མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ།
2022.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

མདོ་ལ་ནི་བོད་མདོ་དབུས་ཁམས་གསུམ་ཞེས་ཡུལ་ཁམས་གསུམ་དུ་ཕྱེས་པ་ལས་མདོ་ཕྱོགས་སུ་ཡོད་པའི་རི་རྒྱུད་རིང་མོ་ཞིག་ཡིན་ལ།བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་མདོ་ལ་རིང་མོ་ཞེས་འབོད་ཅིང་།གནའ་བའི་ཞུང་ནུའུ་སྐད་དུ་ཆི་ལེན་ཟེར་ཞིང་དེ་ནི་གནམ་གྱི་དོན་ཡིན་ལ།བསྟན་དོན་ནི་རྔམ་ཞིང་བརྗིད་ཆགས་པའི་རི་བོ་ཞེས་པ་དེ་ཡིན། རི་བོ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་འབུམ་གསུམ་དང་ཁྲི་ལྔ་ཡོད་པ་དང་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་ཉིས་བརྒྱ་ཡོད།མཆེས་མཐོ་བའི་རི་རྩེ་གངས་རྒྱལ་བོ་ཡིན་ལ་མཚོ་འཕགས་རྨིད་ལྔ་སྟོང་བརྒྱད་བརྒྱ་ཉེར་དྲུག་ལྷག་ཡོད། མདོ་ལ་རི་རྒྱུད་ནི་ཀྲུང་གོའི་རི་རྒྱུད་གཙོ་བོའི་ནང་གི་གཅིག་ཡིན།མདོ་ལ་རྫོང་ནི་བརྗིད་ཉམས་ཆེ་ལ་ལེ་དབར་སྟོང་ཕྲག་གིས་ཆོད་པའི་མདོ་ལ་རིང་མོའི་དབུས་སུ་གནས་པས་མིང་དེ་ལྟར་དུ་ཐོགས་པ་དང་།གནས་དེ་རུ་ཀྲུང་གོའི་རྩྭ་ཐང་ཆེ་གྲས་དྲུག་གི་ཡ་གྱལ་དུ་གྱུར་བའི་མདོ་ལ་རིང་མོའི་རྩྭ་ཐང་ཆེན་མོ་ཡོད། ཡུལ་དེའི་རྩྭ་ཆུ་ཕུན་སུམ་ཚོགས་ཤིང་ནོར་ལུག་གི་ཤ་ཤེད་བཟང་བས།མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་ཞེས་པའི་མཚན་སྙན་ཐོབ་ཡོད། དམིགས་བསལ་གྱི་ཁོར་ཡུག་དེས་མདོ་ལ་རྫོང་ལ་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གསར་གཏོད་བྱེད་པར་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤྲོད་བྱས་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་།མདོ་ལ་རྫོང་གིས་ཞིང་གསུམ་བྱ་བ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས། ཐོན་ཁུངས་ཀྱི་སྤུས་ཚད་དང་ཐོན་ལས་ཀྱི་རྨང་གཞི་གཞིར་བཟུང་ནས་ཐོན་ལས་ཀྱི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་རྒྱུད་བཟང་གསོ་སྤེལ་བྱེད་པ།སྤུས་ཚད་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱས་ཏེ། ཕྱུགས་ལས་ཐོན་ཁུངས་ཀྱིས་དཔལ་འབྱོར་རིན་ཐང་གི་མཆོང་སྐྱོད་འཕེལ་རྒྱས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ།མདོ་ལ་རྫོང་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ།ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་ཞིག་ཏུ་བསྐྲུན་པར་ཤུགས་སྣོན་བྱས།

མདོ་ལ་རྫོང་གིས་མདོ་ལའི་ནོར་གནག་དང་འབྲོག་ལུག་གསོ་སྤེལ་ལྟེ་གནས་ཀྱི་རྒྱུད་བཟང་ཐོན་ཁུངས་དང་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཚོང་རྟགས་ལ་བརྟེན་ནས། 《2022ལོ་ནས་2024ལོའི་བར་གྱི་མདོ་ལ་རྫོང་གི་འབྲོག་ལུག་དང་ནོར་གནག་ཐོན་ལས་གླིང་འཛུགས་སྐྲུན་གྱི་འཆར་འགོད》དང《མདོ་ལ་རྫོང་གི་འབྲོག་ལུག་དང་ནོར་གནག་ཐོན་ལས་གླིང་འཛུགས་པའི་ཇུས་གཞི》བཟོས་ཤིང་།དེའི་སྐོར་གྱི་ཆེད་དོན་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་མདོ་ལའི་ནོར་གནག་དང་མདོ་ལའི་མང་རྩེབ་འབྲོག་ལུག་གི་རྒྱུད་འཛིན་ཐོན་ཁུངས་སྔོག་འདོན་དང་སྐྱེད་སྲིང་བྱས་ཏེ་རྒྱུད་བཟང་གསོ་སྤེལ་རྟེན་གཞི་བཅུ་གཉིས་བཙུགས་ཤིང་།ལྟེ་གནས་དང་རྟེན་གཞི་ཟུང་འབྲེལ་དང་གསོ་སྤེལ་དང་སྲུང་སྐྱོབ།ཕྱིར་འཚོང་བཅས་ཀྱི་རྒྱུད་བཟང་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒྲིག་གཞི་ཆགས་པར་བྱས་ནས་རྒྱུད་བཟང་མཁོ་འདོན་གྱི་ནུས་པ་བརྟན་བརླིང་ངང་རྒྱ་ཆེར་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན།མིག་སྔར་མདོ་ལ་རྫོང་ལ་སྤྱི་པའི་ས་ཁོངས་ཀྱི་སྤུས་རྟགས་ཏེ།མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ་དང་རྒྱལ་ཁབ་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཏེ།མདོ་ལའི་འབྲོག་ལུག་དང་མདོ་ལའི་ནོར་གནགམདོ་ལའི་སེར་ཤ་བཅས་ཡོད་པ་དང་།སྐྱེ་ལྡན་རྩྭ་ར་མུའུ་བྱེ་བ་གཅིག་དང་ས་ཡ་བཞི་ཁྲི་དགུ་སྟོང་དྲུག་སུམ་བརྒྱ་དང་སྐྱེ་ལྡན་ནོར་ལུག་ས་ཡ་གཅིག་དང་ཁྲི་དྲུག་སྟོང་གཉིས།ལྷད་མེད་བཟའ་ཆས་རིགས་སུམ་ཅུ་སོ་ལྔ་དང་།སྐྱེ་ལྡན་ཐོན་རྫས་ཉེར་གསུམ། ཐོན་རྫས་གསུམ་དང་མཚོན་རྟགས་གཅིགཞིང་ཕྱུགས་ཐོན་རྫས་ཞེ་ལྔ་བཅས་ཡོད་པ་བདེན་དཔང་ར་སྤྲོད་བྱས་ཡོད་པ་དང་། དེ་མིན་ཞིང་ཆེན་ཕྱིའི་གཞི་ཁྱོན་ཆེ་བའི་དངོས་ཚན་ཚོང་ཁང་དགུ་དང་ཞིང་ཆེན་ནང་ཁུལ་གྱི་འགྲེམས་ཚོང་ཁང་དྲུག་ཅུ་ལྷག་ཙམ་ཡོད་ཅིང་།དྲ་ཐོག་ཚོང་ལས་དེ་སྨྱན་བྱད་ཀྱི་དྲ་ཐོག་དང་དྲ་ཕྱི་ནས་བྲིན་ཚོང་བྱེད་པའི་ཐབས་ལམ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་རེད།  མདོ་ལ་རྫོང་མཁར་དམར་གྲོང་རྡལ་ཅིན་ཧྥིན་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་ནི་མདོ་ལའི་ནོར་གནག་དང་མདོ་ལའི་བོད་ལུག་གསོ་སྤེལ་དང་ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་མཉམ་ལས་ཁང་ཞིག་རེད། ང་ཚོའི་མཉམ་ལས་ཁང་གིས་མདོ་ལའི་ནོར་གནག་དང་མདོ་ལའི་འབྲོག་ལུག་དེ་འདེམས་གསོའི་ཚད་གཞིར་བཟུང་སྟེ་ནོར་ལུག་གི་ཕྱུགས་རྒྱུད་སྲུང་འཛིན་བྱས་ནས།ཕན་ནུས་ལྡན་པའི་གསོ་སྤེལ་དང་ཐུན་མོང་གིས་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད། ལོ་གཉིས་ཀྱི་ནང་དུ་འབྲོག་ལུག་མ་མོ་རྣམས་ཀྱིས་ལུ་གུ་ཐེངས་གསུམ་ལ་རྩེབ་པའི་མཐོ་གསར་ལག་རྩལ་སྤྱོད་བཞིན་ཡོད་པས་ཕྱུགས་རིགས་གསོ་སྤེལ་བྱེད་བཞིན་པའི་ཁྱིམ་ཚང་གཞན་དག་དང་བསྡུར་ན་ཕན་འབྲས་མངོན་གསལ་རེད་ཅེས་མཉམ་ལས་ཁང་དེའི་འགན་འཁུར་བ་ཡི་དམ་རྡོ་རྗེས་གསར་འགོད་པར་དེ་ལྟར་བཤད།

ཡི་དམ་རྡོ་རྗེས་ངོ་སྤྲོད་བྱས་པ་ལྟར་ན། 2022ལོ་ནས་བཟུང་ ཅིན་ཧྥིན་དེང་རབས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གིས་ཞིབ་ཚགས་གྱི་ལས་སྣོན་དང་ཐོན་རྫས་ཕྱིར་གཏོང་བྱེད་རྒྱུ་དེ་བྱ་བ་གཙོ་བོར་བརྩིས་ནས།འབྲོག་ལུག་དང་ནོར་གནག་སྔོན་ལ་གསོ་སྤེལ་བྱེད་པ་དང་རྗེས་སུ་ཕྱིར་འཚོང་བྱེད་པ་དང་།དེ་མིན་སྤུས་རྟགས་གསར་གཏོད་བྱེད་རྒྱུ་དེ་ཚོང་ལས་ཀྱི་རྣམ་པར་འགྱུར་བར་བྱས་ནས།ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པ་ནས་མདོ་ལ་རྫོང་གི་འབྲོག་ལུག་དང་ནོར་གནག་བསྡུ་འགྲེམས་རྟེན་གཞི་འཛུགས་སྐྲུན་བྱས་པ་དང་།ས་གནས་དེའི་ཁ་ཐོར་རྣམ་པའི་གསོ་སྤེལ་ཁྱིམ་ཚང་ལ་འཆར་འགོད་ཡོད་པ་དང་ཚད་གཞི་ལྡན་པའི་སྒོ་ནས་འབྲོག་ལུག་དང་ནོར་གནག་ལེགས་བསྡུས་ཅན་གྱི་ཆེད་ལས་གསོ་སྤེལ་བྱེད་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད་པ་རེད།

