ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཀྲམ།
2022.05.27 ཁུངས། མི་དམངས་དྲ་བ། ཀློག་གྲངས། 4

 ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཀྲམ་པར་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལག་བསྟར་དོན་འཁྱོལ་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

《ཇུས་གཞིའི》ནང་བསྟན་དོན། གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་གཙོ་གནད་དེ་གྲོང་གསེབ་ཏུ་བཞག་ནས་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་དུ་ལེགས་བཅོས་བྱས་པས།  གྲོང་གསེབ་ཀྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དུས་མཚུངས་སུ་རང་རྒྱལ་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་ད་དུང་འཐུས་ཚང་མིན་པ་དང་། ཁྱབ་ཁོངས་ཁ་ཤས་སུ་ད་དུང་མངོན་གསལ་དོད་པའི་ཞན་ཆ་དང་མི་འདང་ས་མང་པོ་གནས་ཡོད་པས།  ཉིན་བཞིན་འཕེལ་རྒྱས་འགྲོ་བའི་མཛེས་སྡུག་འཚོ་བར་བཅངས་པའི་ཞིང་པ་མང་ཚོགས་ཀྱི་དགོས་མཁོ་དང་ད་དུང་བར་ཁྱད་ཆེན་པོ་ཡོད། གྲོང་གསེབ་འཛུགས་སྐྲུན་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་གྲོང་གསེབ་ཀྱི་སྡོད་མལ་དང་ལས་སྐྲུན་ལ་འཚམ་པའི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་ཆེད་ཇུས་གཞི་འདི་བཟོས་པ་རེད།

《ཇུས་གཞིའི》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ།  ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། གྲོང་གསེབ་འཛུགས་སྐྲུན་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་གོ་གནས་གལ་ཆེན་དུ་འཇོག་པ། ཞིང་པ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྨོན་དང་བསྟུན་པ། ཀུན་ཕན་གྱི་རང་བཞིན་དང་། རྨང་གཞིའི་རང་བཞིན། མཐའ་སྐྱོང་གི་རང་བཞིན་བཅས་ཀྱི་དམངས་ཚིས་ལེགས་བཅོས་གཙོ་གནད་དུ་འཛིན་པ། འཆར་འགོད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་དང་།  ཐོན་ཁུངས་ཀྱི་གཙོ་རྒྱུར་སྤྱི་འདོམས། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན། འོག་ནས་གོང་བར་དང་། སྡེ་མིས་རང་སྐྱོང་བྱེད་པ། ཞིང་པ་ཟབ་ཞུགས་བཅས་ཀྱི་ལག་བསྟར་རྐྱེན་སྲོལ་འཛུགས་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུ་འདོན་པ་དང་ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ།  ལེགས་པོ་ཡོང་ཐབས་བྱེད་པ་ལས་མགྱོགས་པོ་ཡོང་ཐབས་མི་བྱེད་པ།  བྱ་བ་རེ་རེ་བཞིན་སྒྲུབ་པ་བཅས་བྱས་ནས།  གྲོང་གསེབ་ལ་འཚོ་བའི་ཆ་རྐྱེན་སྔར་ལས་ཡག་པོ་ཞིག་འཛོམས་པར་བྱེད་པ་དང་འཚོ་སྡོད་ལ་འཚམ་པ་དང་ལས་སྐྲུན་ལ་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཅིག་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས།

