འཆར་འགོད་གསར་པས་མདུན་ལྗོངས་བཟང་པོ་སྐྲུན། སྐྱོད་ལམ་གསར་པས་འབད་བརྩོན་ཡར་སྐུལ་བྱེད།
2022.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

--མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིས་ཏང་གི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུ་ལ་ཚ་ཚ་འུར་འུར་གྱིས་གྲོས་བསྡུར་བྱས།

“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་ཡོད་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཀྱང་ཡོད”སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྙན་ཞུ་ལ་རང་ཞིང་གི་ཏང་གི་འཐུས་མིའི་ཁྲོད་ཚུར་སྣང་དྲག་པོ་བྱུང་བ་དང་། ཚང་མས་སྙན་ཞུའི་ནང་དོན་བརྗིད་ཉམས་ཆེ་བ་དང་། ཁྱོན་ཡོངས་དང་ཕྱི་རོལ་ཡུལ་གྱི་དོན་དངོས་དང་མཐུན་པ། མི་སེམས་ལ་སྐུལ་མ་ཐེབས་པ་ཞིག་ཡིན་པའི་ཆ་ནས་ཞིང་ཆེན་ཡོངས་ཀྱི་མ་འོངས་པའི་ལོ་ལྔའི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་བརྗིད་ཆེ་བའི་འཆར་གཞི་ཞིག་ཞིབ་འབྲི་བྱས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད།  སྙན་ཞུའི་ནང་བཏོན་པའི“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པའི”འབད་འཐབ་དམིགས་འབེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་།“བློ་བརྟན་འགྱུར་མེད་བརྒྱད”ཀྱི་བྱ་བར་བཀོད་སྒྲིག་བྱས་པ་དེའི་ཐོག་ནས་རྒྱལ་ཁབ་དང་། མི་རིགས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་མཐོ་བའི་སྒོ་ནས་འགན་འཁུར་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་བ་མཚོན་ཡོད་པ་དང་། དེ་ནི་དམངས་སེམས་ལ་དྲོད་ཁོལ་སྟེར་བ་དང་། མང་ཚོགས་དང་ཐག་ཉེ་བ། དོན་དངོས་སྒྲུབ་པ། སྙིང་སྟོབས་མཐོ་རུ་གཏོང་བ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།

