འཆར་འགོད་གསར་བ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་འགན་འཁྲི་ཕྲག་ཏུ་འཁུར་ནས་ལེའུ་གསར་པ་རྩོམ་དགོས།
2022.05.31 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 11

 མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དེ་མཐོ་སྒང་གི་ས་གཞི་ཆེན་མོར་ཁྱབ་ནས་མི་རྣམས་ལ་སྐུལ་ལྕག་ཐེབས་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་ནས།  མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་དྲག་པོ་བྱུང་བ་རེད།  ཚང་མས་བཤད་རྒྱུར། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འགོ་རྩོམ་ས་གསར་བ་དང་དམིགས་འབེན་གསར་བར་གཞི་ཚུགས་པ། ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྒུལ་ཤུགས་སུ་འགྱུར་བ་བཅས་བྱས་ཏེ།  སེམས་ཤུགས་གཅིག་སྒྲིལ་དང་དངོས་འཛིན་དངོས་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་གསར་བ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཟེར།

མཚོ་སྔོན་ཀའོ་ཀྲན་རིག་མཛོད་ཞིབ་འཇུག་ཁང་གི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཏི་ཅོན་གྱིས་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ནང་ཐོན་ལས་ཀྱི་གནས་བཞི་དང་གསར་སྐྲུན་མ་ལག་ལ་ཁ་ཕྱོགས་གསར་བ་བསྟན་ཡོད་པས་ང་ལ་ངར་ཤུགས་བསྩལ་བྱུང་།  ཞིང་ཆེན་ནང་ཁུལ་གྱི་དམངས་ཁྲོད་རིག་མཛོད་ཚོགས་པ་གསར་པ་ཞིག་ཡིན་པའི་ཆ་ནས།  ང་ཚོས་དུས་རབས་ཀྱི་གོམ་སྟབས་ཀྱི་རྗེས་སུ་བསྙེགས་ཏེ་ཚོགས་པའི་ལེགས་ཆ་འདོན་སྤེལ་ལེགས་པོ་བྱེད་པ་དང་།   སྔར་ལས་རང་འགུལ་དང་ཁྱབ་རྒྱ་ཆེ་བ། གཏིང་ཟབ་པ་བཅས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཞུགས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་ཞིན་ཀོང་དམིགས་བསལ་བྱིས་པའི་ཞབས་ཞུ་ལྟེ་གནས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧ་ཆིན་ཧྭ་ཡིས་ཚོགས་ཆེན་གྱི་སྙན་ཞུར་སློབ་སྦྱོང་བྱས་རྗེས་འགན་འཁྲི་ཧ་ཅང་ལྕི་པོ་ཡིན་པ་དང་ལས་འགན་ཕྲག་ཏུ་བབས་ཡོད་པ་གསལ་བོར་རྟོགས་བྱུང་།  ཁོས་བཤད་རྒྱུར།  ཏང་ཡོན་ཞིག་དང་དམིགས་བསལ་སློབ་གསོའི་བྱ་བ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ངས་དུས་རབས་གསར་པས་ང་ཚོར་སྤྲད་པའི་ལས་འགན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས།  རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།   ཧུར་ཐག་གིས་རང་ངོས་ཀྱི་བྱང་ཚད་མཐོར་འདེགས་བཏང་ནས་དམིགས་བསལ་གྱི་དབང་པོ་སྐྱོན་ཅན་ལ་ཞབས་འདེགས་ཞུ་བའི་ ཆོད་སེམས་དང་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ཟེར།

མཚོ་ཤར་གྲོང་ཁྱེར་ཞའོ་ཞ་སྲང་ལམ་ཧྲི་ཅ་ཡུན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིས་ཀྲིན་ཡུན་གྱིས་བཤད་རྒྱུར། ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་མ་འོངས་པའི་ལོ་ལྔའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་བོར་བསྟན་ཡོད་པས།  ཧྲི་ཅ་ཡུན་སྡེ་བས་སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱས་ནས། ཧུར་ཐག་གིས་གཡེར་སྡོང་འདེབས་འཛུགས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་བཏང་སྟེ་གྲོང་གསེབ་དར་སྤེལ་གཏོང་བར་སྐུལ་འདེད་བྱེད་རྒྱུ་ཡིན།  ཐེངས་འདིའི་ཚོགས་འདུ་ནི་དངོས་གནས་གལ་ཆེན་ཞིག་ཡིན་པས་ང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཇེ་སྐྱིད་དུ་འགྲོ་བར་ངས་མུ་མཐུད་དུ་ཕུ་ཐུང་ཡར་ལ་བརྫེས་ནས་འབད་པ་བྱེད་རྒྱུ་ཡིན་ཞེས་སྡེ་མི་ཡུས་མིན་ཞན་གྱིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

