལ། ཆུ་ཚོད་ཐུང་ངུ་ཞིག་གི་ནང་བཙན་རྫོང་མང་པོ་ཞིག་གིས“རིམས་ནད”ཀྱི་ལས་ཡུལ་དང་པོར་འགོག་སྲུང་སྲུང་ཡོལ་ཞིག་ཆགས་སུ་བཅུག་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།