བློ་བརྟན་འགྱུར་མེད་སྒོས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས།
2022.06.06 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 25

—ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ།

ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡང་ཡིན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག“བློ་བརྟན་འགྱུར་མེད་སྒོས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས”ཞེས་པ་དང་། “མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་བསྐྲུན་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱེད་པ། ཕན་ཚུན་སྤེལ་རེས་བྱེད་པ། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བའི་ལག་ལེན་གྱི་ལམ་བུ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས། མི་རིགས་སོ་སོའི་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་རྒྱུན་མི་ཆད་པར་སྐོང་དགོས་པ”ནན་གྱིས་བསྟན་ཡོད། དེ་ལས་མི་སེམས་དང་དམངས་སེམས་ཐོབ་པའི་བཀོད་སྒྲིག་གང་ལེགས་མཚོན་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཁྲོད། ཐོག་མཐའ་བར་གསུམ་དུ་ཐུན་མོང་ཕྱུག་འགྱུར་གྱི་ཕྱོགས་སུ་བསྐྱོད་རྒྱུ་ནི་ང་ཚོས་མཐུན་སྒྲིལ་འབད་འཐབ་དང་ཧུར་ཐག་འབད་ཐག་གིས་དོན་གཉེར་བྱེད་པའི་བླ་ན་མེད་པའི་འབད་འཐབ་དམིགས་འབེན་ཞིག་རེད།

སྲིད་ཀྱི་དར་རྒུད་དམངས་ལ་བརྟེན་པ་དང་། དམངས་ཀྱི་བདེ་སྡུག་སྲིད་ལ་བརྟེན་དགོས། ཐུན་མོང་དུ་ཕྱུག་པོར་འགྱུར་རྒྱུ་ནི་དཔལ་འབྱོར་གྱི་གནད་དོན་ཡིན་པ་མ་ཟད། ཏང་གི་སྲིད་སྐྱོང་རྨང་གཞི་དང་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེན་ཞིག་ཀྱང་རེད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་གནང་ནས། མི་རིགས་སོ་སོའི་མི་དམངས་དང་མཉམ་དུ་བརྩེ་སེམས་མཐོ་སྒང་གི་ས་གཞི་ཆེན་པོར་བཅངས་ཏེ། “དམངས་ཚིས་བདེ་སྐྱིད་ཇེ་ཆེར་གཏོང་བ”ནན་བཤད་གནང་ཡོད། ལོ་ལྔའི་རིང་ལ། ང་ཚོས་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ནོར་ཤུགས་ཚད་ཡོད་པའི་གནས་ཚུལ་འོག ནོར་སྲིད་ཀྱི་གཏོང་སྒོ་མང་ཆེ་བ་ཐོག་མཐའ་བར་གསུམ་དུ་དམངས་ཚིས་ལས་དོན་ཐད་དུ་བཏང་བ་དང་། དམངས་ཀྱི་ཆེད་དུ་དངོས་དོན་སྒྲུབ་པའི་བཟོ་སྐྲུན་ལག་བསྟར་བྱས་ཤིང་། དམངས་ཕན་གྱི་བྱེད་ཐབས་འབོར་ཆེན་སྐོར་ཞིག་གཅིག་རྗེས་གཉིས་མཐུད་དུ་དོན་འཁྱོལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་། ལོ་རྒྱུས་རང་བཞིན་གྱི་དབུལ་ཕོངས་རྩ་བ་ནས་སེལ་ཞིང་། གྲོང་གསེབ་དར་སྤེལ་གཏོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ལ། མི་རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། དམངས་ཚིས་བདེ་སྐྱིད་སྐས་རིམ་གསར་པར་བསྐྱོད་པ་བཅས་བྱས་ཡོད། ད་ལྟའི་མཚོ་སྔོན་དུ། མི་རིགས་སོ་སོའི་མང་ཚོགས་ཀྱིས་ཐུན་མོང་གིས་འབད་འཐབ་བྱས་པ་བརྒྱུད། དུས་བཀག་ལྟར་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱས་པ་དང་། ཡིད་ཆེས་ཀྱིས་ཁེངས་ཏེ་ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད།

ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་རེད། ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱེད་དགོས་པ་ཞིག་ལ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དེ་མཚོ་སྔོན་དུ་མངོན་གསལ་སྒོས་གནས་ཡོད་པ་དང་། མཁར་གྲོང་བར་དང་ས་ཁོངས་བར་གྱི་འཕེལ་རྒྱས་དོ་མི་སྙོམས་ལ་གང་ལེགས་མ་ཡིན་པའི་གནད་དོན་དང་། དམངས་ཚིས་འགན་སྲུང་ཐད་ད་དུང་ཞན་ཆ་ཡོད་པ། མི་དམངས་ཀྱི་འཚོ་བ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་ཆུ་ཚད་ད་དུང་མཐོ་རུ་གཏོང་དགོས་པ་བཅས་རེད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་དམངས་ཚིས་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་དེ་རིན་ཐང་དོན་གཉེར་ལ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་ཟབ་མོ་བྱེད་པ་དང་། མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་བྱེད་པ། སེམས་ནུས་ཡོད་རྒུ་བཏོན་ནས་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པ་དང་། མི་དམངས་ལ་རྒྱུན་ཆད་མེད་པར་བདེ་སྐྱིད་སྐྲུན་པ། མང་ཚོགས་ལ་འཚོ་བ་བཟང་བོ་རོལ་དུ་འཇུག་པ་བཅས་ཀྱི་ཐད་སེམས་ཤུགས་སྤྱད་དེ། མི་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་རྒྱུན་མི་ཆད་པར་བསྐངས་ནས། ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་མཐར་གཏུགས་ནས་བཤད་ན་མི་དམངས་ཡོངས་ཐུན་མོང་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་དེ་རེད།

ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་མི་དམངས་ཀྱི་ཆེད་དུ་འཕེལ་རྒྱས་གཏོང་བ་དང་། མི་དམངས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བ། མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས། “བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་ཞིང་དྲང་བདེན་གྱི་སྒོ་ནས་མི་དམངས་ཡོངས་ལ་ཕན་པའི”ཐུན་མོང་ཕྱུག་འགྱུར་ཡོང་བར་བརྩོན་ལེན་བྱས་ཏེ། གྲོང་གསེབ་དར་སྤེལ་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་རྒྱ་སྐྱེད་དང་ཡོང་འབབ་འཕར་བར་སྐུལ་འདེད་བྱེད་པ། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་བཅས་ཀྱི་ཁྲོད་དུ། ཡང་དག་པའི་འཕེལ་རྒྱས་ལྟ་བ་དང་དེང་རབས་ཅན་གྱི་ལྟ་བ་ནུས་ལྡན་ངང་མཚོན་དགོས།

ཡར་ལངས་པ་ནས་ཕྱུག་པོར་འགྱུར་པ་དང་། སྟོབས་ཆེར་འགྱུར་ཐུབ་པ་བཅས་བྱས་ནས། ཏང་སེམས་དང་དམངས་སེམས་དེ་དུས་རབས་གསར་པ་དང་མཉམ་དར་ཡོང་བར་བྱ་དགོས་ན། དམངས་སེམས་ཞེས་པའི་ཆབ་སྲིད་ཆེ་ཤོས་དེ་དང་ཟུང་འབྲེལ་བྱས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོབ་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དེ་བླ་ན་མེད་པའི་གོ་གནས་སུ་འཇོག་པ་དང་། མི་དམངས་ཀྱི་ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་བསྐྲུན་པ། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བ། ཐུན་མོང་ཐོག་ཕྱུག་པོར་འགྱུར་བའི་ལམ་བུའི་ཐོག་མཐུན་སྒྲིལ་འབད་འཐབ་དང་གོམ་སྟབས་བརྟན་པོ་སྤོ་བ། ངོ་བོའི་རང་བཞིན་ལྡན་པའི་འཕེལ་རྒྱས་ཡོང་བ་བཅས་བྱས་ནས། བརྗིད་ཆེའི་འཆར་འགོད་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱེད་པ་དང་། མི་རིགས་སོ་སོའི་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་འཐུས་ཚང་དང་འགན་སྲུང་ཡོད་པ། རྒྱུན་མཐུད་བཅས་ཡོང་བ་བྱས་ནས། མཚོ་སྔོན་གྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་བྱ་བ་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ། མང་ཚོགས་ཀྱི་འཚོ་བ་སྔར་ལས་སྤུས་ལེགས་དང་སྔར་ལས་བློ་བདེ་བ། སྔར་ལས་མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱེད་པ་དང་། འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་བྱེད་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།