མདོ་ལ་རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུའུ་ཡི་མཐོ་རིམ་ཕྱུགས་ལས་དགེ་རྒན་ཆེན་མོ་བཀྲ་ཤིས་ཐར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མདོ་ལ་རྫོང་གིས་སྐྱེ་ཁམས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་ཆེན་པོ་དྲུག་དམ་འཛིན་བྱས་ཏེ།ལས་སྣོན་ཞིབ་ཚགས་ཀྱིས་འོ་མའི་ཐོན་རྫས་ཐོན་སྐྱེད་བྱེད་པ་བཅས་ཀྱི་ལས་གཞི་ཧུར་ཐག་གིས་ནང་འདྲེན་བྱས་ཏེ་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་ཁེ་ལས་དང་མཉམ་ལས་ཁང་།དེ་མིན་ཁྱིམ་ཚང་གི་ཕྱུགས་ར་བཅས་བཅོ་ལྔ་མཉམ་འབྲེལ་སྒྲིག་གཞིའི་ནང་བཅུག་ནས།ཐོན་ལས་མཉམ་འབྲེལ་སྒྲིག་གཞི་དང་ཁེ་ལས།གཉེར་སྐྱོང་གཙོ་གནད་དང་རོང་འབྲོག་ཁྱིམ་ཚང་བཅས་ཀྱི་ཐོན་ལས་ཅན་གྱི་མཉམ་ལས་བྱེད་སྟངས་གསར་པ་འཚོལ་ཞིབ་དང་འཕེལ་རྒྱས་སུ་བཏང་སྟེ།སྐྱེ་ལྡན་ཐོན་རྫས་ཐོན་སྐྱེད་བརྒྱུད་རིམ་གྱི་ལག་རྩལ་རིམ་སྤོར་སྒྱུར་བཀོད་ལ་སྐུལ་འདེད་བཏང་པ་ཡིན་ཟེར། གསར་འགོད་པས་མདོ་ལ་དབྱིས་ཏ་ཕྱུགས་ཐོན་ཤ་རིགས་བཟའ་ཆས་ཚད་ཡོད་ཀུང་ཟི་ནས་ཤེས་རྟོགས་བྱུང་བ་ལྟར་ན།ཀུང་ཟི་དེས་ཀུང་ཟི་དང་མཉམ་ལས་ཁང་།ཞིང་ཕྱུགས་ཁྱིམ་ཚང་དང་ལས་སྣོན་ཞིབ་ཚགས་བཅས་ཟུང་འབྲེལ་བྱས་ནས་ས་གནས་དེའི་རོང་འབྲོག་མང་ཚོགས་དང་མཉམ་ལས་དམ་ཟབ་བྱས་ཏེ།ལོ་རེ་བཞིན་སྔ་སྣུར་སྒོས་རྫོང་ཁོངས་ཀྱི་གསོ་སྤེལ་མཉམ་ལས་ཁང་དང་སྐྱེ་ལྡན་ནོར་ལུག་གི་ཤ་ཉོ་སྒྲུབ་ཀྱི་གྲོས་མཐུན་བཞག་ཡོད་པ་རེད། ལྷད་མེད་ཐོན་རྫས་སྤྱི་རྒྱ་རེར་སྒོར་གཉིས་རེ་ཇེ་མཐོར་བཏང་བ་དང་སྐྱེ་ལྡན་ཐོན་རྫས་སྤྱི་རྒྱ་རེར་སྒོར་དྲུག་རེ་མཐོ་རུ་བཏང་བ།དེ་མིན་རོང་འབྲོག་པའི་ནོར་ལུག་སྐྱེལ་འདྲེན་བྱེད་པའི་འགྲོ་གྲོན་ཐག་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད་ཉོ་སྒྲུབ་བྱེད་པའི་གཞི་ཁྱོན་ཆེ་རུ་བཏང་བས་རོང་འབྲོག་པའི