མཚོ་སྔོན་གྱི་ས་གཞི་འདིར་སྲུང་སྐྱོབ་བཟང་པོ་བྱེད་དགོས། 
2022.06.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་པོ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན། སྐྱེ་ཁམས་མཛའ་མཐུན་གྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ན་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་དང་། མི་རིགས། བུ་རབས་ཚ་རྒྱུད་རྣམས་ལ་འགན་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་དང་། གངས་འཁྱག་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐོན་ལས་ཡོད་ཚད་དང་དཔལ་འབྱོར་བྱེད་སྒོ་ཚང་མ་ངེས་པར་དུ་སྐྱེ་ཁམས་ལེགས་པོའི་འཕེལ་རྒྱས་ལ་ཕན་པ་རྒྱུན་འཁྱོངས་བཅས་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་དགོས་ཞེས་བསྟན་ཡོད།

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་ཡོན་ལས་བྱེད་པས་སྙན་ཞུ་ཀློག་པ་དང་། སྙན་ཞུར་སློབ་སྦྱོང་བྱེད་པ། སྙན་ཞུར་གོ་བ་ལེན་པ་བཅས་བྱས་ཏེ།ཚ་ཚ་འུར་འུར་གྱིས་ལས་གནས་ལ་རྐང་ཚུགས་པ་དང་། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པའི་འགུལ་སྐྱོད་ཁྲོད། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས་པར་བསྟན། 

རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འགོ་ཁུངས་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ལས་བྱེད་པས་བསྟན་དོན། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་བཀོད་པའི་ལོ་ལྔའི་དམིགས་འབེན་ཁ་གསལ་ཞིང་བརྟན་པོ་ཡིན་པ་རེད། རྨ་ཆུའི་འགོ་ཁུངས་ཀྱི་སྲུང་སྐྱོབ་པ་ཞིག་ཡིན་པའི་ཆ་ནས། རྨ་ཆུའི་འགོ་ཁུངས་གླིང་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་སྔོན་མ་ཡིན་པ་རྒྱུན་འཁྱོངས་བྱ་རྒྱུ་དེ་གདམས་གསེས་དང་པོ་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ནང་ཧུར་ཐག་གིས་འདྲེས་པར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི “རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པའི་སྟེང་མདུན་གྲལ་དུ་བསྐྱོད་པ”དང་“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཟང་པོ་བྱེད་པ་ནི‘རྒྱལ་ཁབ་ཀྱི་དོན་ཆེན’ཡིན་པའི”དགོངས་དོན་གལ་ཆེན་ལྟར། “ཆུ་བོའི་འགོ་ཁུངས་ཀྱི་འགན་འཁུར”ལ་ཤུགས་སྣོན་དང་།“ཆུ་བོའི་འགོ་ཁུངས་ཀྱི་འགན་འཁྲི”ལག་བསྟར་བྱེད་པ།“ཆུ་བོའི་འགོ་ཁུངས་ལ་བྱས་རྗེས”འཇོག་རྒྱུ་ཡིན་ཟེར།

རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་གལ་ཆེན། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་མཛུབ་སྟོན་དུ་བཟུང་སྟེ། རྒྱལ་ཁབ་སྤྱི་གླིང་གཙོ་བོ་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་གི་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་གོ་སྐབས་སུ་བརྩིས་ནས། རྨ་ཆུའི་འགོ་ཁུངས་ཀྱི་གླིང་ཁུལ་དེ་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་དཔེ་སྟོན་ཁུལ་དུ་བསྐྲུན་པར་འབད་བརྩོན་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྔོན་སྐྱོད་ཁུལ་མཉམ་འཛུགས་མཉམ་སྤྱོད་བྱེད་པ་དང་། མཚོ་བོད་མཐོ་སྒང་གི་རང་བྱུང་ཁམས་ཆེན་མོ་སྲུང་སྐྱོབ་ཀྱི་རྣམ་པ་འགྲེམ་སྟོན་དང་སྐྱེ་ཁམས་རིག་གནས་རྒྱུན་འཛིན་ཁུལ་གཏོད་དེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོར་བསྐྲུན་ནས་རྨ་ཆུའི་འགོ་ཁུངས་ཀྱི་སྲོག་ཆགས་དང་རྩི་ཤིང་། རི་ཆུ་ཁྲི་སྟོང་ལ་སྲུང་སྐྱོབ་བཟང་པོ་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཧུར་ཐག་གིས་བསྐྲུན་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ཁག་ཐེག་བྱེད་རྒྱུ་ཡིན་ཟེར།

