འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ནས་དུས་རབས་ཀྱི་ལེའུ་གསར་པ་རྩོམ་དགོས།
2022.05.25 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 9

—ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུ་ལ་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་།

སྔར་སོང་མེ་ལོང་དུ་བཟུང་ནས་ལོ་རྒྱུས་ཀྱི་ལམ་བུར་བསྙེགས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུ་ལ་རང་ཞིང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚུར་སྣང་དྲག་པོ་བྱུང་བ་དང་། ཚང་མས་སྨྱན་བྱེད་སྣ་མང་བརྒྱུད་དེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འགོ་རྩོམ་མཛད་སྒོའི་གནས་ཚུལ་ཉན་པ་དང་བལྟས་ཏེ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལ་སློབ་སྦྱོང་ནན་ཏན་བྱས། སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་མཚོ་སྔོན་གྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་དང་། མ་འོངས་པའི་ལོ་ལྔའི་བྱ་བའི་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན། ལས་འགན་གལ་ཆེན་བཅས་བཀོད་སྒྲིག་བྱས་ཡོད། ཚང་མས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ནི་དར་ཆ་སྒྲེང་བ་དང་དངོས་དོན་གཉེར་བར་མཐོང་ཆེན། མི་སེམས་ལ་དྲོད་འཁོལ་སྦྱིན་པ། དཔའ་ངར་སྐྱེད་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྐྱོད་ལམ་གསར་པའི་གདོང་མཆོང་དུང་བརྡ་བསྒྲགས་པ་ངོས་འཛིན་བྱེད་བཞིན་ཡོད། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་དོན། སློབ་སྦྱོང་གི་གྲུབ་འབྲས་དེ་དོན་འཁྱོལ་དམ་འཛིན་བྱེད་པའི་ལག་བསྟར་ནུས་པ་དང་མཁྲེགས་གཏོར་དཀའ་སེལ་གྱི་དམག་འཐབ་ནུས་པར་བསྒྱུར་ནས། ཏན་ཏན་ཏིག་ཏིག་གིས་ལས་དོན་ཡོད་ཚད་མདུན་ཕྱོགས་སུ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས་ཟེར།

ཟླ5པའི་ཚེས23ཉིན་གྱི་སྔ་དྲོའི་ཆུ་ཚོད9པར། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ལབ་ཡུལ་ཚོས་ལས་བྱེད་པ་ཡོངས་རྩ་འཛུགས་བྱས་ཏེ་བརྙན་འཕྲིན་གྱི་མདུན་དུ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འགོ་རྩོམ་པའི་མཛད་སྒོར་གཅིག་བསྡུས་སྒོས་བལྟས། ཚང་མ་ངར་སེམས་འཕེལ་བ་དང་སྐུལ་ལྕག་ཆེན་པོ་ཐེབས་པའི་ཚོར་སྣང་ཟབ་མོ་བྱུང་ལ། སྙན་ཞུའི་ནང་བཏོན་པའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་དོན་མང་པོ་ཞིག་ལ་གྲོས་བསྡུར་ཡང་ཡང་བྱས། ཚང་མས་བཤད་དོན། གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བ་དེ་ཡུལ་ཚོ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱ་དགོས། དོ་དམ་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བྱས་ནས། ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པ་དང་བེད་མེད་ཟོག་རོ་བཀག་སྡོམ་དང་ཉུང་གཏོང་གི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་ཇེ་ལེགས་སུ་གཏོང་བ། མཁར་གྲོང་གི་སྤྱི་ཡོངས་ཀྱི་སྣང་བརྙན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། དམངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ནུས་ལྡན་སྒོས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་དཔལ་ཡོན་དང་གནས་སྡོད་ལ་འཚམ་པའི་ཁྱད་ལྡན་རིག་གནས་ཡུལ་སྐོར་གྲོང་རྡལ་ཆུང་ངུ་མགྱོགས་མྱུར་སྒོས་བསྐྲུན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཟེར།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོ་ཞོལ་མ་ཡུལ་ཚོ་ཆུ་སྔོན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་མཱ་ཡིས་བཤད་རྒྱུར། “ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ལས་འདས་ཟིན་པའི་ལོ་ལྔའི་བྱ་བར་ཁྱོན་ཡོངས་ནས་ཕྱིར་མིག་བལྟས་ཏེ། མ་འོངས་པའི་ལོ་ལྔ་དང་ཐ་ན་དེ་ལས་རིང་བའི་དུས་ཡུན་གྱི་འབད་འཐབ་དམིགས་འབེན་བཏོན་ནས། ང་ཚོའི་རྗེས་ཕྱོགས་ཀྱི་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས། ངས་སྡེ་བའི་འཕེལ་རྒྱས་དང་མང་ཚོགས་ཀྱི་བདེ་སྐྱིད་ཆེད་འབད་བརྩོན་མང་ཙམ་བྱས་ཏེ་ཏང་རྩ་འཛུགས་འཛུགས་སྐྲུན་དང་། ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོབ། བརྟན་བརླིང་སྲུང་སྐྱོབ་བཅས་ཀྱི་ཐད་སྔར་ལས་ཤུགས་བརྒྱབ་ནས། སྡེ་བ་ཡོངས་ཀྱི་གོང་འོག་ཚང་མས་མུ་མཐུད་འབད་འཐབ་བྱེད་པར་སྣེ་ཁྲིད་དེ། སྡེ་བ་སྔར་ལས་མཛེས་སྡུག་ལྡན་པ་དང་ཐོན་ལས་སྔར་ལས་སྟོབས་ལྡན། མང་ཚོགས་སྔར་ལས་ཕྱུག་པོ་བཅས་ཡོང་བ་བྱ་རྒྱུ་ཡིན”ཟེར།