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད་ཁེ་ལས་ཀྱི་ཐོན་སྐྱེད་ཐད་ཀྱང་འགན་ལེན་བྱེད་ཐུབ་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན།མདོ་ལ་དབྱིས་ཏ་ཀུང་སིས་ཐོན་རྫས་ལས་སྣོན་དང་རིགས་དབྱེ།ཐུམ་སྒྲིལ།སྐྱེལ་འདྲེན་སོགས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་སྐྱེ་ལྡན་ལྷད་མེད་རིགས་ཀྱི་ཐོན་རྫས་ཁུངས་འདེད་མ་ལག་བསྐྲུན་པ་བརྒྱུད།ཕྱུགས་ར་ནས་ལས་སྣོན་སྐྱེལ་འདྲེན་དང་འཛད་སྤྱོད་བར་གྱི་ཐོན་རྫས་ཚང་མ་ཁུངས་འདེད་བྱེད་ཐུབ་པར་བྱས་པས་འཛད་སྤྱོད་པས་བློ་བདེའི་ངང་ཁས་ལེན་བྱེད་ཀྱི་ཡོད་པ་རེད།

མདོ་ལ་དབྱིས་ཏ་ཀུང་ཟིའི་འགན་འཁུར་བས་བཤད་རྒྱུར། དངོས་ཚན་ཚོང་ཁང་དང་དྲ་ཐོག་ཕྱིར་ཚོང་།དྲ་ཐོག་གཤམ་སྐྱེལ་བཅས་ཀྱི་བྱེད་ཐབས་སྤྱད་ནས་ཁྲོམ་ར་གསར་པ་མུ་མཐུད་དུ་གསར་གཏོད་བྱེད་རྒྱུ་ཡིན་པར་མ་ཟད།སྨྱན་བྱད་གསར་པའི་ཁྲོམ་རའི་ཕྱིར་ཚོང་ཁྲོད་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ་2025ལོའི་སྔོན་ལ་མདོ་ལའི་ཕྱུགས་ལས་ཐོན་རྫས་སྣ་ཚོགས་རྒྱལ་ཡོངས་ཀྱི་ས་ཁོངས་མང་པོར་ཁྱབ་ཐུབ་པར་བྱས་ཏེ།མདོ་ལའི་ཕྱུགས་ལས་ཐོན་རྫས་འཛད་སྤྱོད་བྱེད་མཁན་སྔར་ལས་མང་པོ་བརྩོན་ལེན་བྱས་ནས་མདོ་ལའི་ཕྱུགས་ལས་ཐོན་རྫས་ཀྱི་ཁྲོམ་ར་དེ་སྔར་ལས་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

མཚོ་སྔོན་གསེར་མདོག་མདོ་ལའི་འོ་མའི་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་ཟི་ནི་ཆེད་དུ་འབྲི་མོའི་འོ་མའི་ཐོན་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཤིག་རེད། ཀུང་ཟིས་གཙོ་བོར་མཚོ་བོད་མདོ་ལའི་ལྷད་མེད་འོ་མ་དང་ཞོ།ཤ་མོ་སོགས་རིགས་ཆེ་གྲས་ལྔ་ཡི་ཐོན་རྫས་བཞི་བཅུ་ལྷག་ཙམ་ཐོན་སྐྱེད་བྱེད་བཞིན་ཡོད་ཅིང་།ཁྲོམ་རར་བསྐྱལ་བའི་ཐོན་རྫས་གཙོ་བོ་ནི་མདོ་ལ་རིང་མོའི་འབྲི་མོའི་འོ་མ་དང་འབྲི་ཞོ་སོགས་རེད།