“‘དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ’འཛུགས་སྐྲུན་བྱེད་པར་ཟི་ལིང་གིས་ངེས་པར་དུ་འགན་འཁུར་ནས་མདུན་དུ་སྐྱོད་དགོས།”ཏང་གི་འཐུས་མི་དང་། ཟི་ལིང་(རྒྱལ་ཁབ་རིམ་པ)དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཏུང་ཁྲོན་བཟོ་ལས་ར་བ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅིའམ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲའོ་ཅན་ཝུན་གྱིས་བཤད་རྒྱུར། འཐུས་སྒོ་ཚང་པ་དང་། ཡང་དག་པ། ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་སྣེ་ཁྲིད་པ་དང་། “མཐོ་ས”སྐྲུན་པར་རྐང་ཚུགས་པ།“གནས་བཞི”འཛུགས་སྐྲུན་བཅས་བྱས་ཏེ། ཐོན་ལས་གཞན་སྒྱུར་རིམ་སྤོར་གྱི“ཁྲིད་སྟོན་ཁུལ”ཤུགས་ཆེན་པོས་སྐྲུན་པ་དང་། “སྒོར་ཁྲག་ཁྲིག་རིམ་པའི་ཐོན་ལས་གཅིག་འདུས་ཚོགས་པ་གསུམ”གྱི་དམིགས་ཚད་གཏན་འཁེལ་བྱེད་པ།“2+N”ར་བ་ཁུལ་གྱི་དེང་རབས་ཐོན་ལས་མ་ལག་སྐྲུན་པ་བཅས་བྱེད་དགོས། ཚན་རྩལ་གསར་སྐྲུན་གྱི“གཅིག་སྡུད་ཁུལ་”ཤུགས་ཆེན་པོས་སྐྲུན་ནས་གསར་སྐྲུན་གྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་དང་། གསར་སྐྲུན་མཐུན་སྦྱོར་གཏིང་ཟབ་དུ་སྤེལ་བ། གྲུབ་འབྲས་སུ་བསྒྱུར་བའི་སྟེང་ཐོད་བརྒལ་གསར་བ་མངོན་འགྱུར་བྱེད་པར་སྐྭལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཀྱི“དཔེ་སྟོན་ཁུལ”ནུས་ཤུགས་ཡོད་རྒུས་སྐྲུན་ནས་ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་ཧུར་ཐག་གིས་བསྐྱོད་དེ་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་ར་བ་ཁུལ་བསྐྲུན་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“སྔོན་སྐྱོད་ཁུལ”ནུས་ཤུགས་ཡོད་རྒུས་བཏོད་དེ་འོད་ཤུགས་ཐོན་ལས་ཀྱི་སྦྲེལ་ཐག་ཆ་ཚང་དང་རིམ་པ་མཐོ་བའི་གློག་འབྱེད་ཟངས་ཤོག་སོགས་ཀྱི་ལས་གཞི་ཁག་ཅིག་ནང་འདྲེན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས“ཐོན་ལས་གཉིས་པ་ཇེ་ལེགས་དང་ཐོན་ལས་གསུམ་པ་འཕེལ་རྒྱས”ཀྱི་ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་གཞན་སྒྱུར་གྱི་འཕེལ་རྒྱས་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དེ། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་ཆེད་ཏུང་ཁྲོན་གྱིས་བྱས་རྗེས་འཇོག་རྒྱུ་ཡིན་ཟེར།

“‘ལྗང་མདོག་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ’དེ་འབད་འཐབ་དམིགས་འབེན་དང་པོར་བཞག་ཏེ། ཐོན་ལས‘གནས་བཞི’དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོར་འགྱུར་བར་བྱེད་པ་དང་། ནུས་ཁུངས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ཚད་བརྒལ་གསར་པ་ཡོང་བར་བྱེད་དགོས།” ཏང་གི་འཐུས་མི། མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། གཏེར་ལེན་ཁ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་སོས་ཞའོ་པོ་ཡིས་བཤད་རྒྱུར།  ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་མིག་ལྟོས་ཚེ། མཚོ་ནུབ་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་སྤྱི་ཕྱོགས་རྒྱུན་འཁྱོངས་དང་།  ཡུལ་ལྗོངས་དང་། ས་གཞི། ཚྭ་མཚོ་སོགས་ཀྱི་ཐོན་ཁུངས་སྔོག་འདོན་ཟབ་མོ་བྱས་ཏེ།“སྟོང་ཝ་ཁྲི་སྟོང་རིམ་པའི་ནུས་ཁུངས་གསར་པའི་གློག་གཏོང་རྟེན་གཞི་དང་། ནུས་ཁུངས་གསར་པའི་སྒྲིག་ཆས་བཟོ་སྐྲུན་རྟེན་གཞི། གསོག་འཇོག་དཔེ་སྟོན་འཛུགས་སྐྲུན་རྟེན་གཞི”བཅས་གཞི་གཅིག་ཡིན་པའི་ཞིང་ཆེན་ཡོངས་ཀྱི་ཆེས་གལ་ཆེ་བའི་ནུས་ཁུངས་བདེ་འཇགས་འགན་སྲུང་འདེགས་སྐྱོར་བྱས་ཏེ། དྲ་སྟེང་གསོག་འཇོག་དང་། ནུས་མང་ཕན་ཚུན་གསབ་རེས་བཅས་གཞི་གཅིག་ཡིན་པའི་ནུས་ཁུངས་གསར་པའི་ལས་གཞི་དང་། རླུང་འཁོར་བཟོ་སྐྲུན། འོད་ཤུགས་ལྷུ་ལག་ཐོན་ལས་ལས་གཞི་སོགས་དུས་གཅིག་ཏུ་མཚོ་ནུབ་རུ་གཞི་ཚུགས་པར་བྱས་པ་དང་། འོད་ཤུགས་གློག་གཏོང་ནི་དེ་ལས་ཀྱང་ཁྱད་དུ་འཕགས་པ་ཞིག་རེད་ཟེར།

