གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་གི་འཐུས་མི་ཚོགས་ཆེན་གྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་དགོས།
2022.05.27 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 8

 ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་གྲོས་བསྡུར་ལེགས་པོ་བྱས།

ལོ་ལྔའི་འབད་འཐབ་ལམ་བུར་ཕྱིར་མིག་བལྟས་ཚེ། ང་ཚོས་དྲིན་ཚོར་མདུན་སྐྱོད་དང་འབད་འབུངས་མདུན་སྐྱོད་བྱས་པས། ལས་དོན་སྣ་ཚོགས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་དང་འཕེལ་རྒྱས་གསར་པ་ཐོབ་པ་དང་།  མ་འོངས་པའི་རྒྱང་སྐྱོད་ལམ་བུར་རྒྱང་ལྟ་བྱེད་སྐབས་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཚེ། མཚོ་སྔོན་གྱིས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གསར་པ་བསུས་ཏེ་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཐུབ་ངེས་རེད།

ཟླ5ཚེས26ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གྲོས་རིམ་ཁག་བདེ་བླག་ངང་ཡོངས་འགྲུབ་བྱས་ནས་རྒྱལ་ཁའི་ངང་གྲོལ་བ་རེད།  བསྟུད་མར་ཉིན་འགའི་རིང་ལ། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་མཚོ་སྔོན་གྱི་ས་གཞི་ཆེ་མོར་ཁྱབ་སྟེ། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་འབྲོག་ཁུལ་དང་། ཏང་སྲིད་ལས་ཁུངས་ནས་བཟོ་གྲྭའི་འཁོར་ཁང་བཅས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུར་གྲོས་བསྡུར་ལེགས་པོ་བྱས་ཤིང་། རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་བསམ་ཚུལ་གླེང་བ་དང་། འཕེལ་རྒྱས་ལ་གྲོས་བསྡུར་བྱེད་པ།  མ་འོངས་པར་རེ་སྒུག་བྱེད་པ། དམངས་ཀྱི་འདོད་བློ་དང་བརྗིད་ཆེའི་འཆར་འགོད་ཀྱི་ཐད་ནུས་པ་གཅིག་སྒྲིལ་བྱེད་དགོས་པར་འདོད།  ཚང་མས་བཤད་རྒྱུར།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ།  བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཆེད་དུ་ཞུམ་མེད་མདུན་སྐྱོད་བྱེད་པ། ལོ་རྒྱུས་ལ་ངོ་གནོང་མི་དགོས་པ་དང་། དུས་རབས་ལ་ངོ་གནོང་མི་དགོས་པ། མི་དམངས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་བྱས་རྗེས་གསར་པ་འཇོག་པར་འབད་བརྩོན་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་རྒྱུ་ཡིན་ཟེར།

སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་དེ་རྩ་བའི་གཞི་འཛིན་སར་བྱས་ནས། མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་ཡོད། སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་ཀྱི་ཆབ་སྲིད་འགན་འཁྲི་ཞིག་ཏུ་འགྱུར་བར་བྱེད་པ་མཚོན་པ་དེ་ནི། དར་ཆ་མཐོན་པོར་སྒྲེང་བ་དང་། མངགས་བཅོལ་བློ་ལ་བརྟན་པོར་ངེས་པ། མི་སེམས་ལ་སྐུལ་མ་ཐེབས་པ། ཡིད་ཆེས་འཕེལ་བར་བྱེད་པ།  དྲང་གཞག་གསར་སྐྲུན་དང་སྔ་འཛིན་ཕྱི་གཏོད་བྱེད་པ། ཁ་ཕྱོགས་ལ་ཁྲིད་སྟོན་བྱེད་པ། མ་འོངས་ཇུས་འགོད་བྱེད་པ། བདེན་འཚོལ་དོན་གཉེར་བྱེད་པ།   སྤོབས་པ་ཆེན་པོས་ལས་དོན་སྒྲུབ་པ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་རེད།