ཀུང་ཟི་དེའི་འགན་འཛིན་པ་མའོ་ཞའེ་ཆིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན།ཐོན་རྫས་གཙོ་བོ་པེ་ཅིན་དང་ཧྲང་ཧེ།ཀོང་ཀྲིགཧྲིན་ཀྲིན་སོགས་གྲོང་ཁྱེར་ཆེ་ཁག་ཏུ་འཚོང་བཞིན་ཡོད་པ་དང་། དེ་དང་མཉམ་དུ་རང་ཉིད་ཀྱི་ཆེད་ལས་གློག་རྡུལ་ཚོང་དོན་ཚོགས་པ་བཙུགས་ནས།ཐའོ་པའོ་དང་ཐེན་མའོ།ཅིན་ཏུང་།སུའུ་ཉིན་བཅས་ཀྱི་ཉོ་སྒྲུབ་སླ་བའི་གློག་རྡུལ་ཚོང་དོན་སྟེགས་བུ་རུ་ཀུང་ཟིའི་ལྟེ་གནས་ཚོང་ཁང་བཙུགས་ཡོད་པས་དྲ་ཐོག་དང་དྲ་ཕྱིའི་ལེགས་ཆ་ཕན་ཚུན་གསབ་རེས་བྱེད་ཐུབ་ཡོད།དེ་དང་ཆབས་ཅིག་ས་ཁོངས་མང་པོའི་ཚོང་ལས་སྟེགས་བུ་གསར་པ་དང་ཚོགས་མིའི་ལམ་ལུགས་ཀྱི་གློག་རྡུལ་ཚོང་དོན་སྟེགས་བུའི་བར་མཉམ་ལས་ཀྱི་གྲོས་མཐུན་བྱུང་ཞིང་།མིག་སྔར་ཞིང་ལས་དངུལ་ཁང་གི་དོ་དམ་པ་དང་རྒྱལ་ཁབ་ལྕགས་ལམ་ཚོང་ཁྲོམ།ནུབ་རྒྱུད་ལེགས་འདེམས།832གློག་རྡུལ་ཚོང་དོན་སྟེགས་བུ་སོགས་བརྒྱུད་དེ་དྲ་ཐོག་ཏུ་ཉོ་འཚོང་བྱས་ནས་ཐོན་རྫས་ཕྱིར་འཚོང་བྱེད་ཚད་ཇེ་མང་དུ་བཏང་ཡོད། སྔ་རྗེས་སུ་ཐེན་མའོ་ཡི་ཐད་གཏོང་དྲ་ལམ་དང་མཉམ་འབྲེལ་ཐེངས་བཞི་ལ་བྱས་ནས་དུས་ཚོད་སྐར་མ་གསུམ་གྱི་ནང་དུ་སྒམ་ཁྲི་གཉིས་བཙོངས་ཚར་བའི་ཟིན་ཐོ་བསྐྲུན་པ་རེད།

མའོ་ཞའེ་ཆིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། གསེར་མདོག་མདོ་ལའི་འོ་མའི་ལས་རིགས་ལ་སྔར་ལས་ཤུགས་སྣོན་བརྒྱབ་ནས་ཐོན་ལས་ཀྱི་འབྲེལ་ཐག་ཧྲིལ་པོར་ས་མཐོའི་ཁྱད་ཆོས་ལྡན་པའི་འོ་མའི་ལས་རིགས་ཀྱི་ཐོན་རྫས་གསར་སྤེལ་བྱེད་རྒྱུ་རེད། འོ་མ་བསྡུ་རུབ་བྱེད་པ་ནས་ཁྲོམ་རར་སྡེབ་སྐྱེལ་བྱས་ཏེ་འཁྱགས་སྦྲེལ་ཟོག་འགྲེམས་མ་ལག་རིམ་བཞིན་འཐུས་ཚང་དུ་གཏོང་བ་དང་།མདོ་ལའི་ཐོན་སྐྱེད་ཁུལ་གྱི་འགྲིམ་འགྲུལ་སྟབས་བདེ་མིན་པའི་ཞན་ཆ་ཁྱད་དུ་བསད་ནས།དྲོད་ཚད་དམའ་བའི་འོ་མའི་ཐོན་རྫས་འཛད་སྤྱོད་ཁྲོམ་ར་ཆགས་པར་བྱས་ཏེ།དྲ་སྦྲེལ་དང་འབྲོག་ཁུལ་གྱི་ཐོན་རྫས་ལེགས་པོ།གྲོང་ཁྱེར་གྱི་འཛད་སྤྱོད་མཁན་བཅས་ཀྱི་ལམ་ཐིག་སྟེང་བསྐྱོད་རྒྱུ་རེད། ཐོན་རྫས་ཁུངས་འདེད་ཆོག་པའི་མ་ལག་བསྐྲུན་ཏེ་བརྒྱུད་རིམ་ཧྲིལ་པོར་མཁོ་སྤྲོད་འབྲེལ་ཐག་ཚོད་འཛིན་བྱས་པ་བརྒྱུད་ནས།རྒྱ་ཆེའི་འཛད་སྤྱོད་པར་དངོས་གནས་བདེ་ཐང་དང་སྐྱོན་བྲལ།ལྷད་མེད་བཅས་ཀྱི་འབྲི་མོའི་འོ་མའི་ཐོན་རྫས་འཐུང་ཐུབ་པར་བྱས་ཡོད།