གོ་རིམ་རྗེས་མར་ང་ཚོས་ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་བསྒྱུར་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱས་ཏེ། དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་སྐྲུན་པ་གཉིས་དང་ཟུང་འབྲེལ་དམ་པོ་བྱས་པ་དང་། སྤུས་ཚད་དེ་ལས་མཐོ་བའི་དག་གཙང་ནུས་ཁུངས་མཁོ་སྤྲོད་མ་ལག་འཛུགས་སྐྲུན་བྱས་ནས་ཐཱན་མེད་པའི་ཐོན་ལས་ར་བ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། དག་གཙང་ནུས་ཁུངས་རང་ས་ནས་བཀོལ་སྤྱོད་ཚར་བའི་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་རྒྱུ་ཡིན་ཟེར།

ཏང་གི་འཐུས་མི། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ལིག་ཀྲུང་གིས་བལྟས་ན། སྙན་ཞུ་ལས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གིས་མཚོ་སྔོན་གྱི་བྱ་བའི་ཐད་ལ་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཤིང་། དྲོད་ཁོལ་ལྡན་ལ། སྟོབས་ཤུགས་ཀྱིས་ཁེངས་པའི་འགན་འཁྲི་དང་འགན་འཁུར་ཞིག་མངོན་པར་བྱས་ཡོད་པར་འདོད། ཁོས་བཤད་རྒྱུར། རྫ་སྟོད་རྫོང་ནི་རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་དཀྱིལ་སྙིང་ས་ཁོངས་སུ་ཡོད་པ་དང་། སྐྱེ་ཁམས་བདེ་འཇགས་ལ་འགན་སྲུང་དང་རི་སྔོ་ཆུ་དྭངས་སྲུང་རྒྱུ་དེ་ནི་ངེས་པར་དུ་ཡག་པོར་བསྒྲུབ་དགོས་པ་དང་ནན་ཏན་གྱིས་བསྒྲུབ་དགོས་པའི་བྱ་བ་གཙོ་བོ་ཞིག་རེད། ང་ཚོས་མ་འོངས་པའི་དམིགས་འབེན་གཏན་འཁེལ་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཆུ་བོའི་འགོ་ཁུངས་ཀྱི་འགན་འཁྲི་འཁུར་ནས་ཆུ་ལག་གི་བཞུར་རྒྱུན་ཆད་དུ་མི་འཇུག་པའི་འགན་འཁུར་རྒྱུ་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལམ་ལུགས་གཟབ་ནན་གྱིས་དོན་འཁྱོལ་ལེགས་པོ་བྱས་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྔར་ལས་ཕན་འབྲས་ལྡན་པའི་སྒོ་ནས་འཛུགས་སྐྲུན་བྱེད་རྒྱུ་ཡིན། ཚད་གཞི་མཐོ་བའི་ར་བ་ཁུལ་འཛུགས་སྐྲུན་གྱི་འདུ་ཤེས་ལག་བསྟར་བཟང་པོ་བྱས་ནས་སྔར་ལས་རང་རྟོགས་ཀྱིས་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་འཛུགས་སྐྲུན་ནང་འདྲེས་པར་བྱེད་པ་དང་། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་བོའི་འགོ་ཁུངས་ཀྱི་མཛའ་མཐུན་རྣམ་པའི་མི་སྡོད་ཁོར་ཡུག་སྔར་ལས་ལྷག་པ་སྐྲུན་པར་ཤུགས་བསྣན་ནས་རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཁུངས་ཀྱི་རི་སྔོ་ཆུ་དྭངས་ལ་དངོས་གནས་སྲུང་སྐྱོབ་ཡག་པོ་བྱེད་རྒྱུ་ཡིན་ཞིང་། ནུས་ཤུགས་གང་ཡོད་ཀྱིས་མཐོ་སྒང་གི་ཁྱད་ཆོས་ཡོད་པ་དང་རྒྱལ་ཁབ་ཀྱི་ཚབ་བྱེད་ཐུབ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཔེ་སྟོན་སྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

