རིམས་འགོག་བྱ་བར་ལྷོད་གཡེང་མེད།
2022.05.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

མིག་སྔར་ཟི་ལིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དེ་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པ་རེད།

སྤྱིར་བཏང་མ་ཡིན་པའི་འཇགས་རྣམ་གྱི་ཉིན་འདི་དག་གི་རིང་ལ་རིམས་འགོག་ཀྱི་འཐབ་ཕྱོགས་དང་པོར་ཡོད་པའི་ལས་བྱེད་མི་སྣ་དང་མཁོ་སྒྲུབ་མི་སྣ། སྙིང་ཉེ་བའི་སྡོད་དམངས་བཅས་ཀྱིས་ཁ་ཁུ་སིམ་པོའི་ངང་རང་གི་འགན་འཁྲི་བརྟན་སྲུང་བྱས་ཏེ་རང་ནུས་ལེགས་སྐྱེས་སུ་འབུལ་བཞིན་འདུག

ཁོ་ཚོས་རིམས་ནད་དང་འགྲན་བསྡུར་བྱེད་པ་དང་དུས་ཚོད་དང་འགྲན་བསྡུར་བྱས་ནས།རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ།དུས་ཚོད་སྐར་ཆ་རེ་རེ་ཡང་ངེས་པར་དུ་བརྩོན་ལེན་བྱེད་དགོས་པ་དང་དུས་ཚོད་ཀྱིས་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་བཅངས་ནས་རིམས་ནད་ཀྱི་རྒྱུ་ལམ་མྱུར་དུ་གཅོད་པར་འབད་བརྩོན་ལྷོད་མེད་བྱས། རིམས་འགོག་བྱ་བའི་ཁྲོད་ཀྱི་གཏམ་རྒྱུད་ཐུང་ངུ་དག་ལས་ང་ཚོས་ཉེན་ཁ་སེལ་བའི་བློ་གྲོས་འཕེལ་བར་བྱས་ནས་གནའ་མཁར་ཟི་ལིང་གི་བློ་སྟོབས་དང་འགན་འཁྲི་མཚོན་པར་བྱས།

ཞོགས་པའི་དུས་ཚོད་བདུན་ཡས་མས་སུ། ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ནན་ཁྲོན་ཤར་ལམ་གྱི་བེ་ལན་རའེ་ཁང་སྡོད་ཁུལ་གྱི་རླངས་འཁོར་འཇོག་ས་རུ། ལྭ་བ་དཀར་པོ་གྱོན་མཁན་དང་དང་བླངས་མི་སྣ་སྐོར་ཅིག་སྔ་མོ་ནས་ཐོན་འདུག སྔར་ཉིན་ཟི་ལིང་གྲོང་ཁྱེར་རིམས་འགོག་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ་འབྱོར་རྗེས། རའེ་ཁྲི་སྡོད་ཁུལ་གྱི་ལས་བྱེད་མི་སྣས་མྱུར་དུ་མི་སྣ་རྩ་འཛུགས་བྱས་ཏེ་རས་གུར་ཕུབ་སྟེ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བར་བཀོད་སྒྲིག་བྱས།

དེའི་རྗེས་སུ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ས་ཚིགས་སུ་བར་ཐག་ཆེས་ཉེ་བའི་བེ་ལན་རའེ་ཁང་སྡོད་ཁུལ་གྱི་ཐོག་ཁང་ལྔ་པར་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་།དེའི་རྗེས་སུ་སྡོད་ཁུལ་གྱི་ལས་བྱེད་མི་སྣ་དག་གི་བཀོད་སྒྲིག་ལྟར་དུ་ཐོག་ཁང་སོ་སོའི་ཨང་གྲངས་ལྟར་དུ་སྡོད་དམངས་རྣམས་གོ་རིམ་ལྡན་པའི་སྒོ་ནས་ཉིང་སྐྱུར་བརྟག་བྱེད་པར་ཞུགས།

སྨན་བཅོས་མི་སྣ་དང་སྡོད་ཁུལ་གྱི་ལས་བྱེད་མི་སྣ། དང་བླངས་པ་བཅས་ཀྱིས་རང་རང་གི་འགན་འཁྲི་ལྟར་ཉིང་སྐྱུར་བཤེར་རིས་ལ་ལྟ་བ་སོགས་བྱ་བའི་གོ་རིམ་སོ་སོ་ཆད་ལྷག་མེད་པར་སྒྲུབ་བཞིན་འདུག་ཅིང་། སྡོད་དམངས་རྣམས་ཀྱིས་ཀྱང་གཟབ་ནན་དང་རང་འགུལ་ངང་ཁ་ཐུམ་རྒྱག་པ་དང་རྨིད་གཉིས་རེ་མཚམས་ནས་གྲལ་སྒྲིག་པ་སོགས་རིམས་འགོག་བྱ་བའི་བླང་བྱ་རེ་རེ་བརྩི་སྲུང་ནན་མོ་བྱེད་བཞིན་འདུག

