《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ།
2022.05.18 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 12

རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས།

ཟླ5པའི་ཚེས16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རང་རྒྱལ་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས》ཞེས་པ་བཀོད་ཡོད།

རྩོམ་ཡིག་ནང་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་རྗེས། རང་རྒྱལ་འཕེལ་རྒྱས་ཀྱི་ཕྱི་ནང་ཁོར་ཡུག་ལ་འགྱུར་ལྡོག་ཟབ་མོ་བྱུང་ནས། གནད་དོན་གལ་ཆེན་གསར་པ་མང་པོ་འཕྲད་ཡོད་པས་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཐུན་མོང་ཕྱུག་འགྱུར་མངོན་འགྱུར་ཡོང་བའི་འཐབ་ཇུས་དམིགས་འབེན་དང་ལག་ལེན་གྱི་ཐབས་ལམ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས། ཐུན་མོང་ཕྱུག་འགྱུར་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བླང་བྱ་ཡིན། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་ཐོག་མར་རྒྱལ་ཡོངས་མི་དམངས་ཀྱིས་ཐུན་མོང་འབད་འཐབ་བྱས་ནས་རྒྱུ་ནོར་སྔར་ལས་མང་བ་གསོག་དགོས་ལ། དེ་རྗེས་ལུགས་མཐུན་གྱི་ལམ་ལུགས་ལ་བརྟེན་ནས་རྒྱུ་ནོར་བགོ་བཤའ་ཡག་པོ་རྒྱག་དགོས། འདི་ནི་ཡུན་རིང་གི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། ང་ཚོས་ཆ་རྐྱེན་བསྐྲུན་པ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་གོམ་པ་བརྟན་པོའི་ངང་དམིགས་འབེན་དེའི་ཕྱོགས་སུ་སྐྱོད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་སྟོན་ལ་ཤུགས་སྣོན་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ནུས་ཆེ་རུ་གཏོང་བ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ། དངོས་ཕུང་དཔལ་འབྱོར་སྔར་ལས་སྟོབས་ཆེར་གཏོང་བ། ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། བགོ་བཤའི་བྱེད་ནུས་དང་ནུས་པ་འདོན་སྤེལ་བྱས་ནས་ལས་ཕྱོད་དང་འདྲ་མཉམ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། ཐོག་མའི་བགོ་བཤའ་དང་ཡང་བསྐྱར་བགོ་བཤའ། བགོ་བཤའ་གསུམ་པ་བཅས་མཐུན་སྦྱོར་ཆ་ཚང་བའི་རྨང་གཞིའི་རང་བཞིན་གྱི་ལམ་ལུགས་བཀོད་སྒྲིག་བྱེད་དགོས། སྤྱི་པའི་ཞབས་ཞུའི་སྲིད་ཇུས་ཀྱི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་རྒྱུན་འཁྱོངས་བྱེད་པ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་སློབ་གསོ་དང་སྨན་བཅོས། རྒན་གསོ། སྡོད་ཁང་སོགས་མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་ཁྱབ་ཁོངས་སུ་གཞི་རྩའི་སྤྱི་པའི་ཞབས་ཞུ་གནད་འཁེལ་འདོན་སྤྲོད་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། མ་རྩའི་ཁྱད་ཆོས་དང་བྱ་སྤྱོད་ཀྱི་ཆོས་ཉིད་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལག་བསྟར་བྱེད་པ་ནི་རང་རེའི་ཏང་གི་གསར་གཏོད་རླབས་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་མ་རྩའི་དགེ་མཚན་ལྡན་པའི་ནུས་པ་ཇི་ལྟར་འདོན་པར་འཚོལ་ཞིབ་བྱེད་དགོས་པ་དང་། དུས་མཚུངས་སུ་མ་རྩའི་ཕན་མེད་ཀྱི་ནུས་པ་ཚོད་འཛིན་ནུས་ལྡན་བྱེད་དགོས། མ་རྩར་ཚད་བཀག་ནན་མོ་བཟོས་ནས་མ་རྩ་ཁག་གཅིག་ཤུགས་ཆེན་འཕར་རྒྱུ་བཀག་འགོག་བྱེད་པ་དང་། མ་རྩར་ཁྲིམས་ལྟར་ལྟ་སྐུལ་དོ་དམ་ནུས་ལྡན་བྱེད་པ། མ་རྩ་ཚད་ལྡན་དང་སྐྱོན་བྲལ་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་དང་སྣེ་ཁྲིད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། གཡོ་འགུལ་སྤུ་ཙམ་ཡང་མེད་པར་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་སྐུལ་ལྕག་དང་རྒྱབ་སྐྱོར། སྣེ་ཁྲིད་བཅས་བྱས་ཏེ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤྱི་ལ་དབང་མ་ཡིན་པའི་ལམ་ལུགས་དཔལ་འབྱོར་གྱི་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་སྲུང་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས། དམའ་རིམ་ཐོན་རྫས་མཁོ་སྤྲོད་འགན་སྲུང་ཡག་པོ་བྱ་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་འཐབ་ཇུས་ཀྱི་ཇུས་འགོད་ལ་ཤུགས་སྣོན་པ་དང་། སྔ་མོ་ནས་ལེགས་སྒྲིག་བྱས་ཏེ་མཁོ་སྤྲོད་བདེ་འཇགས་ཡོང་བ་ཁག་ཐེག་བྱེད་དགོས། གྲོན་ཆུང་སྔོན་ལ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ནས། གྲོན་ཆུང་གི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་ཁྱབ་ཁོངས་སོ་སོའི་གྲོན་ཆུང་བྱ་སྤྱོད་ལ་སྐུལ་འདེད་གཏོང་དགོས། རྒྱལ་ནང་གི་ཐོན་ཁུངས་ཀྱི་ཐོན་སྐྱེད་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་དགོས། ཕྱི་རྒྱལ་གྱི་ཐོན་ཁུངས་ཀྱི་འགན་སྲུང་ནུས་པ་ཇེ་ལེགས་སུ་གཏོང་དགོས། ཀྲུང་གོ་བའི་ལྟོ་ཕོར་ག་དུས་ཡིན་རུང་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ནས། ང་ཚོའི་ལྟོ་ཕོར་དུ་གཙོ་བོ་ཀྲུང་གོ་བའི་བཟའ་འབྲུ་ལྡུག་དགོས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་བ་སྔར་ལས་མངོན་གསལ་གྱི་གནས་སུ་བཞག་ནས། བཟའ་འབྲུ་རྦད་དེ་བདེ་འཇགས་ཡོང་བ་དང་འབྲུ་རིགས་གཞི་རྩའི་ཆ་ནས་རང་མཁོ་རང་སྤྲོད་ཐུབ་པ་ཁག་ཐེག་བྱས་ནས། སྣུམ་རྒྱུ་དང་སྲན་ཆེན་གྱི་ཐོན་ནུས་མཐོ་རུ་གཏོང་བ་དང་རང་མཁོ་རང་སྤྲོད་ཐུབ་ཚད་མཐོ་རུ་གཏོང་དགོས།

