ཁོ་ཚོ་ནང་སྔ་མོ་དང་ནམ་གུང་ལས་ལ་བྲེལ་བཞིན་འདུག
2022.05.19 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 8

དངོས་ཟོག་འགན་སྲུང་ཚན་ཆུང་གིས་སྨན་བཅོས་དངོས་རྫས་བགོ་བཞིན་པ།

“ང་རང་གྲོང་ཁུལ་གཙོ་བོའི་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་བརྟག་དཔྱད་བྱ་བ་ཐེངས་གསུམ་སྤེལ་བར་ཞུགས་མྱོང་ལ། ང་ལ་ཉམས་མྱོང་ཡོད་པ་དང་། རུ་མི་གསར་པ་ཁྲིད་ནས་གནས་ཚུལ་རྙོག་འཛིང་ཆེ་བའི་བརྟག་དཔྱད་གནས་སུ་སོང་ཆོག”

“ང་ལ་ཁྱིམ་ཚང་དུ་ཉིང་སྐྱུར་གྱི་མ་དཔེ་འཚོལ་བསྡུ་བྱེད་པའི་ཉམས་མྱོང་ཡོད་པས། ང་ཁྱིམ་དུ་ལོགས་སུ་བཀར་བ་ཅུང་མང་བའི་སྡེ་ཁུལ་དུ་བཀོད་སྒྲིག་བྱེད་རོགས།”

“ང་ཚོའི་ཏང་ཡོན་རྒན་པ་རྣམས་ཀྱང་རྗེས་སུ་ལུས་མི་ཉན། ང་ཚོ་རྒས་ཀྱང་སྟོབས་ཤུགས་སྔར་ལས་ཆེན་པོ་ཡོད་པས་གཡུལ་སར་སྐྱོད་ཐུབ།”

སྤྱིར་བཏང་མིན་པའི་དཔྱིད་དབྱར་གྱི་འབྲེལ་མཚམས་སུ། དམག་འཐབ་ལ་ཞུགས་ཆོག་པའི་རེ་འདུན་ཞུ་ཡིག་རེ་རེ་དང་མཛུབ་ཐེལ་དམར་པོ་རེ་རེ་ལས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ས་ཁུལ་གྱི་སྨན་བཅོས་ལས་དོན་མི་སྣ་ཡོངས་དང་། ཏང་ཡོན་ལས་བྱེད་པས་ལྡོག་བསྐྱོད་བྱེད་པའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་རིམས་ནད་འགོག་བཅོས་བྱེད་པའི་ཐད་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་མངོན་ཡོད།

ཟླ5པའི་ཚེས14ཉིན་གྱི་ཐོ་རེངས་ཆུ་ཚོད5པར། ནམ་ད་དུང་གསལ་མེད་མོད་ཧོང་ཀྲུང་ས་ཁུལ་མི་དམངས་སྨན་ཁང་གཉིས་པའི་སྨན་པ་མཱ་ཡུས་ཝའེ་ཡིས་ཁ་ངོ་བཀྲུས་ཚར་འདུག ཐེངས་འདིའི་རིམས་ནད་ཀྱི་སྐབས་སུ། ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་མཱ་ཡུས་ཝེ་ཡིས་སྨན་བཅོས་མི་སྣ14ཡི་སྣེ་ཁྲིད་དེ་མདོ་བ་གྲོང་རྡལ་ཞ་ཏུའུ་གཞིས་ཁྱིམ་སྡོད་ཁུལ་དུ་ཉིང་སྐྱུར་བརྟག་དཔྱད་ཀྱི་བྱ་བ་སྒྲུབ་བཞིན་ཡོད།

ཞ་ཏུའུ་གཞིས་ཁྱིམ་སྡོད་ཁུལ་དུ་བསྡོམས་པས་ཐོག་ཁང་ང་གཅིག་ཡོད་པ་དང་། སྡེ་ཚན་བརྒྱ་དང་ཞེ་གསུམ་ཡོད་ལ། སྡོད་དམངས་སྟོང་བརྒྱད་ལྷག་ཙམ་ཡོད་ཅིང་། དེ་ནི་མདོ་བ་གྲོང་རྡལ་གྱི་ཅུང་ཆེ་བའི་སྡོད་ཁུལ་ཞིག་རེད། ཉེ་ལམ་དྲོད་ཚད་ཇེ་དམའ་རུ་སོང་བ་མཐོང་སྐབས། རུ་སྣེ་ཁྲིད་མཁན་ཡིན་པའི་མཱ་ཡུས་ཝའེ་ཡིས་སེམས་ཞིབ་མོས་ཚང་མར་ཚ་དམ་དང་ཆུ་ཚའི་འགྱིག་རྐྱལ་གྲ་སྒྲིག་བྱས་ཡོད། མཱ་ཡུས་ཝའེ་ཡི་ཁྱིམ་ཡང་སྡོད་ཁུལ་དེར་ཡོད་པ་དང་། སྐབས་འགར་ཉིང་བསྐྱུར་བརྟག་དཔྱད་གནས་སུ་ལོ་བཞི་ལ་སླེབས་པའི་བུ་མཐོང་ཐུབ། ཁོས་ལག་པ་གཡུག་གཡུག་བྱས་ནས་ཕ་མར་བྱིས་པ་ཁྱིམ་དུ་ཁྲིད་དགོས་པའི་བརྡ་བཏང་ལ། སེམས་ཀྱི་ཚོར་བ་བརྗོད་ཐབས་བྲལ་བ་ཞིག་རེད།