མདོ་ལ་རྫོང་གི་རྫོང་དཔོན་གཞོན་པ་ཆིས་ཚེ་རིང་གིས་བཤད་རྒྱུར། མདོ་ལ་རྫོང་གིས་ཐོན་ཁུངས་ཀྱི་དགེ་མཚན་དང་ཐོན་ལས་ཀྱི་དགེ་མཚན།ཁྲོམ་རའི་དགེ་མཚན།རྩ་འཛུགས་ཀྱི་དགེ་མཚན།སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་དགེ་མཚན་བཅས་ལ་རྐང་བཙུགས་ཏེ།ལྷད་མེད་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ཐོན་ཁུངས་གསར་གཏོད་བྱེད་རྒྱུ་དམ་འཛིན་བྱེད་པ་གཞིར་བཟུང་ནས་བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ཏེ།ལག་བསྟར་ཇུས་གཞི་བཟོ་བ་དང་འགན་འཁྲིའི་ལས་བགོས་ཁ་གསལ་བྱེད་པ།བཀོད་སྒྲིག་ཞིབ་ཚགས་བྱེད་པ།སེམས་ནུས་གཅིག་སྒྲིལ་བཅས་ཀྱིས་ཚོང་ལམ་གསར་གཏོད་བྱེད་པའི་བྱ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་།  2025ལོར་སླེབས་སྐབས་ནོར་གནག་ཁྲི་ཡི་རྟེན་གཞི་གཉིས་དང་འབྲོག་ལུག་ཁྲི་ཡི་རྟེན་གཞི་དྲུག་བསྐྲུན་པ་དང་།ལྷད་མེད་སྐྱེ་ལྡན་གྱི་ཞིང་ལས་ཐོན་རྫས་འདེབས་པའི་རྒྱ་ཁྱོན་མུའུ་ཁྲི་གཅིག་ཟིན་པ།སྐྱེ་ལྡན་གྱི་བདེན་དཔང་ར་སྤྲོད་རྩྭ་ཐང་རྒྱ་ཁྱོན་མུའུ་ས་ཡ་ལྔ་ཡི་ཡན་ཟིན་པ།སྤྱི་པའི་ས་ཁོངས་ཀྱི་སྤུས་རྟགས་གཙོ་གནད་གསར་གཏོད་བྱེད་པ།སྤུས་རྟགས་གྲགས་ཅན་ལྔ་ནས་བརྒྱད་བར་སྐྱེད་སྲིང་བྱེད་པ།ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་ཐོན་རྫས་ལྔ་བཅུ་ནུས་ལྡན་ངང་བཀོལ་སྤྱོད་བྱེད་ཐུབ་པར་བྱེད་པ།དེང་རབས་ཀྱི་ཞིང་ཕྱུགས་ལས་ཐོན་ལས་གོང་དུ་སྤེལ་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ།ཐོན་རྫས་གསུམ་དང་མཚོན་རྟགས་གཅིག་གི་ཐོན་སྐྱེད་མ་ལག་གསར་གཏོད་བྱེད་པ།ཞིང་ཕྱུགས་ལས་ས་ཁུལ་གྱི་ཚན་རྩལ་འདེགས་སྐྱོར་མ་ལག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས།མདོ་ལ་རྫོང་དེ་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ཡུལ་གྱི་དཔེ་སྟོན་རྫོང་ཞིག་ཏུ་འགྱུར་བར་བྱེད་རྒྱུ་ཡིན་ཟེར།

                                                                                                  ཡིག་སྒྱུར་བ། གཡང་འབུམ་རྒྱལ།