དམར་ཝོར་སྡེ་བའི་འགྱུར་ལྡོག་གསར་པ།
2022.05.30 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 4

 མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དམར་ཝོར་སྡེ་བ་གླེང་སྐབས། མི་ཚང་མའི་དྲན་ངོས་སུ་ཀྲུང་གོའི་མདོ་ལའི་རྒྱལ་སྤྱིའི་འཕུར་སྐྱོད་དུས་ཆེན་འཆར་ཡོང་། དམར་ཝོར་སྡེ་བར་ཁྱད་འཕགས་ཀྱི་ས་གཤིས་ཆ་རྐྱེན་ལྡན་པས་འགྲན་སྡུར་བྱ་འགུལ་གྱི་ཚོགས་ར་གཙོ་བོར་གྱུར་ཡོད། དེ་ནི་ཡུལ་དེའི་མང་ཚོགས་ཀྱི་སེམས་ནང་དུ་ཁོག་དཔུང་ལ་རྒྱ་ཞིག་ཏུ་བརྩིས་ཆོག་པའི་དོན་ཆེན་དང་དོན་བཟང་ཞིག་རེད།

འདས་པའི་ལོ་ངོ་ལྔ་ནི་དཀའ་སྡུག་ཁྱད་གསོད་བྱས་པའི་ལོ་ངོ་ལྔ་རེད། ད་ལྟ་དམར་ཝོར་སྡེ་བས་སྐྱེ་ཁམས་ཁོར་ཡུག་དང་སྤྱི་པའི་སྒྲིག་བཀོད། དམངས་ཚིས་ལེགས་བསྒྱུར་སོགས་ཀྱི་ཁྱབ་ཁོངས་སོ་སོ་རུ་གྲུབ་འབྲས་གལ་ཆེན་བླངས་ཡོད།  2016ལོར“གཙང་སེལ”བྱེད་པ་ཁྱོན་ཡོངས་ནས་མངོན་འགྱུར་བྱས་པས། 2020ལོར་ཞིང་ཆེན་རིམ་པའི་གྲོང་གསེབ་དར་སྤེལ་ཚོད་ལྟའི་སྡེ་བར་གཏན་འཁེལ་བྱས་པ་དེས་དམར་ཝོར་སྡེ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་བསྣན་ཡོད།

ཕྱུག་འགྱུར་གྱི་གོམ་པ་དང་པོ་ཇི་ལྟར་སྤོའམ། ཁྱིམ་ཚང219ཡི་མི714པོའི་འཚོ་ལམ་གང་ན་ཡོད་དམ།

དམར་ཝོར་སྡེ་བ་ནི་བཙུན་མོ་སྒང་ལྗོངས་ཁུལ་གྱི་ལྟེ་བར་ཆགས་ཡོད་པས་ལྗོངས་ཁུལ་དེར་འགྲོ་སྐབས་ངེས་པར་བརྒྱུད་དགོས་པའི་ཡུལ་ཞིག་ཡིན་པའི་ཆ་ནས། ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་ལྡན།  གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”བཅས་ཀྱིས་གནད་ཁེལ་འཆར་གཞི་བཀོད་པའི་འོག་ཏུ་དམར་ཝོར་སྡེ་བས་ཏང་འཛུགས་སྐྲུན་གྱི་སྣེ་ཁྲིད་དུས་རྒྱུན་རྒྱུན་འཁྱོངས་བྱས་པ་དང་། བཙུན་མོ་སྒང་ལྗོངས་ཁུལ་གསར་གཏོད་དང་འཛུགས་སྐྲུན་བྱེད་པར་བརྟེན་ནས། “ལས་གཞི་ཡིས་སྣེ་ཁྲིད་བྱེད་པ་དང་རྨང་གཞི་ལེགས་བསྒྱུར་བྱེད་པ། ཐོན་ལས་དམངས་ཕྱུག”བཅས་ཀྱི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལྟར། གྲུབ་ཚུལ་སྤོ་བསྒྱུར་བྱེད་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པ་བཅས་གཙོ་གནད་དུ་བཟུང་སྟེ། སྡེ་བའི་རྣམ་པ་བསྒྱུར་བ་དང་ཐོན་ཁུངས་འཕེལ་རྒྱས་བཏང་ཞིང་ཐོན་ལས་དར་སྤེལ་བཏང་ནས། རིམ་བཞིན་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་ལ་བརྟེན་ནས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  མང་ཚོགས་ཀྱི་སྣེ་ཁྲིད་པ་བཅས་ཀྱི་དབུལ་ཐར་ཕྱུག་བསྒྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་པ་རེད།