《ཇུས་གཞིའི》ནང་བསྟན་དོན། ཆོས་ཉིད་ལ་བརྩི་འཇོག་དང་ཏན་ཏན་ཏིག་ཏིག་བྱེད་དགོས། གྲོང་གསེབ་འཕེལ་རྒྱས་ཀྱི་ཆོས་ཉིད་དང་བསྟུན་ནས་གྲོང་ཚོ་འཛུགས་སྐྲུན་གྱི་དུས་རིམ་བཀོད་སྒྲིག་ལུགས་མཐུན་ཡོང་བ་དང་། ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་འདང་ངེས་ཤིག་རྒྱུན་འཁྱོངས་བྱས་ཏེ། སྙིང་རུས་གཏན་འཁྱོངས་དང་འཚབ་འཚུབ་མེད་པར་འཛུགས་སྐྲུན་བྱེད་དགོས། སྲིད་སྐྱོང་བྱས་འབྲས་ཀྱི་ལྟ་བ་ཡང་དག་པ་བཙུགས་ཏེ་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱ་རྒྱུ་དེ་ནོར་ཤུགས་རྒྱུན་མཐུད་དང་ཞིང་པས་ཐེག་ཐུབ་པའི་རྨང་གཞིའི་ཐོག་བཞག་ནས།  སྲོལ་ངན་ལས་འགུལ་སྤེལ་བ་གཏན་འགོག་དང་།  འཕེལ་རྒྱས་ཀྱི་དུས་མཚམས་ལས་བརྒལ་ཏེ་མ་དངུལ་བསྡུ་རུབ་ཆེན་པོ་དང་། བཤིག་ནས་འཛུགས་སྐྲུན་ཆེན་པོ། གསར་སྤེལ་ཆེན་པོ་བཅས་བྱེད་པར་གཏན་འགོག་བྱེད་པ། བུ་ལོན་གྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱེད་པའི་མཐའ་ཚད་བརྟན་སྲུང་བཅས་བྱེད་དགོས།

ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་སྟོན་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དེ་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པ་དང་། ས་གནས་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་དང་མཐུན་པ། ཞིང་པ་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བཅས་བྱས་ཏེ། ཁུལ་དབྱེ་རིགས་དབྱེ་བྱས་ནས་དམིགས་འབེན་ལས་འགན་གསལ་བོ་བཟོ་བ་དང་། སྤྱི་པའི་རྨང་གཞིའི་སྒྲིག་བཀོད་སྒྲིག་སྦྱོར་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞི་གཏན་འཁེལ་ལུགས་མཐུན་བྱེད་དགོས།

སྲུང་སྐྱོབ་ལ་མཐོང་ཆེན་དང་ཁྱད་ཆོས་མངོན་པར་བྱེད་དགོས། སྲོལ་རྒྱུན་གྲོང་གསེབ་ཀྱི་སྡོད་དམངས་ཀྱི་སྡོད་ཁང་དང་ཕུལ་བྱུང་གི་གྲོང་གསེབ་རིག་གནས་རྒྱུན་འཛིན་སྲུང་སྐྱོབ་བྱེད་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་གྲོང་གསེབ་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། ས་གནས་ཀྱི་ཁྱད་ཆོས་དང་གྲོང་གསེབ་ཀྱི་ཉམས་འགྱུར་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་སོར་ འཇོག་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་བྱེད་སྟངས་ལ་འདྲ་བཤུས་གཏན་ནས་མི་བྱེད་པར་སོ་སོར་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་པར་གཞིའི་གྲོང་གསེབ་ཀྱི་རྣམ་པ་བསྐྲུན་དགོས།

སྲིད་གཞུང་གིས་སྣེ་ཁྲིད་དང་ཞིང་པ་ཟབ་ཞུགས་བྱེད་དགོས།  འཆར་འགོད་ཀྱི་ཁྲིད་སྟོན་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར། རྩ་འཛུགས་ཀྱི་འགན་ལེན་སོགས་ཐད་ཀྱི་སྲིད་གཞུང་གི་ནུས་པ་བཏོན་ཏེ། ཞིང་པའི་ཆེད་དུ་སྐྲུན་པ་རྒྱུན་འཁྱོངས་དང་ཞིང་པའི་འདོད་བློར་བརྩི་འཇོག ཞིང་པའི་དངོས་པོའི་ཁེ་ཕན་དང་དམངས་གཙོའི་ཁེ་དབང་འགན་སྲུང་། ཞིང་པར་ཡོངས་ཁྱབ་ཏུ་རྟེན་པ། ཞིང་པར་སློབ་གསོ་ཁྲིད་སྟོན་བྱེད་པ། ཞིང་པས་འཛུགས་སྐྲུན་བྱེད་པར་རྩ་འཛུགས་དང་སྐུལ་ཁྲིད་བྱེད་པ།  ཆེ་འགན་གཙང་ལེན་དང་བཙན་ཤེད་ཀྱིས་བཀའ་འབེབས་མི་བྱེད་པ།  ཞིང་པའི་ཚབ་བྱས་ནས་གདམ་གསེས་མི་བྱེད་པ་བཅས་བྱ་དགོས།