རྩོམ་ཡིག་ནང་བསྟན་དོན། ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བར་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་དགོས། མཐའ་ཚད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་སྟོབས་འདོན་སྤེལ་ཡག་པོ་བྱས་ནས། ཉེན་ཁའམ་ཉམས་ཉེན་ཚབས་ཆེན་གཏན་ནས་མི་འབྱུང་བ་བྱེད་དགོས། མུ་མཐུད་སྤྱི་ཡོངས་བརྟན་བརླིང་དང་གཅིག་གྱུར་མཐུན་སྦྱོར། རིགས་དབྱེ་ཇུས་འགོད། གནད་འཁེལ་དབྱེ་འབྱེད་བཅས་ཀྱི་གཞི་རྩའི་བྱེད་ཕྱོགས་ལ་གཞིགས་ནས་ཉེན་ཁ་སེལ་བའི་བྱ་བར་དམ་འཛིན་ཡག་པོ་བྱེད་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། ནུས་པ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་ཁུངས་འདང་ངེས་ཡོད་པ། ཕྱོགས་སོ་སོས་རྒྱ་ཁྱབ་གཞོགས་འདེགས་བྱེད་པ། ཁྲོམ་ར་དང་ལས་རིགས་ལས་བརྒལ་བའི་གཅིག་གྱུར་ཁ་གཏད་འཇལ་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

རྩོམ་ཡིག་ནང་བསྟན་དོན། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་ལ་ངོས་འཛིན་ཡང་དག་དང་ཁོང་དུ་ཆུད་པར་བྱེད་དགོས། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ནི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་རྣམ་པ་བསྒྱུར་བའི་རྙོག་འཛིང་ཆེ་བའི་བཟོ་སྐྲུན་དང་ཡུན་རིང་གི་ལས་འགན་ཞིག་རེད། ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པར་གཡོ་འགུལ་སྤུ་ཙམ་ཡང་གཏོང་མི་རུང་། འོན་ཀྱང་ལས་འགན་སྒྲུབ་ཐེངས་གཅིག་ལ་ལེགས་འགྲུབ་ཡོང་མི་སྲིད་པས། བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་བྱས་ནས་རིམ་བཞིན་མངོན་འགྱུར་བྱེད་དགོས། རྒྱལ་ཡོངས་ལ་སྤྱི་འདོམས་དང་གྲོན་ཆུང་སྔོན་ལ་འཇོག་པ། འཁོར་གཉིས་སྒུལ་སྐྱོད། ཕྱི་ནང་ཤར་གཏོང་། ཉེན་ཁ་འགོག་ཟོན་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། རྡོ་སོལ་གཙོ་བོར་བྱེད་པའི་གཞི་རྩའི་རྒྱལ་བབ་ལ་རྐང་བཙུགས་ནས། རྡོ་སོལ་བཙོག་སྐྱོན་མེད་པར་སྤྱོད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་ནུས་རྒྱུ་གསར་པའི་བསྡུ་ཉར་གཙང་སེལ་བྱེད་ནུས་ཆེ་རུ་གཏོང་དགོས། ལྗང་མདོག་ཐཱན་ཉུང་ལག་རྩལ་གྱི་མཁྲེགས་གཏོར་ལ་དམ་འཛིན་ནན་མོ་བྱས་ཏེ། སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བཀོལ་སྤྱོད་མགྱོགས་པོ་བྱེད་དགོས། ཚན་རིག་དང་མཐུན་པའི་དཔྱད་ཞིབ་བྱས་ནས་ཟད་གྲོན་གྱི“ཚོད་འཛིན་གཉིས”ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་ནས། སྦགས་བཙོག་ཉུང་གཏོང་དང་ཐཱན་ཉུང་གཏོང་གི་ལམ་སྲོལ་མགྱོགས་མྱུར་ཆགས་པར་བྱེད་དགོས། “ཚོད་འཛིན་གཉིས”དང“ཐཱན་གཉིས”ཀྱི་བྱ་བ་གཅིག་གྱུར་གྱིས་ཡག་པོ་བསྒྲུབས་ཏེ། སྟབས་བདེ་དང་གོ་རིམ་ལྡན་པའི་དབྱེ་ཕྲལ་ལ་བཀག་འགོག་བྱེད་དགོས། ནུས་རྒྱུ་གསར་བརྗེར་སྐུལ་འདེད་ཟབ་མོ་བྱས་ནས་ནུས་རྒྱུའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་མགྱོགས་པོ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།