ངར་ཤུགས་འཕེལ་ཞིང་ཡིད་ཆེས་ཀྱིས་ཁེངས་ཡོད།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་བདེ་འཇགས་ཡན་ལག་རུ་ཁག་གི་རུ་དཔོན་ཁྲིན་ཅུན་གྱིས་བཤད་རྒྱུར།  དུས་རབས་གསར་པའི་སྤྱི་བདེའི་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས།  ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་བློ་བརྟན་འགྱུར་མེད་ངང་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་བསྐྲུན་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པས། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོབ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོབ་བྱེད་པའི་སྟོབས་ཤུགས་ཆེན་པོ་བསྐྲུན་པར་ང་ཚོར་ཡིད་ཆེད་བརྟན་པོ་ཡོད་དགོས་ཟེར།

ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུ་ལས་ན་གོར་མོ་གྲོང་ཁྱེར་རྨ་ནུབ་སྲང་ལམ་ཏང་གི་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲང་ཅིན་ཅིན་ལ་ཡིད་འགུལ་ཆེན་པོ་ཐེབས། ཁོ་མོས་བཤད་རྒྱུར།  ལོ་ལྔའི་རིང་ན་གོར་མོ་གྲོང་ཁྱེར་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།   སྲང་ལམ་གྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ངས་ལས་བྱེད་མི་སྣ་ཡོངས་ཀྱི་སྣེ་ཁྲིད་དེ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། དོན་འཁྱོལ་བཅས་གཏིང་ཟབ་བྱས་ནས་གཞི་རིམ་བཅོས་སྐྱོང་གི་འཕེལ་རྒྱས་བཟང་པོར་སྐུལ་སྤེལ་བྱེད་པ་དང་། ས་ཁོངས་ཀྱི་འཆམ་མཐུན་བརྟན་འཇགས་ལ་སྐུལ་འདེད་གཏོང་བ། མི་དམངས་བདེ་སྡོད་ལས་བརྩོན་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་ཐད་གནད་སྨིན་ཤུགས་འདོན་བྱས་ཏེ། མངའ་ཁོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལ་མིག་དཔེ་ཡག་པོ་དང་དཔེ་སྟོན་ཡག་པོ་བྱས་ནས་རྒྱུན་ཆད་མེད་པར་མངའ་ཁོངས་སྡོད་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་ནི་ཞིང་ཆེན་ཡོངས་ཀྱི་སྐོར་དང་པོའི་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་རྫོང་གཅིག་པུ་ཡིན་ཞིང་།  ཐོག་མཐའ་བར་གསུམ་དུ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་དེ་གཙོ་རྒོལ་ཁ་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ཏང་གི་འཐུས་མིའམ་ཀོས་ནན་རྫོང་ཏང་ཨུའི་ཧྲུའུ་ཅི་ཉིན་ཧྥ་ཀོས་ཀྱིས་བཤད་རྒྱུར། གོམ་སྟབས་རྗེས་མར་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟའི་དཔེ་སྟོན་དུས་ཡུན་ཇེ་རིང་དུ་གཏོང་བའི་སྲིད་ཇུས་བཟང་བའི་གོ་སྐབས་དམ་འཛིན་དང་།  ཞིབ་བཤེར་གཅིག་དང་བཅོས་སྐྱོང་གསུམ་གྱི་ཀོས་ནན་གྱི་ཁྱད་ཆོས་ལྡན་པའི་གྲོང་གསེབ་བཅོས་སྐྱོང་གི་སྒྲོམ་གཞིའི་མ་ལག་ལ་དམ་པོར་དམིགས་ཏེ།  བློ་ཁོག་ཆེན་པོས་འཚོལ་ཞིབ་དང་ལག་ལེན་བྱེད་ཕོད་པ་བྱས་ནས་གྲོང་གསེབ་བཅོས་སྐྱོང་དང་བོད་འབྲེལ་ས་ཁུལ་གྱི་ཀོས་ནན་གྱི་དཔེ་མཚོན་ཧུར་ཐག་གིས་བསྐྲུན་རྒྱུ་ཡིན་ཟེར།

ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུར་ཉན་རྗེས་ངར་ཤུགས་འཕེལ་བྱུང་།   ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཡུལ་ཚོ་གནས་མདོ་སྡེ་བའི་ཏང་ཡོན་ནམ་སྐྱེ་ཁམས་ལྟ་སྲུང་པ་ཡུལ་དགའ་ཡིས་སྙན་ཞུའི་ནང་དོན་ལ་ཉན་རྗེས་དགའ་སྤྲོས་ཁེངས།   ཁོས་བཤད་རྒྱུར། མ་འོངས་པར་སྡེ་མི་རྣམས་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་ཇེ་སྐྱིད་ཡིན་ངེས་རེད།  ངེད་ཚང་ད་དུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ སྐྱེ་ཁམས་ཉམས་ལེན་གྱི་དམིགས་བསལ་གཉེར་སྐྱོང་བྱེད་སྒོ་སྤེལ་མཁན་གྱི་སྣེ་ལེན་ཁྱིམ་ཚང་ཁག་དང་པོར་གྱུར་ཡོད་པས།  རྗེས་ཕྱོགས་ཀྱི་འཚོ་བར་ཡིད་ཆེས་ཆེན་པོས་ཁེངས་ཡོད་ཟེར།

མཚོ་ནུབ་གཞུང་ལམ་སྤྱིའི་ལམ་ཚུགས་ཀྱི་འགོ་གཙོ་གཞོན་པ་ལིག་ཧའེ་ཞ་ཡིས་བཤད་རྒྱུར། ང་ཚོས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་ལམ་ཚུགས་རེ་རེ་དང་བདག་སྐྱོང་ལས་ཁུལ་སོ་སོར་དྲིལ་བསྒྲགས་བྱས་ནས། རང་ཉིད་ཀྱི་ལས་གནས་དང་ཟུང་འབྲེལ་བྱས་ཏེ་གཞུང་ལམ་གྱི་ཞབས་ཞུའི་ནུས་པ་དང་། འཕྲལ་སྡོམ་འགན་སྲུང་ནུས་པ། གནོད་འགོག་གནོད་སེལ་ནུས་པ་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་སྟེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་དེ་བདག་སྐྱོང་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་།  འགྲིམ་འགྲུལ་མི་སྣ་ཞིག་གི་ངོས་ནས་གཞུང་ལམ་བདག་སྐྱོང་ཡག་པོ་དང་ཤར་གཏོང་ཐུབ་པར་འགན་སྲུང་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་སྔར་ལས་ལག་བསྟར་བཟང་བོ་བྱེད་དགོས་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཏང་གི་འཐུས་མི་རྣམས་འཕྲལ་དུ་རྫོང་ལ་ལོག་ནས།  བྱ་བའི་ཁྱབ་ཁོངས་སོ་སོར་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་ཕྱོགས་མང་པོ་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དང་གསལ་འགྲེལ་བྱེད་པ། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་རྫོང་ཡོངས་སུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།  ཧི་ནན་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཀྲང་ཀྲིན་ཀྲིན་གྱིས་བཤད་རྒྱུར།  ང་ཚོས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཞིབ་འཇུག་སློབ་སྦྱོང་དང་བཞུགས་མོལ་བརྗེ་རེས་བྱེད་པ་བརྒྱུད་དེ། དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ཆབས་ཅིག  ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་དང་གཏིང་ཟབ་ཚད་ཆེ་རུ་གཏོང་བར་ང་ཚོས་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་གདོང་མཆོང་དུང་བརྡ་བསྒྲགས་བྱུང་།  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་རྩ་འཛུགས་པུའི་པུའུ་ཀྲང་ཝང་ཀྲི་ཅོན་གྱིས་བཤད་རྒྱུར།  འགོ་རྩོམ་ས་གསར་པའི་ཐོག་ང་ཚོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ། ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ་དང་།  རྫོང་ཡོངས་ཀྱི་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པར་སྐུལ་འདེད་བཏང་སྟེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་འགན་ལེན་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

གཞི་རིམ་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དེ་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས།   མཛེས་སྡུག་གི་ཕུགས་འདུན་མངོན་འགྱུར་བྱེད་རྒྱུ་ཡིན།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་སྟག་ལྷ་ཡིས་བཤད་རྒྱུར། གོམ་སྟབས་རྗེས་མར་ང་ཚོས་གནས་བཞི་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་གཏན་འཁེལ་བྱས་ནས།   རྐང་ཚ་རྫོང་འདི་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གལ་ཆེན་ཕྱིར་གཏོང་བྱ་ཡུལ་དང་། ལྗང་མདོག་དྭངས་གཙང་གི་ནུས་ཁུངས་ཐོན་ལས་ཀྱི་དཔེ་སྟོན་རྟེན་གཞི།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཅས་སུ་བསྐྲུན་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།