ཉིང་སྐྱུར་བརྟག་དཔྱད་བྱེད་པའི་ཡུལ་དངོས་སུ་ལྷིང་འཇགས་དང་གོ་རིམ་ལྡན་པ་ཞིག་རེད།བེ་ལན་རའེ་ཁང་སྡོད་ཁུལ་གྱི་ལྕམ་མོ་ཀྲང་གིས་མྱུར་དུ་ཉིང་སྐྱུར་བརྟག་དཔྱད་བྱས་རྗེས་གསར་འགོད་པར་བཤད་རྒྱུར། ད་ལྟ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་གོ་རིམ་ཧྲིལ་བོ་ང་ཚོས་གསལ་བོར་ཤེས་ཡོད་པས། ལས་བྱེད་མི་སྣའི་ལག་བརྡ་བྱས་པ་ཙམ་གྱིས་ང་ཚོས་གོ་དོན་རྟོགས་ཐུབ་ཀྱི་ཡོད་པས་སྐད་ཆ་མང་པོ་ཞིག་མ་བཤད་ཀྱང་ཧ་གོ་ཐུབ་ཟེར།

ཉིན་གུང་གི་དུས་ཚོད་བཅུ་གཉིས་ལ་སླེབས་དུས།བེ་ལན་རའེ་ཁང་སྡོད་ཁུལ་གྱི་ཉིང་སྐྱུར་བརྟག་དཔྱད་བྱ་བ་གཞི་ནས་མཇུག་རྫོགས། ཐེངས་མང་པོར་ཉིང་སྐྱུར་བརྟག་དཔྱད་བྱ་བར་ཞུགས་པའི་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་རུས་ནད་ཚན་ཁག་གི་སྨན་པ་ཀྲང་ཐོང་གིས་བཤད་རྒྱུར།ད་ལྟ་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་རྒྱུད་རིམ་དེ་རིམ་བཞིན་གོ་རིམ་ཅན་དང་ཚད་ལྡན་ཅན་དུ་འགྱུར་བཞིན་འདུག  དེ་ནི་ཚང་མས་རམ་འདེགས་ཆེན་པོ་བྱས་པ་ལས་བྱུང་ཞིང་། སྡེ་ཁག་སོ་སོའི་གོ་རིམ་ལྡན་པའི་གཞོགས་འདེགས་དང་སྡོད་དམངས་རྣམས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་ཟེར།

ཟི་ལིང་གྲོང་ཁྱེར་གྱི་སྲང་ལམ་རེ་རེ་དང་སྤྱི་གླིང་སོགས་གྲོང་ཁྱེར་ཧྲིལ་བོ་དབེན་ཞིང་འཇགས། དེ་ལྟ་བུའི་དབེན་འཇགས་ཀྱི་རེ་སྒུག་ཁྲོད་དུ་རེ་བ་དང་སྟོབས་ཤུགས་ཀྱིས་ཁེངས་འདུག

མཁར་བྱང་ཁུལ་གྱི་ཧྭ་ཐེན་རིན་ཧི་སྡོད་ཁུལ་གྱི་བགྲོད་ལམ་རེ་རེ་ལས་བྱེད་མི་སྣས་སྲུང་འདུག ཡུལ་དངོས་ཀྱི་ལས་བྱེད་མི་སྣས་བཤད་རྒྱུར། ཐེངས་འདིའི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་སྐབས་སུ་སྡོད་ཁུལ་གྱི་སྡོད་དམངས་ཚང་མ་ཁྱིམ་དུ་ཡོད་པས་མི་སྣ་རྒྱུ་འགྲུལ་བྱེད་པའི་གྲངས་ཀ་ཉུང་དུ་སོང་ཡོད་ཟེར། ཁ་སང་ནས་བཟུང་སྟེ། སྡོད་ཁུལ་གྱི་ཚོགས་པའི་ནང་དུ་ཉིན་གཉིས་པར་ཉིང་སྐྱུར་བརྟག་དཔྱད་བྱེད་དགོས་པའི་གནས་ཚུལ་བསྒྲགས་སོང་། དེ་བས་ངེད་ཁྱིམ་མི་གང་བོས་དེ་རིང་སྔ་མོ་ནས་གྲ་སྒྲིག་བྱས་པ་དང་སྡོད་ཁུལ་གྱི་ལས་བྱེད་མི་སྣས་བརྡ་བརྒྱབ་པ་དང་མཉམ་དུ་མྱུར་མོར་སོང་ནས་གྲལ་བསྒྲིགས་པ་ཡིན་ཞེས་ཉིང་སྐྱུར་བརྟག་དཔྱད་བྱེད་པར་གྲ་སྒྲིག་བྱེད་བཞིན་པའི་སྡོད་དམངས་ལིས་ཧོས་ཀྱིས་གསར་འགོད་པར་དེ་ལྟར་བཤད། ཁོས་ད་དུང་ད་ལྟ་ང་ཚོ་ཁུ་སིམ་མེར་ཁྱིམ་དུ་འཛུལ་ནས་སྡོད་པ་ནི་རིམས་ནད་མཐར་སྤྲོད་བྱེད་པའི་ཕྱིར་དུ་ཡིན་པས་ང་ཚོས་རིམས་འགོག་སྲིད་ཇུས་ལ་ཧུར་བརྩོན་ཆེན་པོས་རྒྱབ་སྐྱོར་བྱེད་དགོས་ཟེར།