མ་འོངས་པའི་ལོ་ལྔ་ནི་མཚོ་སྔོན་གྱིས་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་པོར་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སྐབས་ཤིག་ཡིན་པ་དང་། མ་འོངས་པར་རྒྱང་ལྟ་བྱས་ཚེ། སྤོབས་སེམས་ཀྱིས་ཁེངས་ཡོད། ཏང་གི་འཐུས་མི། མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧའེ་རིགས་རང་སྐྱོང་རྫོང་སྟག་ལུང་ཡུལ་ཚོ་བ་རྒྱ་ཐང་གི་སྡེ་མི་མཱ་ཝུན་ཏི་ཡིས་ཡིད་ཆེས་ཆེན་པོས་བཤད་རྒྱུར། ཕ་ཡུལ་དུ་ཕྱིར་ལོག་ནས་ལས་སྐྲུན་བྱེད་པའི་ཐུག་རིང་བསྐོལ་མཁན་ཞིག་ཡིན་པའི་ངོས་ནས་མཚོ་སྔོན་གྱི“ཐུག་རིང་དཔལ་འབྱོར”གྱིས་ཕ་ཡུལ་དབུལ་བོ་ལས་ཐར་ཐུབ་པ་བྱུང་བ་དང་མང་ཚོགས་ཕྱུག་འགྱུར་བྱུང་བར་མྱོང་ཚོར་ཟབ་མོ་ཡོད། ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱེད་པར་སྐུལ་འདེད་བྱས་ཡོད་པ་དང་། ང་ཚོས་ཐུག་རིང་ཐོན་ལས་ཆེན་པོར་སྒྲུབ་པ་དང་། ཐུག་རིང་དཔལ་འབྱོར་སྟོབས་ལྡན་དུ་གཏོང་བར་གོ་སྐབས་གསར་བ་བསྐྲུན་ཡོད། ངས“གཡུལ་སར་ཏང་ནང་དུ་ཞུགས་པའི་”ཉམས་སྣང་དང་།“རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྲུང་གི་ཆེས་མཛེས་པའི་དང་བླངས་པའི”སྙིང་སྟོབས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གཏོང་བའི་བྱ་བའི་ཁྲོད་ཞུགས་ནས་མཚོ་ཤར་གྱི་གནས་བབ་ཅུང་བཟང་པོར་རྐང་ཚུགས་པ་དང་། ཐུག་རིང་དཔལ་འབྱོར་གྱི་འཐབ་ཕྱོགས་དམིགས་འབེན་ལ་དམ་དུ་འབྲེལ་བ། སྲིད་ཇུས་སོ་སོའི་གོ་སྐབས་དམ་འཛིན་བཅས་བྱས་ཏེ། རང་ཁྱིམ་གྱི་སྒོ་ཁ་ནས་ཧུར་ཐག་གིས་ལས་སྐྲུན་བྱེད་པ་དང་། ཐོན་ལས་དར་སྤེལ་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་ཕྱུག་འགྱུར་གྱི་དམིགས་འབེན་ལམ་དུ་བསྐྱོད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་སྟོབས་ཤུགས་ཕུལ་རྒྱུ་ཡིན་ཟེར།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མིའམ་མཚོ་ཤར་གྲོང་ཁྱེར་ཞོང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་པད་ཀྲོང་གྲོང་རྡལ་སུའུ་ཧུའུ་ས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མཱ་ཧྲི་ཀུང་གིས་བཤད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་ཐུབ་པ་བྱུང་བས། སེམས་པ་ཧ་ཅང་དགའ་པོ་བྱུང་བ་དང་། བློ་སྤོབས་ཡང་ཆེན་པོ་སྐྱེས་བྱུང་ཟེར། ཁོས་སྙན་ཞུའི་ནང་“ཁྱོན་ཡོངས་ནས་ཀྲུང་ཧྭ་མི་རིགས་ལ་ཐུན་མོང་དུ་ཡོད་པའི་སྙིང་སྟོབས་ཀྱི་ཁྱིམ་གཞིས་ཞིག་སྐྲུན་དགོས”ཞེས་པར་མྱོང་ཚོར་ཟབ་མོ་ཡོད།