ཏང་གི་འཐུས་མིའམ་ཟི་ལིང་གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཝང་རུན་ཡུས་ཀྱིས་བཤད་རྒྱུར།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་བ་དང་། གྲུབ་འབྲས་ཕྱོགས་སྡོམ་ཏན་ཏིག་ཡིན་པ། འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་དང་དམིགས་འབེན་གྱི་ངེས་གནས་གསལ་བ། དམངས་ལ་བཅངས་པའི་བརྩེ་སེམས་ཟབ་པ། བྱ་བའི་འཆར་འགོད་རིང་བ་བཅས་ཀྱི་སྙན་ཞུ་ཞིག་ཡིན་པ་རེད།  ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས།  སྙན་ཞུའི་ནང་བཏོན་པའི་དམིགས་འབེན་དང་བླང་བྱ་མཐའ་དག་དམ་འཛིན་བྱས་ཏེ།  ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་བྱེད་པ་དང་། རང་རྟོགས་སྒོས་རྩ་འཛུགས་ལས་དོན་དེ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་དང་།  ཆེ་ཕྱོགས།  དོན་ཆེན་བཅས་ཀྱི་ཁྲོད་བཞག་ནས།  རྒྱུན་ཆད་མེད་པར་རྩ་འཛུགས་ལས་དོན་གྱིས་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་དོན་གཏིང་ཟབ་ཅིང་།  དངོས་སྒྲུབ་གསར་གཏོད་དང་།  འབད་འབུངས་ཡར་སྐུལ།   མི་སེམས་འཕེལ་བ་ཞིག་བཅས་ཡིན་པས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ཡང་བསྐྱར་རྒྱང་སྐྱོད་ལམ་བུ་གསར་པ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་གསར་པ་བཏོད་ཡོད།

ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་ཞིབ་འཇུག་ཁང་གི་ཀྲུའུ་རིན་གཞོན་པ་ཧུའུ་ཞོ་ཧྥུན་གྱིས་བཤད་རྒྱུར།   སྲིད་གྲོས་བྱ་བ་སྒྲུབ་མཁན་ཞིག་གི་ཆ་ནས།  ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུའི་བྱེ་བྲག་གི་བླང་བྱ་ཁོང་དུ་ཆུད་པར་བྱས་ནས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱ་རྒྱུ་དེ་ཀྲུང་དབྱང་སྲིད་གྲོས་བྱ་བའི་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་གཅིག་གྱུར་དམ་ཟབ་བྱས་ཏེ།  ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།  རང་འགུལ་ངང་རང་འགན་གཙང་སྒྲུབ་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་བ་བྱེད་རྒྱུ་ཡིན་ཟེར།

སྙན་ཞུའི་ནང་འདས་ཟིན་པའི་ལོ་ལྔའི་ལས་དོན་ལ་ཕྱོགས་སྡོམ་བྱས་ནས་མ་འོངས་པའི་ལོ་ལྔའི་ལས་དོན་གྱི་སྤྱིའི་བླང་བྱ་ཚན་རིག་དང་མཐུན་པའི་ངང་བཏོན་པ་དང་།  དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་འབད་འཐབ་དམིགས་འབེན་གསལ་བོ་བཏོན་ཡོད།  ཏང་གི་འཐུས་མི་ཅའོ་ཀྲིན་ནི་ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པའི་འཇུ་བྱེད་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ཡིན་ཞིང་། སྙན་ཞུའི་ནང་དོན་གླེང་སྐབས་མོ་ལ་སེམས་འགུལ་ཚད་མེད་ཐེབས།    མོས་བཤད་རྒྱུར། མཚོ་སྔོན་གྱིས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བླངས་བའི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་ཡོད་པས་རང་ལ་སྤོབས་པས་ཁེངས་ཡོད།  སྙན་ཞུའི་དམིགས་འབེན་གསལ་ཞིང་བྱེད་ཐབས་ཞིབ་ཕྲ་ཡིན་པས་སྐུལ་ལྕག་ཐེབས་པ་ཞིག་རེད།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ ཡག་པོ་བྱེད་པ་དང་། སྙན་ཞུའི་ནང་བཏོན་པའི་འབད་འཐབ་དམིགས་འབེན་ལ་དམིགས་པ། བསམ་བློའི་ཐོག་ནས་མིག་དཔེ་ལྟ་བ་དང་བྱ་སྤྱོད་ཐོག་ནས་མིག་དཔེ་ལྟ་བ།  སྨན་པའི་བརྩེ་སེམས་ཀྱི་དམ་བཅའ་བརྟན་སྲུང་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གི་བྱ་བའི་ཕན་འབྲས་ཀྱི་ཐོག་ནས་སྨན་བཅོས་མི་སྣའི་འགན་འཁྲི་བསྒྲུབ་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་རྐ་འབའ་སུམ་མདོ་གྲོང་རྡལ་གྱི་སྡེ་ཁུལ་གཉིས་པའི་ཏང་ཀྲི་པུའུ་ཧྲུའུ་ཅིའམ་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏིན་ཞའོ་ཡུས་ཀྱིས་བཤད་རྒྱུར། ཕྱིན་ཆད་ཀྱི་བྱ་བའི་ཁྲོད་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་སྡེ་ཁུལ་གྱི་བྱ་བའི་ཁྲོད་མཉམ་འདྲེས་ཡོང་བར་བྱས་ཏེ།   སྡོད་དམངས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ཁྱིམ་ཚང་དུ་སྤེལ་བ་དང་། ང་ཚོས་མཉམ་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་སོགས་ཀྱི་བརྗོད་དོན་གཙོ་བོའི་བྱེད་སྒོ་ལེགས་པོར་སྤེལ་ཏེ།  སྡོད་དམངས་ཀྱི་སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་སྡེ་ཁུལ་གྱིས་སྐྱོད་ལམ་གསར་པར་འབད་འཐབ་བྱེད་པའི་ལས་འགན་དུ་བརྩིས་ནས།   སྡོད་དམངས་ཀྱི་ཁེ་ཕན་དང་འབྲེལ་བའི་དོན་བཟང་དང་དོན་ཆེན་སྡེ་ཁུལ་དུ་རྩ་བ་ཚུགས་པ་དང་།  འབྲས་བུ་ཐོབ་པར་བྱས་ནས།   དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོའི་ངང་རྒྱང་རིང་གི་ཕྱོགས་སུ་སྐྱོད་ཐུབ་པར་བྱེད་རྒྱུ་ཡིན་ཟེར།

ཞིང་ཆེན་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་ཁྲོད་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུར་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དེ་སྔའི་ཧྲུའུ་ཅི་ལིས་ཞིན་ཀོ་ཡིས་བཤད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ནི་མི་སེམས་ལ་སྐུལ་ལྕག་ཐེབས་པ་དང་ངར་ཤུགས་སློང་བ་ཞིག་ཡིན་པས།  སྙིང་སྟོབས་ཆེན་པོ་དང་དཔའ་ངར་ཆེར་བསྐྱེད་ཀྱིས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་ཞུགས་རྒྱུ་ཡིན་ཟེར།

