ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ལེའུ་སྟོབས་ཤུགས་ཡོད་རྒུས་རྩོམ་པར་ལེགས་སྐྱེས་འབུལ་དགོས།
2022.05.24 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 10

—མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འགོ་རྩོམ་པའི་མཛད་སྒོའི་གནས་ཚུལ་ལ་ནན་ཏན་ངང་ཉན་བཞིན་པ།

ཟླ5པའི་ཚེས23ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཡུག་ཁུལ་ཆིན་དབྱང་བདག་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་བ་ཚོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་འགོ་རྩོམ་པའི་ཐད་གཏོང་ལ་བལྟས་པ་དང་། ཚང་མས་ཡིད་ཆེས་བརྟན་པོ་དང་ངར་ཤུགས་གཅིག་སྒྲིལ། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་སྔར་ལས་ཆེ་བའི་སྙིང་སྟོབས་དང་། སྔར་ལས་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་ཐོག་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་དོན་ཁྲོད་ཞུགས་དགོས་པར་འདོད།

ཟི་ལིང་གྲོང་ཁྱེར་མཁར་ནུབ་ཆུས་ཧུའུ་ཐའེ་སྲང་ལམ་ཞིན་ཞིས་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་རྒན་གྲས་རྩ་འཛུགས་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འགོ་རྩོམ་པའི་གནས་ཚུལ་དངོས་ཀྱི་ཐད་གཏོང་ལ་བལྟས།

གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་འགོ་རྩོམ་པའི་གནས་ཚུལ་དངོས་ཀྱི་ཐད་གཏོང་ལ་བལྟས།

ཟླ5པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པར། དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་ཀན་ཏུའུ་གྲོང་རྡལ་གྱི་ཏང་ཨུ་ཡིས་སྡེ་བ་སོ་སོའི་ཏང་ཡོན་དང་མང་ཚོགས་རྩ་འཛུགས་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་འགོ་རྩོམ་པའི་ཐད་གཏོང་ལ་བལྟས། ཚང་མས་མ་འོངས་པའི་ལོ་ལྔའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་འབད་འབུངས་ཆེར་བསྐྱེད་ཀྱིས་ཞིང་སྡེ་གསར་པ་འཛུགས་སྐྲུན་བྱེད་དགོས་པའི་ངོས་འཛིན་གཅིག་པར་བྱས།

ཟླ5པའི་ཚེས23ཉིན་གྱི་སྔ་དྲོ། མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་ཀིག་ཡུལ་ཚོས་ཡུལ་ཚོ་ཡོངས་ཀྱི་ཏང་ཡོན530རྩ་འཛུགས་བྱས་ཏེ་མཉམ་དུ་འགོ་རྩོམ་པའི་མཛད་སྒོར་བལྟས་པ་དང་། ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ལ་ཉན་རྗེས། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་སྔར་ལས་ཇེ་བརྟན་དུ་གྱུར་བ་དང་། རྗེས་ཕྱོགས་ཀྱི་འཚོ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་ཡིད་ཆེས་བྱེད་ཀྱིན་ཡོད།

ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན་གྱི་སྔ་དྲོ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་གཟབ་རྒྱས་ངང་འཚོགས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། ཚང་མས་གཅིག་བསྡུས་སམ་ཡང་རང་སར་ནས་བརྙན་འཕྲིན་དང་རླུང་འཕྲིན། དྲ་རྒྱ་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ལ་ཉན་ནས་མ་འོངས་འཕེལ་རྒྱས་ཀྱི་འཆར་འགོད་ལ་དོ་སྣང་བྱེད་ཀྱིན་ཡོད། ཚང་མས་རེབ་འདིའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གསར་པར་དམ་པོར་དམིགས་ཏེ། ཡིད་ཆེས་བརྟན་པོ་དང་ལས་གནས་ཐོག་གཞི་ཚུགས་པ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ནས། འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་དང་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་བསྟན།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ཁོར་ཡུག་ཤུགས་རྐྱེན་གདེང་འཇོག་དང་བཙོག་འབུད་ཆོག་འཐུས་ཁྲུའུ་ཡི་ཁྲུའུ་ཀྲང་ཧིག་ཐེན་མིན་དང་ལས་རོགས་ཚོས་འགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས་པ་དང་། རྒྱང་སྒྲོག་ལ་ཉན་པས་སྤྲོ་སེམས་རབ་ཏུ་འཕེལ་ཡོད། ཁོས་བཤད་རྒྱུར། “ད་ཐེངས་ཀྱི་ཚོགས་འདུ་ལས་རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་འབད་འཐབ་དམིགས་འབེན་གསལ་སྟོན་བྱས་ཡོད། ངས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་བསྒྲགས་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། ‘རྒྱལ་ཁབ་ཀྱི་དོན་ཆེན’དང‘ཞིང་ཆེན་གྱི་གལ་ཆེན’སེམས་སུ་དམ་པོར་བཟུང་ནས། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་མཚོ་སྔོན་གྱི་རྒྱུགས་འབྲས་འབུལ་དགོས”ཟེར།

རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིས་བཀོད་སྒྲིག་ཞིབ་ཚགས་དང་དྲ་ཐོག་དང་དྲ་ཕྱིའི་ཐོན་ཁུངས་གཅིག་འདོམས་བྱས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོའི་དོན་དངོས་ཐད་གཏོང་ལ་བལྟ་ཉན་བྱས། ཆིན་ཡུས་ཐེ་མཐོ་གནོན་ཆིང་ནན་བརྗེ་རྒྱུག་ས་ཚུགས་ཀྱི་ཏང་ཀྲི་པུའུ་དང་ཏང་ཡོན་ཚོས་སྙན་ཞུ་ལ་ཉན་ཞོར་དུ་སྙན་ཞུའི་ནང་དོན་གཙོ་བོ་ཟིན་ཐོར་འགོད་བཞིན་ཡོད། ཏང་ཀྲི་པུའུ་ཧྲུའུ་ཅི་ཀྲང་ཡན་ཅུན་གྱིས་བཤད་རྒྱུར། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་ལ་སྐུལ་ལྕག་ཆེན་པོ་ཐེབས། ང་ཚོས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། མཚོ་སྔོན་གྱི་གསར་དར་གློག་ཤུགས་ཁོངས་གཏོགས་ཀྱི་ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ་འཛུགས་སྐྲུན་གོ་སྐབས་སུ་བྱས་ནས། གློག་དྲའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་ཞུགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས“མཐོ་ས”དང“ས་ཁུལ་བཞིའི”འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཡུང་ཞང་གིས་བཤད་རྒྱུར། སྙན་ཞུའི་ནང་མ་འོངས་པའི་བྱ་བའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སློབ་གྲྭ་ཡོངས་ཀྱི་གོང་འོག་ཚང་མས་ད་ཐེངས་ཀྱི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། སློབ་གྲྭ་ཡོངས་ཀྱི་དགེ་སློབ་དང་ལས་བཟོ་བར་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་རྒྱུགས་སྤྲོད་གསར་པའི་ལམ་བུའི་ཐོག་བསྐྱོད་དེ། སྤུས་ཚད་མཐོ་བའི་སྒོ་ནས་མི་རིགས་ས་ཁུལ་དུ་སྐྱོད་ཐུབ་པ་དང་སྡོད་ཐུབ་པ། ལས་ཀ་ཡག་པོ་བྱེད་པ། བློས་འགེལ་ཆོག་པ་བཅས་ཀྱི་རིགས་སོ་སོའི་ཤེས་ལྡན་པ་གསོ་སྐྱོང་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བསྐྲུན་ཆེད་སྟོབས་ཤུགས་ཆེན་པོ་འབུལ་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ། བློ་རྩེ་གཅིག་སྒྲིམ་ངང་ཁོངས་གཏོགས་ཀྱི་ལས་བྱེད་པ་རྩ་འཛུགས་བྱས་ནས་འགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས་པ་དང་སྙན་ཞུ་ཉན་ཞོར་དུ་གྲོས་བསྡུར་བྱས། ཚང་མས་སྙན་ཞུའི་གནས་བབ་མཐོ་བ་དང་ནང་དོན་ཕུན་སུམ་ཚོགས་པས་རྗེས་ཕྱོགས་ཀྱི་རྩ་འཛུགས་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པར་འདོད། ཧོང་ཀྲུང་ཆུས་ཏང་ཨུའི་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ་ལི་ཝའེ་ཡིས་བཤད་རྒྱུར། སློབ་སྦྱོང་དྲིལ་བསྒྲགས་ལ་དམ་འཛིན་ཡག་པོ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྤུས་ཚད་མཐོ་བའི་ལས་བྱེད་པའི་བྱ་བར་བརྟེན་ནས་ཧོང་ཀྲུང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར། ནན་ཅིན་གྱིས་ཟི་ལིང་གྲོང་ཁྱེར་ལ་ཁ་གཏད་རོགས་སྐྱོར་བྱ་བའི་ཚན་ཆུང་གི་ཁོངས་མི་ཡོངས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོར་བལྟས་རྗེས། “ཡུལ་ཚོ་གསུམ་གྱི་བཟོ་སྐྲུན”བྱེད་ཐབས་སུ་བྱས་ཏེ། ཐོན་ལས་མཉམ་ལས་ལ་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་ལ་བརྟེན་ནས། མཉམ་ལས་ལ་ཐུན་མོང་གིས་སྐུལ་འདེད་གཏོང་བ་དང་ཐུན་མོང་གིས་ཕྱུག་འགྱུར་རིམ་སྤོར་ཡོང་བ་བྱེད་དགོས་ཟེར།

མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་ཞའོ་ཞ་སྲང་ལམ་གྱི་ཏང་ཡོན་ལས་བྱེད་པ200ལྷག་ཙམ་གྱིས་བརྙན་འཕྲིན་དང་དྲ་རྒྱ། ཚགས་པར། སྨྱན་སྦྱོར་གསར་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་འགོ་རྩོམ་པའི་ཐད་གཏོང་ལ་བལྟས་པ་རེད། ཞའོ་ཞ་སྲང་ལམ་ཏང་ཨུའི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཅཱ་ཡུག་ཀྲི་ཡིས་བཤད་རྒྱུར། གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་གཏོང་རྒྱུ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་དང་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། ཡོངས་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན། མཐའ་སྐྱོང་རང་བཞིན་བཅས་ཀྱི་དམངས་ཚིས་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ། མཚོ་སྔོན་ཀྲུང་ཁུང་ཉི་ནུས་གློག་གཏོང་ཚད་ཡོད་ཀུང་སིས་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི་རྩ་འཛུགས་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས་པ་རེད། ཀུང་སིའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧྥན་ཡུས་དཔའ་ཡིས་བཤད་རྒྱུར། “ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་དེས་མི་སེམས་ལ་སྐུལ་མ་ཐེབས་པ་དང་འབད་འབུངས་ཡར་བརྩོན་གྱི་ནུས་པ་ཐོན་ཡོད། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད‘ས་བཞིའི’འཕེལ་རྒྱས་ཀྱི་འཐབ་ཇུས་གཏན་འཁེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ལས་བསྐྲུན་ཆེད་མུ་མཐུད་དུ་ནུས་པ་ཆེན་པོ་འདོན་རྒྱུ་ཡིན”ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་དགའ་སྤྲོའི་ངང་འགོ་རྩོམ་མཛད་སྒོའི་ཐད་གཏོང་ལ་བལྟས་པ་དང་། ནན་ཏན་ངང་ཉན་པ་དང་གོ་བ་གཏིང་ཟབ་བླངས། ཚང་མས་སྙན་ཞུའི་ནང་རྗེས་ཕྱོགས་ཀྱི་ལོ་ལྔའི་འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དང་། དུས་རབས་གསར་པའི་སྐྱོད་ལམ་གསར་པར་རྐང་འཛུགས་པ། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ། བློ་སྟོབས་སྔར་ལས་ཆེ་བའི་སྒོ་ནས་འགོ་འཛུགས་ས་སྔར་ལས་མཐོ་བའི་སྟེང་མཁྲེགས་གཏོར་དཀའ་སེལ་དང་། དངོས་སྒྲུབ་དངོས་གཉེར་བཅས་བྱས་ནས། “གུང་ཧོ་གཞོང་ས”འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཡར་རྒྱས་གསར་པ་ཡོང་བ་བྱེད་དགོས་པར་འདོད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་གནས་ཚུལ་ལ་ནན་ཏན་གྱིས་ཉན་པ་དང་། ནན་ཏན་ངང་ཟིན་བྲིས་བཀོད་པས་ཁོ་ཚོའི་སེམས་ཤུགས་འཕེལ་བ་དང་རྗེས་ཕྱོགས་ཀྱི་འཕེལ་རྒྱས་ལ་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། “གོ་རིམ་རྗེས་མར་ང་ཚོས་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། སྡེ་བ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབད་འབུངས་ཧུར་ཐག་བྱས་ནས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྲུན་དགོས”ཞེས་རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་འོད་བཟང་རྒྱལ་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བརྙན་འཕྲིན་དང་དྲ་བ་སོགས་ཀྱི་སྟེགས་བུ་བརྒྱུད་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་འགོ་རྩོམ་མཛད་སྒོའི་གནས་ཚུལ་ལ་ལྟ་ཉན་བྱས་པས་ཁུལ་ཡོངས་སུ་གྲོས་བསྡུར་གྱི་ཚ་རླབས་བསླངས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་དགོས་པར་འདོད། ཐུན་རིན་གྲོང་ཁྱེར་མགར་རྩེ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་གཙོ་བྱམས་པ་བསྟན་འཛིན་གྱིས་བཤད་རྒྱུར། “ང་ཚོས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱེད་པ། ཡུལ་ཚོ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། འབད་འབུངས་ཡར་བརྩོན་དང་བྱ་སྤྱོད་ཏན་ཏིག་སྤེལ་བ། རྨང་གཞི་ཞན་པ་དང་དར་རྒྱས་ཞན་པའི་ཞན་ཆ་གསབ་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གསར་པ་སྐྲུན་པའི་ཐུན་རིན་གྱི་ལེའུ་ཞིག་རྩོམ་དགོས”ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་བསྟན་དོན། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་མཚོ་སྔོན་གྱི་བུ་ཕྲུག་ཚོས་འདས་ཟིན་པའི་ལོ་ལྔའི་རིང་འབད་འབུངས་ཡར་བརྩོན་གྱི་རྐང་རྗེས་བཀོད་ཡོད་པ་མ་ཟད། དུས་རབས་གསར་པའི་མཚོ་སྔོན་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་ལ། ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཡུས་ཧྲུའུ་ཁུལ་གྱིས་ཐོན་ལས་དར་རྒྱས་དང་ལྗང་མདོག་འཕེལ་རྒྱས། དམངས་ཚིས་ལེགས་གཏོང་བཅས་ཀྱི་ཐད་ཚད་བརྒལ་གསར་པ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཡུས་ཧྲུའུ་གསར་པ་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་དགོས་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཐད་གཏོང་གནས་ཚུལ་ལ་གཅིག་བསྡུས་སྒོས་བལྟས་པ་དང་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལ་ཉན། ཁུལ་ཏང་ཨུའི་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀན་ཧྲིན་ཧུང་གིས་བཤད་རྒྱུར། “ངས་སྙན་ཞུའི་དགོངས་དོན་དང་ངོ་བོ་སློབ་སྦྱོང་སྔར་ལས་གཏིང་ཟབ་བྱས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་རྗེས་ཕྱོགས་ཀྱི་བྱ་བའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བརྩིས་ནས། བྱ་བ་ཇེ་ལེགས་སུ་གཏོང་བ་དང་འཕེལ་རྒྱས་དངོས་ལ་ཕྱོགས་རྒྱུར་སྐུལ་འདེད་གཏོང་བའི་ཚད་བརྒལ་བྱེད་ས་དང་དོན་ལ་འབབ་ས་འཚོལ་ཞིབ་ཏན་ཏིག་བྱས་ཏེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་པ་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།