ཞོང་ཧྭ་རྫོང་དུ་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པ་སྟེ། ཟ་ལར་དང་། བོད་རིགས། ཧའེ་རིགས། རྒྱ་རིགས་སོགས་མི་རིགས་སོ་སོའི་མང་ཚོགས་རྣམས་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ལག་རྡང་སྦྲེལ་ནས་འཕེལ་རྒྱས་འགྲོ་བཞིན་ཡོད། མཱ་ཧྲི་ཀུང་ཡོད་སའི་སུའུ་ཧུའུ་ས་སྡེ་བ་ནི་ཟ་ལར་མི་རིགས་འདུས་སྡོད་བྱེད་སའི་སྡེ་བ་ཞིག་ཡིན་ཞིང་། ཐག་ཉེ་ས་རུ་ཡོད་པའི་འོ་སྐོལ་སྡེ་བ་ནི་བོད་རིགས་གཙོ་བོ་ཡིན་པའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་དེ་གཉིས་དཔལ་འབྱོར་གྱི་ཐད་ནས་ཕན་ཚུན་གསབ་རེས་དང་། རིག་གནས་ཀྱི་སྟེང་ནས་ཕན་ཚུན་བརྒྱན་རེས་བྱེད་བཞིན་ཡོད་ལ། སུའུ་ཧུའུ་ས་སྡེ་བའི་སྡེ་མི་མང་ཆེ་ཤས་ཀྱིས་བོད་སྐད་བཤད་ཤེས་པས། ཕན་ཚུན་འབྲེལ་འདྲིས་སྔར་ལས་ཟབ་པ་རེད།

མཱ་ཧྲི་ཀུང་གིས་མཚམས་སྦྱོར་བྱས་ནས་བཤད་རྒྱུར། སྔོན་ཆད་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། འོ་སྐོལ་སྡེ་བའི་མི་རྣམས་ཕྱི་རོལ་དུ་འགྲོ་སྐབས། སུའུ་ཧུའུ་ས་སྡེ་བ་ནས་ངལ་གསོ་ཞིག་བྱས་རྗེས་ལམ་ལ་ཆས་བཞིན་ཡོད་ཅིང་། སྤྲོ་སྣང་ལྡན་པའི་ཟ་ལར་རིགས་ཀྱི་སྡེ་མིས་ཇ་ཚ་མོ་དཀའ་ཡོལ་གང་རེ་དྲངས་འོངས། ཞིང་ལས་ལ་བྲེལ་བ་ཆེ་བའི་དུས་ཚིགས་སུ། བོད་རིགས་སྡེ་བས་མི་རྣམས་ཀྱིས་ཟ་ལར་སྡེ་བའི་མི་རྣམས་ལ་ཞིང་འདེབས་རོགས་དང་། རྩྭ་འབྲེག་པ། སྟོན་བསྡུ་བ་སོགས་བྱེད་པར་རོགས་རམ་བྱེད་བཞིན་ཡོད་ཅིང་། ཟ་ལར་རིགས་སྡེ་བའི་མི་རྣམས་ཀྱིས་ཀྱང་རྒྱུན་དུ་བོད་རིགས་སྡེ་བའི་རི་མགོར་འཚོ་བཞིན་པའི་ནོར་དང་། ལུག་ལ་འཚོ་སྐྱོང་བྱེད་བཞིན་ཡོད་ཟེར། འོ་སྐོལ་སྡེ་བའི་མི་རྣམས་ཀྱིས་ཆུ་འཐུང་ཐུབ་ཀྱིན་མེད་པའི་གནས་ཚུལ་ཐོས་རྗེས། སུའུ་ཧུའུ་ས་སྡེ་བའི་སྡེ་མི་རྣམས་ཀྱིས་མྱུར་མོར་རང་སྡེ་བའི་ཆུ་མགོ་རུ་སྦུ་གུ་ཞིག་བཙུགས་ནས་ཆུ་འཐེན་དུ་བཅུག