འཇགས་རྣམ་ལག་བསྟར་བྱེད་ཐབས་གོ་རིམ་ལྡན་ཞིང་དངོས་ཟོག་གི་འགན་སྲུང་འདང་ཚིམས་པ་རེད།གསར་འགོད་པ་ཟི་ལིང་གྲོང་ཁྱེར་ནན་ཁྲོན་ཤར་ལམ་གྱི་རང་འདེམས་ཚོང་ར་ཞིག་ཏུ་ཐོན་དུས། སྔོ་ཚལ་སོགས་བཟའ་ཆས་རིགས་ཀྱི་མཁོ་སྤྲོད་ཧ་ཅང་འདང་ཚིམས་པ་རེད།ང་ཚོའི་ཚོང་རས་ཚོང་ཟོག་འདྲེན་ཚད་ཇེ་མང་དུ་བཏང་པར་མ་ཟད་ལྷག་པར་དུ་རུལ་མི་སླ་བའི་སྔོ་ཚལ་གྱི་རིགས་མང་པོ་བླངས་ཡོད། རིམས་ནད་སྔོན་འགོག་བྱེད་པའི་བྱ་བའི་ཐད་ནས་ཀྱང་སྔོན་འགོག་བྱེད་ཐབས་ནན་མོ་སྤྱོད་བཞིན་ཡོད་དེ། ཚོང་རའི་ནང་དུ་ཡོང་བའི་སྡོད་དམངས་རྣམས་ལ་རེ་རེ་བཞིན་བཤེར་རིས་གཉིས་གཤེར་དུ་འཇུག་བཞིན་ཡོད་ཅེས་ཚོང་རའི་འགན་ཁུར་མི་སྣས་གསར་འགོད་པར་བཤད། ཟི་ལིང་གྲོང་ཁྱེར་གྱི་སྡོད་ཁུལ་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ་རྣམས་ཀྱིས་རིམས་འགོག་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་པའི་ཞོར་དུ། སྡོད་ཁུལ་གྱི་ཉེར་སྤྱོད་སྒྲིག་ཆས་སྣ་ཚོགས་ཀྱི་ཉེན་སེལ་བྱ་བའི་སྐོར་ལ་དོ་དམ་གཟབ་ནན་བྱེད་བཞིན་འདུག

ཟི་ལིང་མེ་འཁོར་ས་ཚིགས་ནུབ་མའི་སྲང་ལམ་གྱི་ཙོང་ཆུའི་འབབ་རྒྱུད་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཧེ་ཡན་གྱིས་རིམས་འགོག་བྱ་བའི་སྐོར་གྱི་བརྡ་སྦྱོར་ཐོས་མ་ཐག  སྡོད་ཁུལ་གྱི་ལས་བྱེད་མི་སྣ་དང་དང་བླངས་པ་མྱུར་དུ་རྩ་འཛུགས་བྱས་ནས། སྡོད་ཁུལ་གྱི་སྒོ་འགྲམ་ན་ཡོད་པའི་ཐང་ཆུང་དེ་རུ་ཉིང་སྐྱུར་བརྟག་དཔྱད་བྱེད་ས་བཀོད་སྒྲིག་བྱས། ཝང་ཧེ་ཡན་གྱིས་བཤད་རྒྱུར། སྡོད་ཁུལ་འདི་རུ་མང་ཚོགས་ཁྲི་གཅིག་ལྷག་ཡོང་ཅིང་སྡོད་ཁུལ་ཧྲིལ་བོར་ལས་བྱེད་མི་སྣ་བཅོ་ལྔ་ལས་མེད་ལ་དེ་དག་ལས་མི་བཅུ་བཞི་ནི་བུད་མེད་ཡིན། ཡིན་ནའང་ཉེ་ལམ་ཉིང་སྐྱུར་བརྟག་དཔྱད་ཐེངས་དུ་མར་བྱས་པ་དང་། ང་ཚོ་ལའང་ཉམས་མྱོང་ཡོད་པའི་དབང་གིས་ཐེངས་འདིར་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བ་སྣ་ཚོགས་སྒྲུབ་པའི་སྐབས་སུ་བུད་མེད་ལས་བྱེད་པ་དེ་དག་གི་བྱ་བར་བྱང་ཆ་ཆེན་པོ་ལྡན་པས་དཀའ་ལས་ཆེན་པོར་མ་འཕྲད་ཟེར། རིམས་ནད་ལས་རྣམ་པར་རྒྱལ་བའི་ཆེད་དུ་དཀའ་སྡུག་ཅི་ཞིག་ཡིན་ཀྱང་ང་ཚོས་གདོང་གཏོད་ཐུབ་ཅེས་ཝང་ཧེ་ཡན་གྱིས་གསར་འགོད་པར་བཤད།