སྙན་ཞུའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་གཞིར་བཟུང་ནས།   དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པའི་འབད་འཐབ་དམིགས་འབེན་གསལ་པོར་བཏོན་པ་དང་། བློ་བརྟན་འགྱུར་མེད་བརྒྱད་ཀྱི་ལས་འགན་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་ཡོད། ཚང་མས་བཤད་རྒྱུར། ལས་འགན་དང་འགན་འཁྲི་འཁུར་སེམས་ཇེ་དྲག་ཏུ་གཏོང་བ་དང་། བསམ་བློའི་ཐོག་དོ་ཁུར་དང་བྱ་སྤྱོད་ཐོག་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའམ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཐུན་རིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བསྟན་འཛིན་གྱིས་བཤད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་རབ་མཛེས་མཚོ་སྔོན་གྱི་མཛེས་སྡུག་ལྡན་པའི་མདུན་ལྗོངས་བཀོད་ཡོད་པས།  ང་ཚོས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཞིགས་ནས་ཐུན་རིན་གྱི་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བ་དང་། དཀའ་སྤྱད་དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དངོས་འཛིན་དངོས་སྒྲུབ་ཀྱི་ཞིབ་ཕྲའི་བྱ་སྤྱོད་སྤེལ་བ། ལས་འགན་གཙོ་བོ་ཁོང་དུ་ཆུད་པ། འགག་རྩའི་ལྷུ་ཚིགས་དམ་འཛིན། ཡུལ་བབ་དང་བསྟུན་པ་རྒྱུན་འཁྱོངས། གནད་སྨིན་ཇུས་འདོན་ལ་ཤུགས་སྣོན་བཅས་བྱས་ནས་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་བྱ་བར་གྲུབ་འབྲས་བཟང་བོ་ལེན་པ་དང་རྣམ་པ་གསར་བ་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའམ་དཔའ་ལུང་ཧོས་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཨའེ་རུའུ་ཡིས་བཤད་རྒྱུར། དཔའ་ལུང་རྫོང་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།  ཚའི་མགུར་ཁུལ་གསར་གྱི་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ལ་ཤུགས་སྣོན་བྱེད་པ་དང་།  གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཆེན་པོ་བཏང་སྟེ།  གྲོང་གསེབ་ཀྱིས་གྲོང་ཁྱེར་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་གཅིག་གྱུར་འཆར་འགོད་ལ་སྐུལ་སྤེལ་བྱས་ནས།  རྒྱལ་ཡོངས་ཀྱི་འཐེན་ཐུག་གྲོང་རྡལ་ཆུང་བ་མགྱོགས་མྱུར་ངང་བསྐྲུན་པ་དང་འཐེན་ཐུག་དཔལ་འབྱོར་རིམ་སྤོར་ལ་སྐུལ་འདེད་གཏོང་བ།  དམངས་གཉེར་ཁེ་ལས་པས་ཞིང་བ་ཁྱིམ་ཚང་དང་འབྲེལ་བ་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཞིང་ལས་ཐོན་ལས་ཀྱི་གྲུབ་ཚུལ་ལེགས་བཅོས་བྱེད་པ་བཅས་བྱས་ཏེ་མཁར་གྲོང་འཕེལ་རྒྱས་ཁྲོད་ནས་དཔའ་ལུང་གི་ལག་ལེན་གསར་སྐྲུན་བྱེད་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའམ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུས་སློབ་མའི་རོགས་དངུལ་དོ་དམ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ལྷ་མོ་མཚོ་ཡིས་བཤད་རྒྱུར།  སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་གི་ངོས་ནས།  ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་འགན་འཁྲི་བརྟན་སྲུང་བྱས་ཏེ།   ཏང་གི་འཐུས་མིའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  རྒྱ་ཆེའི་སློབ་གསོའི་བྱ་བ་སྒྲུབ་མཁན་དང་ཇུས་ཤུགས་མཉམ་འདོན་ བྱེད་པ།  བླ་སྲོག་གིས་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་སློབ་གྲྭའི་དོ་དམ་གྱི་བརྒྱུད་རིམ་ཁག་ཏུ་ཁྱབ་པར་བྱེད་པ།  སློབ་གྲྭའི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ། ཁ་གཏད་རོགས་སྐྱོར་དང་རོགས་སྐྱོར་སྲིད་ཇུས་ལག་བསྟར་བཟང་བོ་བྱེད་པ། ད་ཡོད་དགེ་རྒན་གྱི་སློབ་སྦྱོང་གི་རྣམ་པ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ།  སློབ་གསོའི་འཕེལ་རྒྱས་དང་འབྲེལ་བའི་བྱ་བ་ཡོད་ཚད་ཏན་ཏིག་ངང་ཡག་པོར་སྒྲུབ་པ། མགོ་ལོག་གི་སློབ་མར་སྔར་ལས་སྤུས་ལེགས་དང་ཀུན་ཕན་གྱི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པར་བྱས་ཏེ། འབད་འབུངས་ཡར་བརྩོན་གྱི་ཐོག་ནས་མགོ་ལོག་གི་སློབ་གསོའི་ལས་དོན་གྱི་ལེའུ་གསར་པ་རྩོམ་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའམ་ཟི་ལིང་གྲོང་ཁྱེར་སྟོང་སྐོར་རྫོང་ཏུང་ཞ་ཡུལ་ཚོ་ཞ་པའོ་སྡེ་བའི་ཧྲུའུ་ཅི་དང་པོ་ལིས་ཀོས་ཅོན་གྱིས་བཤད་རྒྱུར།  དུས་ཐོག་ཏུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་མང་ཚོགས་ལ་བརྒྱུད་བསྒྲགས་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་སྙན་ཞུའི་བླང་བྱ་དེ་ཕྱིན་ཆད་ཀྱི་བྱ་བའི་ཁྲོད་ཁྱབ་པར་བྱས་ནས། གཞི་རིམ་ལ་ཞབས་འདེགས་ཞུ་བ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་རྒྱུ་ཡིན་ལ།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་མཉམ་དུ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་སྔར་ལས་མཛེས་སྡུག་གི་འཚོ་བ་བསྐྲུན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་གཡུལ་ས་གཙོ་བོའི་སྟེང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའམ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་གསེར་ཐང་ཡུལ་ཚོ་སྟོང་མདའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཉིག་ཧྲིན་ཡུག་གིས་བཤད་རྒྱུར།  ལས་གནས་སུ་ཕྱིར་ལོག་རྗེས་ཀྱི་བྱ་བ་ཐོག་མ་ནི་ཚང་མར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད་རྒྱུ་དེ་ཡིན། གོམ་སྟབས་རྗེས་མར་གྲོང་གསེབ་དར་སྤེལ་གཏོང་བར་དམིགས་ནས་གྲོང་གསེབ་ཀྱི་ལས་དོན་ཡག་པོར་བསྒྲུབ་པ་དང་།  རང་སྡེ་བའི་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ནས་འཕེལ་རྒྱས་དོན་གཉེར་དང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། སྡེ་བ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་སྣེ་ཁྲིད་དེ་སེམས་ཤུགས་གཅིག་སྒྲིལ་གྱིས་ཐོན་ལས་དར་སྤེལ་དང་།  སྐྱེ་ཁམས་འཚོ་སྡོད་ལ་འཚམ་པ།  ཡུལ་སྲོལ་ཡ་རབས་ལྡན་པ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཀྱི་དེང་རབས་ཅན་གྱི་གྲོང་གསེབ་གསར་པ་ཧུར་ཐག་གིས་བསྐྲུན་རྒྱུ་ཡིན་ཟེར།