རྨ་ཆུ་ཀུང་སི་ཚ་རྔ་འགག་གློག་གཏོང་ཡན་ལག་ཀུང་སིའི་ཏང་ཨུའི་ཨུ་ཡོན། སྤྱིའི་ལས་འཛིན་པ་གཞོན་པ་ཏུང་ཏའོ་ལིན་གྱིས་བཤད་རྒྱུར། “ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་དྭངས་གཙང་ནུས་རྒྱུའི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོབ་སྐོར་ཐེངས་མང་གླེང་ཡོད། དྭངས་གཙང་ནུས་རྒྱུའི་བྱ་བ་གཉེར་མཁན་གྱི་ལས་བཟོ་ཞིག་ཡིན་པའི་ངོས་ནས་རང་ཉིད་ལ་འགན་འཁྲི་ལྕི་མོ་དང་འགན་འཁྲི་གཟི་བརྗིད་ལྡན་པ་ཞིག་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། ཚ་རྔ་འགག་ཆུ་གློག་ས་ཚུགས་ནི་རྨ་ཆུའི་འབབ་རྒྱུད་ཀྱི་སྣེ་འདྲེན་གློག་འདོན་ས་ཚུགས་ཞིག་ཡིན་པ་དང་། ལོ་མང་པོའི་རིང་། མཚོ་སྔོན་ཞིང་ཆེན་ལ་དཔལ་འབྱོར་དང་སྐྱེ་ཁམས་ཀྱི་རིན་ཐང་ཅུང་མཐོ་བ་བསྐྲུན་ཡོད། རྨ་ཆུའི་སྟོད་རྒྱུད་ཀྱི་སྐས་རིམ་གློག་འདོན་ས་ཚུགས་སུ་སྔ་རྗེས་སུ་ཆུ་གསོག་པར་བརྟེན་ནས། ཚ་རྔ་འགག་ཆུ་བོའི་གནས་ལ་སྤྱི་ལེ་ངོས་སྙོམས་གྲུ་བཞི600ཡི་བརླན་སའི་རྒྱ་ཁྱོན་ཇེ་མང་དུ་ཕྱིན་པ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐུབ་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལ། བྱ་ཁྲ་དང་ངང་དཀར་སོགས་རི་སྐྱེས་འདབ་ཆགས་རིགས་མང་པོ་ཞིག་ཆུ་གློག་ས་ཚུགས་ཀྱི་ཉེ་འགྲམ་དུ་ཡང་ཡང་ཐོན་གྱིན་ཡོད། འདབ་ཆགས་དེ་དག་ནི‘སྐྱེ་ཁམས་ལྟ་ཞིབ་ཚད་ལེན་འཕྲུལ་ཆས’ཀྱིས་པར་བླངས་ཡོད་ལ། སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་གྱུར་བའི་རྟགས་མཚན་ཞིག་ཀྱང་རེད། མིག་སྔར། ང་ཚོས་ཚ་རྔ་འགག་སོགས་དྭངས་གཙང་ནུས་རྒྱུའི་སྙོམས་སྒྲིག་ལྟེ་གནས་ཆེ་གྲས་འཆར་འགོད་དང་འཛུགས་སྐྲུན་བྱེད་བཞིན་ཡོད་པས། མཚོ་སྔོན་ཞིང་ཆེན་གྱིས་དྭངས་གཙང་ནུས་རྒྱུའི་དཔེ་སྟོན་ཞིང་ཆེན་དང་དྭངས་གཙང་ནུས་རྒྱུའི་ཐོན་ལས་ཀྱི་མཐོ་ས་བསྐྲུན་རྒྱུར་རོགས་རམ་བྱས་ནས། རི་སྔོ་ཆུ་དྭངས་དེ་དུས་ནམ་ཡང་མཚོ་སྔོན་གྱི་ཁྱད་སྟོབས་དང་སྤོབས་པ་ཞིག་ཏུ་འགྱུར་བ་བྱེད་དགོས”ཟེར།

མཛེས་སྡུག་ལྡན་པའི་འཆར་གཞི་བཏོན་ཟིན་པ་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་རྩོམ་ཡིག་གསར་པ་ཞིག་འབྲི་དགོས། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་གསར་པ་མངོན་པ་དང་། མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་དང་བསྟུན་ཡོད། ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུའུ་ཡི་ཏང་རྩ་འཛུགས་ཀྱི་ཁོངས་མི། ཅུའུ་ཀྲང་གཞོན་པ་ཞུས་ཝའེ་ཅོན་གྱིས་བཤད་རྒྱུར། བློ་གྲོས་དང་སྟོབས་ཤུགས་ཏང་གི་འཐུས་མི་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་སོ་སོའི་ཐོག་གཅིག་བསྡུས་བྱས་ནས། ཞིང་ཆེན་ཡོངས་ཀྱི་གནམ་གཤིས་སྡེ་ཁག་གི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ལས་བྱེད་པས་བསམ་བློ་བཅིངས་འགྲོལ་དང་། དངོས་སྒྲུབ་དངོས་གཉེར། འབད་འབུངས་ཡར་བརྩོན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་བསྐྲུན་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་པའི་ཁྲིད་སྟོན་བྱེད་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།