པེ་ལེན་ནི་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་ཁྲིམས་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་རེད། རིམས་འགོག་བྱ་བར་བཀོད་སྒྲིག་བྱས་རྗེས་མོས་མྱུར་དུ་ལས་ཁུངས་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ། ཁ་གཏད་སྡོད་ཁུལ་དུ་སོང་ནས་རས་གུར་ཕུབ་པ་དང་དངོས་ཟོག་སྐྱེལ་བར་སྦྲེལ་མཐུད་བྱེད་པ་སོགས་ཀྱི་བྱ་བ་མང་པོ་ཞིག་ཁོ་མོས་མཐུན་སྦྱོར་འོག་གོ་རིམ་ལྡན་པའི་ངང་སྤེལ། སྔོན་ཆད་ཡིན་ན་བྱ་བ་མང་པོ་ཞིག་ཇི་ལྟར་མགོ་རྩོམ་རྒྱུ་ཐད་དུས་ཚོད་དང་མི་ཤུགས་མང་པོ་ཞིག་ཟད་ཀྱིན་ཡོད། ད་ལྟ་རིམས་འགོག་བྱ་བའི་ཐད་ལ་ང་ཚོར་སྔར་ལས་སྦྱོར་བརྡར་ཐོབ་ཡོད་ཅེས་པེ་ལེན་གྱིས་གསར་འགོད་པར་བཤད། མི་ཚོགས་ཀྱི་ཁྲོད་དུ་བྲེལ་འཚུབ་ཀྱིས་འགྲོ་བཞིན་པའི་ལིས་ཅན་ཆང་ནི་ས་གནས་དེའི་ཉིང་སྐྱུར་བརྟག་དཔྱད་བྱེད་པའི་བྱ་བའི་འགན་ཁུར་མི་སྣ་ཡིན་ཞིང་། ཁོས་དུས་ཚོད་སྐར་ཆ་གཅིག་ཀྱང་འཕྲོ་བརླགས་སུ་མི་གཏོང་བར་དམ་འཛིན་བྱེད་བཞིན་འདུག མཁར་དཀྱིལ་ཁུལ་ནན་ཐན་སྲང་ལམ་དོན་གཅོད་ཁང་གི་ཀྲུའུ་རིན་གཞོན་པ་ཡིན་པའི་ཆ་ནས་ཁོ་དང་ལས་གྲོགས་དགུ་ཡིས་དངོས་ཟོག་སྟེར་བ་དང་ཡུལ་དངོས་ཀྱི་སྒྲིག་ལམ་སྲུང་སྐྱོབ་བྱེད་པ། ཉིང་སྐྱུར་བརྟག་འབྲས་ཀྱི་སྒམ་སྐྱེལ་བ་བཅས་བྱ་བ་སྣ་ཚོགས་ལ་འབད་བརྩོན་ལྷོད་མེད་བྱེད་བཞིན་འདུག དེ་ལྟར་ཁོ་ཚོས་བྲེལ་བ་ཆེ་བའི་བྱ་བའི་བར་གསེང་ནས་བྱ་བ་སྣ་ཚོགས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱེད་པ་དང་།ཉིན་གཅིག་གི་བྱ་བ་མཇུག་རྫོགས་རྗེས་སུ་ཡང་བསྐྱར་སང་ཉིན་གྱི་བྱ་བར་བཀོད་སྒྲིག་བྱས་ནས་བྱ་བའི་བྱེད་ཐབས་ལེགས་བཅོས་བྱེད་པའི་ཐད་ལ་འབད་འབུངས་བྱས་ཏེ།   རིམས་ནད་ཀྱི་གཡུལ་ལས་རྣམ་པར་རྒྱལ་བའི་ཐད་ལ་རང་གི་བློ་གྲོས་དང་སྟོབས་ཤུགས་འབུལ་བཞིན་འདུག

                                                                         ཡིག་སྒྱུར་བ། གཡང་འབུམ་རྒྱལ།