རེབ་གོང་སྒྱུ་རྩལ་གྱི་རྒྱུན་འཛིན་པ་ཡིན་པའི་བཀྲ་ཤིས་རྒྱ་མཚོ་ཡིས་བཤད་རྒྱུར།  བསམ་བློ་དང་བྱ་སྤྱོད་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་བཏོན་པའི་དམིགས་འབེན་ལས་འགན་ཐོག་གཅིག་གྱུར་བྱེད་པ་དང་། གདོང་ལེན་དཔེ་བཟང་གི་མིག་དཔེ་བྱེད་པ། ཐོག་མཐའ་བར་གསུམ་དུ་བྱེད་ཐབས་དང་ཉམས་མྱོང་སློབ་ཁྲིད་དང་། མི་གཤིས་གསོ་སྐྱོང་བཅས་བྱས་ནས། ལོ་བཅུ་ཕྲག་ཁ་ཤས་རིང་གི་སྒྱུ་རྩལ་གསར་རྩོམ་གྱི་ཉམས་མྱོང་སྦ་གསང་མེད་པར་སློབ་མར་བརྒྱུད་སྤྲོད་བྱེད་པ་དང་།  ཤེས་ལྡན་མི་སྣ་སྔར་ལས་མང་པོ་ཞིག་ལས་སྒྲུབ་ལས་སྐྲུན་གྱི་ཁྲོད་དུ་ཞུགས་པར་སྐུལ་ཁྲིད་བྱེད་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཞའེ་ཡོན་ཧྲན་གྱིས་བཤད་རྒྱུར། མི་དམངས་ཉེན་རྟོག་པ་ཞིག་གི་ངོས་ནས། ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་།  བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ལ་བློ་དཀར་སེམས་དཀར་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་སྲུང་བཅས་ཀྱི་སྤྱིའི་བླང་བྱ་མཚོན་པར་བྱས་ཏེ།   ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་བྱང་ཚད་མཐོ་རུ་གཏོང་བ་དང་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་པ་དང་། མང་ཚོགས་ལ་དོན་དངོས་དང་དོན་བཟང་སྔར་ལས་མང་པོ་བསྒྲུབས་པ།  མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་སྔར་ལས་ཆེ་རུ་བཏང་སྟེ།    བདེ་འཇགས་ཀྱི་མཚོ་སྔོན་དང་བདེ་སྐྱིད་ཀྱི་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཤང་སྡེ་གྲོང་རྡལ་དུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད། ཤང་སྡེ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཞིན་ཧོས་ཀྱིས་བཤད་རྒྱུར།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་དེ་མིག་སྔའི་གཙོ་གནད་དུ་འཛིན་པ་དང་ཡུན་རིང་གི་བྱ་བར་ཇུས་འགོད་བྱེད་པ་དང་ཟུང་འབྲེལ་བྱས་ནས།  དམངས་ལ་ཞབས་འདེགས་ཞུ་བ་དང་།  གསར་སྐྲུན་འཕེལ་རྒྱས་དང་དཀའ་སྤྱད་ལས་བརྩོན་གྱི་སྙིང་སྟོབས་དར་སྤེལ་ལེགས་པོ་བྱས་ཏེ།  དར་ཆ་གསལ་སྒྲེང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་བྱས་ནས།  ལས་དོན་སྣ་ཚོགས་ལེགས་ཤིང་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའམ་ཡུས་ཧྲུའུ་གྲོང་ཁྱེར་མི་རིགས་ཆ་ཚང་སློབ་ཆུང་གཉིས་པའི་སློབ་གཙོ་རྡོ་རྗེ་སྒྲོལ་མས་བཤད་རྒྱུར།  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་མགྱོགས་མྱུར་ངང་བརྒྱུད་བསྒྲགས་བྱས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་ རྒྱང་རིང་དམིགས་འབེན་ལག་བསྟར་གཏིང་ཟབ་བྱས་ཏེ། དངོས་འཛིན་དངོས་སྒྲུབ་དང་དངོས་སྒྲུབ་གསར་བསྐྲུན་གྱིས་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ཡོང་བར་སྐུལ་འདེད་གཏོང་བ་དང་།    ཇེ་ཡང་དུ་གཏོང་བ་གཉིས་ཀྱི་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བྱེད་པ་སོགས་ཀྱི་ཐད་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས།   ཡུས་ཧྲུའུ་ཁུལ་གྱི་སློབ་གསོ་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར།

རླབས་ཆེན་གྱི་དུས་རབས་འདི་དང་འཕྲད་པ་ནི་ང་ཚོའི་བསོད་ནམས་ཡིན། རླབས་ཆེན་གྱི་དུས་རབས་འདི་སྟོང་ཟད་དུ་མི་གཏོང་བ་ནི་ང་ཚོའི་ལས་འགན་དང་འགན་འཁྲི་ཡིན། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བློ་བརྟན་འགྱུར་མེད་ངང་དད་མོས་བྱེད་མཁན་དང་ལྷག་བསམ་རྣམ་དག་གི་ལག་ལེན་མཁན་ཞིག་བྱེད་པ་དང་། གསར་འབྱེད་ཡར་བརྩོན་དང་ནམ་ཡང་ལྷོད་གཡེང་མི་བྱེད་པའི་འབད་འཐབ་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་འབད་འབུངས་ཡར་བརྩོན་གྱི་ཉམས་འགྱུར་གྱི་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་བྱས་ཏེ་དུས་རབས་གསར་བར་བྱས་རྗེས་འཇོག་དགོས།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།