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོག་ལ་ཉེ་བའི་སྔ་ནུབ་ཏུ་སུའུ་ཧུའུ་ས་སྡེ་བ་དང་འོ་སྐོལ་སྡེ་བའི་ཏང་ཀྲི་པུའུ་ཡིས་མཉམ་འབྲེལ་གྱི་སྒོ་ནས་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་སྒྲོག་སློབ་གསོ་ནི་ཐེངས་དེའི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་ནང་དོན་གཙོ་བོ་ཡིན་པ་དང་། ཏང་ཀྲི་པུའུ་གཉིས་ཀྱི་ཏང་ཡོན་གྱིས་གཏམ་བཤད་བྱས་ནས་ཡུལ་དངོས་ཀྱི་རྣམ་པ་ཧ་ཅང་ཉམས་དགའ་བ་ཞིག་ཏུ་གྱུར།

སྡེ་བ་གཉིས་ཀྱི་ཏང་ཀྲི་པུའུ་ཡིས་དུས་རྒྱུན་མཉམ་དུ་འཚོ་བར་རྩ་འཛུགས་དང་། སློབ་སྦྱོང་ལྟ་ཞིབ། ཐོན་ལས་གསོ་སྦྱོང་ལ་རྩ་འཛུགས་བྱེད་པ། ཕུལ་བྱུང་ལས་བྱེད་པ་ཕར་ཚུར་ལ་མངགས་ནས་ཏང་གི་སློབ་ཁྲིད་བྱེད་བཞིན་ཡོད། མཱ་ཧྲི་ཀུང་གིས་འོ་སྐོལ་སྡེ་བ་ནས་ཏང་གི་སློབ་ཁྲིད་མང་པོ་བྱས་པ་དང་། ཁོས་ད་དུང་བོད་སྐད་ཀྱི་ལམ་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་འོ་སྐོལ་སྡེ་བའི་མང་ཚོགས་ལ་བརྒྱུད་སྒྲོག་བྱས།

“གསར་སྐྲུན་འདེགས་སྐྱོར་དང་། ནང་དོན་ཕུན་སུམ་ཚོགས་པ། ཕྱི་ཕྱོགས་སུ་རྒྱ་སྐྱེད་པ། ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བའི་ཐད་མུ་མཐུད་མདུན་གྲལ་དུ་སྐྱོད་དགོས།” སྙན་ཞུའི་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྐོར་གླེང་ཡོད་ས་རུ་ཁོས་ཡང་དང་བསྐྱར་དུ་ལྟ་བཞིན་ཡོད་པ་དང་།

སེམས་སུ་བརྟན་པོར་བཅངས་ནས་ཕྱིར་ལོག་རྗེས་ཟ་ལར་སྐད་དང་བོད་སྐད་ཀྱི་ལམ་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་དུས་ཚོད་དང་པོའི་ནང་སྡེ་མི་རྣམས་ལ་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཞེས་མཱ་ཧྲི་ཀུང་གིས་དེ་ལྟར་བཤད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།