ལའོ་ཞའོ་ལི་ནི་གདོང་ལེན་རུ་ཁག་དེའི་ནང་གི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་ཞིང་། ལོ34ལ་སླེབས་པའི་ཁོ་མོས་དེ་སྔོན་ཝུའུ་ཧན་དུ་རོགས་སྐྱོར་བྱས་མྱོང་ལ། མ་དཔེ་འཚོལ་བསྡུ་དང་སྨན་བཅོས་སྙིགས་རོ་ཐག་གཅོད། འགོག་སྲུང་གྱོན་ཆས་གོན་པ་དང་ཕུད་པ་བཅས་ཚང་མ་མོ་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད་གཟབ་ནན་གྱི་རེ་བ་འདོན་བཞིན་ཡོད། འགོག་སྲུང་གྱོན་ཆས་གྲོན་ཆུང་བྱ་ཆེད། ལའོ་ཞའོ་ལི་ཡིས་ཉིན་མོ་ཆུ་མང་པོ་འཐུང་ཐུབ་ཀྱིན་མེད་ལ། གུང་ཟས་ཀྱི་དུས་ཚོད་ཀྱང་ནར་འགྱངས་བྱེད་ཀྱིན་ཡོད། ཁ་ཐུམ་གྱིས་ངོ་གདོང་ལ་རྗེས་དཔར་ཡོད་པ་དང་ལུག་ཤུབས་ཀྱིས་ལག་པ་བཏུམ་ནས་དཀར་པོར་གྱུར་ཡོད་པ་དང་། རྔུལ་ཆུས་ལྭ་བ་བརླན་པར་བརྫིས་ཡོད་མོད། འོན་ཀྱང་ཁོ་མོས་ཕྱིར་བཤོལ་གཏན་ནས་བྱས་མ་མྱོང་།

ལའོ་ཞའོ་ལིས་བློ་བརྟན་འགྱུར་མེད་ངང་བཤད་རྒྱུར། “ང་ནི་སྨན་པ་ཞིག་ཡིན་ལ་ཏང་ཡོན་ཞིག་ཀྱང་ཡིན་པས། མི་དམངས་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོབ་ཡག་པོ་བྱེད་པར་ང་ལ་འགན་འཁྲི་ཆེན་པོ་ཡོད”ཅེས་བཤད།

ནམ་གུང་ཡོད་ཚད་ཁུ་སིམ་མེར་གནས་སྐབས། ཉིན་གཅིག་གི་བྱ་བ་མཇུག་འགྲིལ་བའི་མཱ་ཡུས་ཝའེ་ཡིས་སྨན་བཅོས་ཀྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་མཁན་ཆུང་མར་སྐད་འཕྲིན་ཞིག་བསྐུར་ནས་ཁོ་གཉིས་ཀྱིས་ཕན་ཚུན་ལ་སྐུལ་ལྕག་བྱས།

ཚ་སྡུག་ཆེ་བའི་ཉི་འོད་དང་གྲང་རླུང་ལྡང་བ། ཆར་བ་ཟམ་ཟིམ་འབབ་པ་གང་ཡིན་ཡང་། སྨན་བཅས་ལས་དོན་མི་སྣས་ཉིན་མཚན་དབྱེར་མེད་དུ་དཀའ་ངལ་ལ་མ་འཛེམས་པར་རིམས་འགོག་གི་ལས་ཡུལ་དང་པོར་འབད་འཐབ་བྱེད་བཞིན་མཆིས། དེ་དང་ཆབས་ཅིག མི་ཁ་ཤས་རིམས་འགོག་གི་ལས་ཡུལ་དང་པོར་གནས་མེད་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་གནས་སུ་ལངས་ཡོད། ཁོ་ཚོ་ནི་ཧོང་ཀྲུང་ས་ཁུལ་འཕྲོད་བསྟེན་བདེ་ཐང་ཅུའུ་དང་། ཧོང་ཀྲུང་ས་ཁུལ་འཕེལ་རྒྱས་དང་བཅོས་སྒྱུར་ཅུའུ་ཡི་ལས་བྱེད་པས་གྲུབ་པའི་དངོས་ཟོག་འགན་སྲུང་ཚན་ཆུང་རེད།

ཆེ་བ་སྨན་བཅོས་དངོས་རྫས་སྒམ་གང་ནས་ཆུང་བ་འགོག་སྲུང་གྱོན་ཆས་གཅིག་བཅས་མངའ་ཁོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ས་ཚིགས་དང་ཉིང་སྐྱུར་སྔོག་འདོན་ས་ཚིགས་ཀྱི་རིམས་འགོག་དངོས་རྫས་ཚང་མ་དངོས་རྫས་འགན་སྲུང་ཚན་ཆུང་གི་མཐུན་སྦྱོར་བགོ་བཤའ་དང་ཁ་འབྲལ་ཐབས་མེད།

དངོས་རྫས་རྩིས་ལེན་མཐུན་སྦྱོར་དང་དུས་ཐོག་ཏུ་ཁ་གསབ་གསོག་འཇོག་བྱེད་པ། དངོས་ཟོག་མཛོད་དུ་འཇུག་པ། དངོས་ཟོག་གི་སྤྱི་འབོར་དང་དངོས་ཟོག་འདང་ངེས་གཏོང་སྤྲོད། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་ཐོ་འགོད་ནན་མོ་བཅས་ཀྱི་ལས་འགན་སྣ་ཚོགས་དུས་གཅིག་ཏུ་ལེགས་སྒྲུབ་བྱས་པ་དང་། ཉིན་རེར་དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཁྲི་ཚོ་མང་པོ་ཡོད་པས། བལྟས་ཚོད་ཀྱིས་ལས་སླ་མོ་ཞིག་ཡིན་མོད་དོན་དངོས་སུ་རྙོག་འཛིང་ཆེ་བ་ཞིག་རེད།

ཉིན་དཀར་དངོས་ཟོག་སྟེར་བ་དང་ནམ་གུང་དངོས་ཟོག་མར་ལེན་རོགས་བྱེད་ཀྱིན་ཡོད། རུ་མི་རྣམས་ཀྱིས་ཆུ་ཚོད24ཡི་རིང་བཀའ་བསྒུགས་ནས་བསྡད་ཡོད་པ་དང་། ཐང་ཆད་ན་ས་ལ་བཙོག་ནས་ངལ་གསོ་ཅུང་ཙམ་བྱེད་ཀྱིན་ཡོད། ཁོ་ཚོའི་སེམས་ནང་དུ་དངོས་ཟོག་གཏོང་སྤྲོད་ཀྱི་རྣམ་པ་ཞིག་འཆར་གྱིན་འདུག་ལ། ཚང་མས་ལག་འཁྱེར་ཁ་པར་དུས་ནམ་ཡང་ལག་ཏུ་བཟུང་ཡོད་པ་དང་། ཁ་པར་གཅིག་ལེན་པའི་གོ་སྐབས་ཤོར་འགྲོ་བར་སེམས་ཁྲལ་བྱེད་ཀྱིན་ཡོད།

ཟླ5པའི་ཚེས13ཉིན་གྱི་ཐོ་རེངས་ཆུ་ཚོད་གསུམ་པར། མུན་པ་འཐིབས་ཡོད་ལ་ཆར་བ་ཟིམ་ཟིམ་འབབ་བཞིན་ཡོད་པ་དང་། དངོས་ཟོག་གསར་པ་ཁག་ཅིག་འབྱོར་མ་ཐག་རེད། ཆར་ཆུ་ཡིས་རིམས་འགོག་དངོས་རྫས་བརླན་པར་མི་བཟོ་བ་དང་། ཐོན་ཁུངས་ཆུད་ཟོས་སུ་མི་གཏོང་ཆེད། ཚོགས་མི་ཡུན་ཐེན་ཐེན་དང་ཞིན་ཁྲིན་སོགས་བུ་མོ་ཚོས་ཚིག་གཅིག་ཀྱང་མི་བཤད་པར་མཐོ་ཚད་སྨི་བཞི་ལྔ་ཙམ་ཡོད་པའི་ཟོག་འདྲེན་རླངས་འཁོར་སྟེང་འགོས་ཏེ། དངོས་རྫས་སྒམ་རེ་རེ་བཞིན་རླངས་འཁོར་གྱི་གམ་དུ་ཡོད་པའི་ལས་གྲོགས་ཚོར་བྱིན།