འཛུགས་སྐྲུན་དང་དོ་དམ་མཉམ་དུ་འཛིན་པ་དང་། ཡུན་ཕན་འཁོར་སྐྱོད་བྱེད་དགོས། སྔོན་ལ་རྐྱེན་སྲོལ་འཛུགས་པ་དང་རྗེས་སུ་ལས་གཞི་འཛུགས་སྐྲུན་རྒྱུན་འཁྱོངས་བྱས་ནས། གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོབ་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། འཛུགས་སྐྲུན་དོ་དམ་དང་བེད་སྤྱོད་ཟུང་འབྲེལ་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། གྲོང་གསེབ་ཀྱི་འཛུགས་སྐྲུན་རྣམ་གྲངས་ཡུན་རིང་བརྟན་འཇགས་དང་ཕན་འབྲས་ཐོབ་པར་འགན་ལེན་བྱས་ཏེ། བསྐྱར་སྐྲུན་བྱེད་སྐབས་དོ་དམ་ལ་སྣང་ཆུང་དང་བསྐྱར་སྐྲུན་བྱེད་སྐབས་བེད་སྤྱོད་ལ་སྣང་ཆུང་བྱེད་པ་སྔོན་འགོག་བྱེད་དགོས།

ཐོན་ཁུངས་གྲོན་ཆུང་དང་ལྗང་མདོག་འཛུགས་སྐྲུན་བྱེད་དགོས། ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་འཛུགས་པ་དང་། ཐོན་ཁུངས་ལེགས་སྤྱོད་དང་གྲོན་ཆུང་། འཁོར་རྒྱུག་བཅས་ཀྱིས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། ལྗང་མདོག་འཆར་འགོད་དང་། ལྗང་མདོག་ཇུས་འགོད།  ལྗང་མདོག་འཛུགས་སྐྲུན་བཅས་ཁྱབ་གདལ་བཏང་སྟེ། གྲོང་གསེབ་འཛུགས་སྐྲུན་དང་རང་བྱུང་སྐྱེ་ཁམས་ཁོར་ཡུག་ཟུང་འབྲེལ་དམ་ཟབ་ཡོང་བར་བྱེད་དགོས།

《ཇུས་གཞིའི》བྱ་སྤྱོད་ཀྱི་དམིགས་འབེན་ནི་།   2025ལོར་སླེབས་སྐབས་གྲོང་གསེབ་འཛུགས་སྐྲུན་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་འབྱུང་བ་དང་། གྲོང་གསེབ་ཀྱི་ འཚོ་སྡོད་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་ཕྱིན་པ། གྲོང་གསེབ་ཀྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་སྡེ་བ་ཡོངས་ལ་ཁེབས་པ་དང་ཁྱིམ་ཚང་ཡོངས་སུ་སྣུར་སྲིང་བྱེད་པར་དགེ་མཚན་ལྡན་པའི་འཕེལ་རྒྱས་འབྱུང་བ། གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་ལེགས་པོ་ཐོབ་པ།  ཞིང་པའི་ཐོབ་སྣང་དང་།  སྐྱིད་སྣང་།  བདེ་སྣང་བཅས་ བཅས་སྔར་བས་ཆེ་རུ་གཏོང་དགོས་པ་དེ་རེད།

《ཇུས་གཞིའི》ནང་།  གྲོང་གསེབ་འཆར་འགོད་འཛུགས་སྐྲུན་དང་དོ་དམ་ལ་ཤུགས་སྣོན་བྱེད་པ་སོགས་གཙོ་གནད་ལས་འགན་ཁག12བཏོན་ཡོད་པར་མ་ཟད།  གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་རྐྱེན་སྲོལ་གསར་གཏོད་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གཙོ་རྒྱུ་འགན་ལེན་ལ་ཤུགས་སྣོན་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་ཐད་ལ་བཀོད་སྒྲིག་ཞིབ་རྒྱས་བྱས་ཡོད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།