ད་ལྟ། དམར་ཝོར་སྡེ་བ་རུ་ཏང་འཛུགས་སྐྲུན་དང་ཡུལ་སྐོར་གྱི་སྣ་མང་ཅན་གྱི་ཐོན་ལས་ ཀྱི་རྣམ་པ་ཞིག་གྲུབ་ཡོད།  སྡེ་བ་ཡོངས་ཏང་དར་གཡོ།  ཐོན་ལས་དར། གཞིས་ཁུལ་མཛེས། མང་ཚོགས་ཕྱུག་པ་བཅས་ཡུལ་ཁོངས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་ཞིག་ཏུ་རིམ་བཞིན་ཆགས་ཏེ། དབུལ་ཐར་མཁྲེག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

སྤྱི་པའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ཡོད།  སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་། 2020ལོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བདུན་འབུམ་གསུམ་ཁྲི་བརྒྱད་ལྷག་བཏང་སྟེ། གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བ་འཛུགས་སྐྲུན་བྱས་པ་དང་། སྡེ་བ་མཛེས་བསྒྱུར་དང་གཞིས་ཆགས་ཁོར་ཡུག་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ། ཁྱིམ་ཚང107གྱི་གྱང་རར་དྲོད་འཛིན་ཝུ་ལེབ་ལྷན་པ།   ཁང་པའི་ཕྱི་མཁར་ལ་གྱང་རྩི་བྱུགས་པ། སྤྱོད་ཁང་ལས་པ་སོགས་ཀྱི་ལས་གཞི་ལག་བསྟར་བྱས།

རིག་གནས་བྱ་འགུལ་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། སྡེ་བའི་ནང་སྔ་གཞུག་ཏུ་དབྱི་ཁ་ལོ་སི་འཕུར་སྐྱོད་དུས་ཆེན་དང་དམར་ཝོར་རྩེད་ཆས་རྩེད་འཇོ་དུས་ཆེན་སོགས་ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ་སྤེལ་བས་དམར་ཝོར་སྡེ་བ་ཁྱོན་ཡོངས་ནས་སྙན་གྲགས་རྒྱས་མགོ་བརྩམས། “འཕུར་སྐྱོད་གྲོང་རྡལ”གྱི་ཚོང་རྟགས་མིང་གྲགས་ལ་མགྱོགས་པོར་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་སྐྱེ་ཁམས་ཡུལ་སྐོར་ལས་རིགས་མགྱོགས་པོར་འཕེལ་རྒྱས་བྱུང་། 2018ལོར་དབྱི་ཁ་ལོ་སི་རྒྱལ་སྤྱིའི་འཕུར་སྐྱོད་དུས་ཆེན་དམར་ཝོར་སྡེ་བ་རུ་བདེ་བླག་ངང་སྤེལ་བ་དང་། གནམ་གྲུ་འབབ་ས་རུ་འཕུར་བསྐྱོད་བཤམས་སྟོན་ཁང་དང་དངོས་ལྗོངས་ཟློས་གར་ཁང་སོགས་ཀྱི་ལས་གཞི་ལག་བསྟར་བྱས།

དམར་ཝོར་སྡེ་བའི་འགྱུར་ལྡོག་གླེང་ཚེ། སྡེ་མི་མཱ་ཅན་ཆང་ལ་ཚོར་བ་ཟབ་མོ་ཡོད་པ་སྟེ། ད་ལྟའི་འགྱུར་ལྡོག་གིས་ཁོ་རང་སེམས་འགུལ་ཐེབས་སུ་བཅུག་ཡོད། སྔོན་ཆད་སྡེ་བའི་ནང་གི་ན་གཞོན་རྣམས་རྫོང་མཁར་དང་ས་ཆ་གཞན་ལ་སོང་ནས་ཞོར་ལས་བྱེད་པ་དང་། བུད་མེད་རྣམས་ཀྱིས་ས་ཞིང་ཉུང་ཙམ་ཡོད་པ་དེ་བཏབ་ནའང་འཚོ་བ་ངན་ངོན་ཙམ་ལས་རོལ་མི་ཐུབ།