ཚང་མས་དུས་ཚོད་དམ་འཛིན་བྱས་ནས། སྐོར་དང་པོའི་དངོས་ཟོག་ལེན་མཁན་རྣམས་མ་སླེབས་གོང་དངོས་ཟོག་སྒམ300མཛོད་ཁང་དུ་སྤོས་པ་རེད། སྐབས་དེར་ཚང་མས་དུས་ཡུན་རིང་པོར་ཉིན་མཚན་ཀུན་ཏུ་འབད་པའི་དབང་གིས་རུ་མི་བཱང་པིན་གྱི་པུས་མོ་དམར་པོ་གྱུར་ནས་སྐྲངས་ཡོད་པ་མཐོང་བ་དང་། ཚང་མས་ཁོ་ལ་ངལ་གསོ་བྱ་དགོས་པའི་ཁ་ཏ་བྱས་མོད། འོན་ཀྱང་བཱང་པིན་གྱིས་མཚམས་མ་བཞག་པར་ལས་ལ་འབད། ངལ་གསོ་ཁོམ་མེད་པའི་ཁོས་མུ་མཐུད་དུ་ཆུ་ཚོད4ཙམ་སྤྱད་དེ་མཛོད་ཁང3གྱི་དངོས་ཟོག་རེ་རེ་བཞིན་ཞིབ་བཤེར་གསལ་པོ་བྱས་པ་དང་། ཚང་མའི་སེམས་སུ་གདེང་ཚོད་ཡོད་པར་བྱས།

“དཀའ་ཚེགས་ཆེས་ཆེ་བ་ནི་ལས་ཡུལ་དང་པོར་འབད་འཐབ་བྱེད་མཁན་གྱི་འཐབ་གྲོགས་ཚོ་ཡིན་པས། ང་ཚོ་དཀའ་ལས་ཇི་འདྲ་ཆེ་རུང་དེ་ཅི་ཡང་མ་རེད”ཅེས་པ་འདི་ནི་དངོས་ཟོག་འགན་སྲུང་ཚན་ཆུང་གི་མི་སྣ་ཡོངས་ཀྱི་ཐུན་མོང་གི་བསམ་འདུན་རེད།

བསྟུད་མར་ཉིན་འགའི་རིང་ལ། ཚང་མས་གང་ནུས་ཅི་ཡོད་དང་མཉམ་དུ་ཤུགས་བརྒྱབ་ཅིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་སྣ་ལ་མཁོ་གལ་ཆེ་བའི་དངོས་རྫས་རྒྱུན་མི་ཆད་པར་འདོན་སྤྲོད་བྱས་ནས། ལས་ཡུལ་དང་པོའི་དངོས་རྫས་མཁོ་སྤྲོད་ཐད་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱས།

ཟླ5པའི་ཚེས15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་གི་སྟེང་། མཛོད་ཉར་དངོས་རྫས་བགོ་བཤའ་བརྒྱབ་མ་ཐག་པའི་དངོས་ཟོག་འགན་སྲུང་ཚན་ཆུང་ལ་བརྡ་ཐོ་འབྱོར་ཞིང་། མི་འབུམ་གཅིག་དང་ཁྲི་བཞི་ཡི་ཚོད་ལྟའི་སྨན་འགོག་རྫས་གྲོང་ཁུལ་ནས་འཁྱེར་ཡོང་དགོས་པ་དང་། དངོས་ཟོག་ལེན་དུ་ཡོང་མཁན་ཡུལ་ཚོ་དང་གྲོང་རྡལ་གྱི་ལས་བྱེད་པར་ནམ་ཕྱེད་བར་སྒུག་ཏུ་མི་འཇུག་ཆེད། ས་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་ཡིས་མཐུན་སྦྱོར་བྱས་པ་བརྒྱུད། རུ་མི་ཀྲང་ཀྲི་པང་གིས་ལས་རོགས་བསོད་ནམས་རིན་ཆེན་ཁྲིད་དེ་སླར་ཡང་ཟི་ལིང་དུ་བསྐྱོད་པ་རེད།

དཀའ་སྡུག་གི་དུས་སུ་ཐོག་མའི་བསམ་འདུན་སྔར་ལས་མཐོང་ཐུབ་ལ། མཛེས་སྡུག་ལྡན་པའི་ཧོང་ཀྲུང་དུ་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་མཚོན་བཞིན་ཡོད།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།