བཙུན་མོ་སྒང་གི་ཡུལ་སྐོར་འཕེལ་རྒྱས་བཏང་བ་དང་བསྟུན་ནས། སྡེ་བའི་ནང་དུ་ཡུལ་སྐོར་ཞབས་ཞུ་ལྟེ་གནས་བཙུགས་ཡོད་པས། ཚང་མས་སྒོར་མོ་འཚོལ་བའི་ལམ་བུ་གསར་པ་ཡོད་པ་ཤེས། ཞིང་པའི་སྤྲོ་སྐྱིད་ཁང་ཕྱེ་ནས་ཡུལ་སྐོར་འཕེལ་རྒྱས་བཏང་བས་འཚོ་བ་རིམ་བཞིན་ཇེ་བཟང་དུ་གྱུར་བ་དང་། ད་ལྟ་ཁྱིམ་ཚང་མང་པོ་ཞིག་གིས་རྫོང་མཁར་དུ་ཁང་པ་ཉོས་ཡོད། འཕེལ་སྟངས་སྤོ་འགྱུར་གྱིས་སྡེ་མི་རྣམས་ཀྱི་བློ་སྒོ་ཡངས་མོར་ཕྱེ་བ་དང་། ཚང་མས་སྔོན་ཆད་ལྟར་འཚོ་བ་མི་རོལ་བའི་ཁར་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་ལ་བརྟེན་ནས་རང་ཁྱིམ་གྱི་སྒོ་ཁ་ནས་སྒོར་མོ་བཙལ་བ་དང་། འཚོ་བའི་ཆ་རྐྱེན་ཇེ་ལེགས་དང་འཚོ་བའི་རྒྱུ་སྤུས་མཐོར་འདེགས་བྱུང་ཡོད།

དབྱར་ཁའི་ཡུལ་སྐོར་དུས་གཞུང་དུ་ཐོན་པའི་སྐབས་ནི་དམར་ཝོར་སྡེ་བ་ཆེས་འདུ་འཛི་ཆེ་བའི་སྐབས་ཡིན། སྡེ་མི་རྣམས་ཀྱིས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་ཞིང་། སྡེ་མི་མང་པོ་ཞིག་གིས་སྲན་ཆེན་དང་འཁྱགས་ཕྱེ། བསྙལ་ཐུག ཞོག་ཁོག་སོགས་ཡུལ་ཐོན་ཞོར་ཟས་དང་སྤོས་ཁུག་སོགས་ཀྱི་ལག་ཤེས་ཐོན་རྫས་བཤམས་ནས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་པ་བསུ་བཞིན་ཡོད། 2021ལོར་མཚོན་ན། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་སྟོང་གསུམ་སུམ་བརྒྱ་ལྷག་ཏུ་སླེབས།

དུས་མཚུངས་སུ། དམར་ཝོར་སྡེ་བས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་འགག་རྩར་བརྩིས་ཏེ། མགོ་ཚུགས་ས་མཐོན་པོ་ནས་འཆར་གཞི་བཀོད་ཅིང་ཚད་གཞི་མཐོན་པོར་སྐུལ་འདེད་བཏང་བས། ཐོན་ཁུངས་ཀྱི་དགེ་མཚན་རང་བཞིན་དང་རྒྱུ་ནོར་གྱི་བོགས་གཏོང་རང་བཞིན། ཐོན་ལས་ཀྱི་འཕེལ་རྒྱས་རང་བཞིན། མ་རྩའི་བེད་སྤྱོད་རང་བཞིན། སྡེ་བའི་གཉེར་སྐྱོང་རང་བཞིན་བཅས་ཀྱི་འཕེལ་སྟངས་ཤིག་བཙལ་ནས་ཆགས་ཡོད།

ལོ་ངོ་འགའ་ལ་འཕེལ་རྒྱས་བྱུང་བ་བརྒྱུད།  སྡེ་བའི་ནང་དུ་བཟའ་བཏུང་དང་ཞག་སྡོད། སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་སྐྱེ་ཁམས་ར་བ་གཅིག་དང་གསོ་སྤེལ་ཁུལ་གཅིག  གྲོང་གསེབ་ཡུལ་སྐོར་གྱི་སྤོ་སྒུལ་བཤམས་འཚོང་བྱེད་གནས་བཅུ། རླངས་འཁོར་འཇོག་ས་ཆེན་པོ་གཅིག་བཅས་ལས་ཡོད། 2021ལོར། རྩྭ་ས་འཁོར་རྒྱུག་དང་རྒྱུ་ནོར་བོགས་གཏོང་། སྡེ་བའི་ཁེ་ལས་མཉམ་ལས་སོགས་ཀྱི་རྣམ་པ་བརྒྱུད་ནས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ས་ཡ་གཅིག་འབུམ་ལྔ་ཁྲི་དྲུག་ལྷག་མངོན་འགྱུར་བྱུང་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་བཞི་ལྷག་ལ་སླེབས།

ད་ལྟའི་དམར་ཝོར་སྡེ་བའི་མི་ཚང་མའི་སྡེ་དོན་དོ་དམ་དུ་ཞུགས་པའི་བརྩོན་སེམས་ཇེ་དྲག་ཏུ་གྱུར་བ་དང་།  ཕྱུག་བསྒྱུར་གྱི་ལམ་བུ་ཇེ་ཡངས་ནས་ཇེ་ཡངས་ཡིན་པས། སྡེ་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་མཐོར་འདེགས་བྱུང་ཞིང་འཚོ་བའི་ཁོར་ཡུག་ལེགས་བསྒྱུར་བྱུང་ཡོད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།