ཟི་ལིང་གྲོང་ཁྱེར་ལྷོ་རི་དང་བྱང་རི་ལྗང་འགྱུར་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གི་རིམ་པ་གཉིས་པའི་ཀྲུའུ་རིན་ཁི་ཡོན་ཐའོ་ཅིན་གྱིས་བཤད་རྒྱུར། དུས་རབས་གསར་པར“ཐཱན་རྩེར་སོན”དང་“ཐཱན་སྙོམས་སྦྱོར”དམིགས་འབེན་གྱི་སྣེ་ཁྲིད་འོག ང་ཚོས་ནགས་ལས་ཀྱིས“ཐཱན་སྙོམས་སྦྱོར”ལ་སྐུལ་འདེད་གཏོང་བའི་ཁྲོད་འབོད་སྐུལ་གཏོང་བར་ཡར་སྐུལ་བྱེད་རྒྱུ་ཡིན། ཟི་ལིང་གྲོང་ཁྱེར་གྱིས་ཐེངས་བཞི་བར་རི་རྒོད་དུ་བསྐྱོད་པའི་འཆར་གཞི་བཟོས་ཏེ། ལྷོ་རི་དང་བྱང་རི་ནས་དུས་སྐབས་བཞི་བའི་བཟོ་སྐྲུན་མགོ་བརྩམས། མིག་སྔར། ཟི་ལིང་གྲོང་ཁྱེར་གྱིས་རང་རྒྱལ་གྱི་ནུབ་བྱང་ས་མཐོའི་ཁུལ་དུ་ཡང་བསྐྱར་སླར་གསོ་དང་ཡང་བསྐྱར་ཁྱབ་གདལ་དུ་གཏང་ཐུབ་པའི་ནགས་སྐྲུན་ལྗང་སྒྱུར་དང་འགན་སྲུང་རྒྱབ་སྐྱོར་མ་ལག་ཅིག་འཚོལ་ཞིབ་བྱས་ཡོད་པ་རེད། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གྱི་ཁྲིད་སྟོན་འོག ང་ཚོས་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆེ་དང་སྲུང་སྐྱོབ་བྱེད་པ་བརྒྱུད་དེ། ནགས་ཚལ་གྱི་སྤུས་ཚད་མཐོར་འདེགས་དང་། ནགས་ཚལ་ལ་མེ་སྐྱོན་དང་འབུས་གནོད་པ་ཐེབས་ཚད་ཇེ་ཉུང་དུ་གཏོང་བ། བརླན་གཤེར་དང་། རྩྭ་ས་སོགས་སྐྱེ་ཁམས་མ་ལག་གི་ཐཱན་གསོག་ནུས་པ་ཆེ་རུ་གཏོང་བ་སོགས་བྱས་ནས་ནགས་ལས་ཀྱི་སྐྱེ་ཁམས་མ་ལག་མངོན་འགྱུར་བྱས་པ་དང་། ནགས་ལས་ཀྱི་ཐཱན་བསྡུ་ལས་གཞི་འདོན་སྤེལ་གང་ལེགས་བྱས་ནས་ལངས་ཚད་སྔར་ལས་མཐོ་བ་དང་། རིམ་པ་སྔར་ལས་མང་བ། མཐོང་རྒྱ་སྔར་ལས་ཡངས་པའི་སྒོ་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་བསམ་གཞིགས་དང་། འཆར་འགོད། སྐུལ་འདེད་བཅས་བྱས་ནས་སྔར་ལས་དྲག་པའི་ཆོད་སེམས་དང་། སྔར་ལས་ཤུགས་ཆེ་བ། དངོས་ཡོད་ཀྱི་བྱེད་ཐབས་བཅས་ལ་བརྟེན་ནས། མཛེས་པའི་མཚོ་སྔོན་གྱི་རི་སྔོ་ཆུ་དྭངས་ལ་སྲུང་སྐྱོབ་བཟང་པོ་བྱེད་རྒྱུ་ཡིན་ཟེར།

རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་འབྲི་ཆུའི་འགོ་ཁུངས་གླིང་ཁུལ་ཆུ་དམར་ལེབ་དོ་དམ་ཁྲུའུ་ཡི་ལས་བྱེད་པ་སྒྲོལ་མ་ལྷ་གཡང་གིས་བཤད་རྒྱུར། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་གི་ལྟ་སྲུང་བ་ཞིག་ཡིན་པའི་ངོས་ནས་ཏང་ལ་བློ་དཀར་བ་དེ་རང་གི་འགན་གཙང་ལེན་དང་རང་གི་བྱ་བའི་ཕན་འབྲས་དངོས་ཀྱི་སྟེང་མངོན་པར་བྱས་ཏེ། དཀའ་སྤྱད་འབད་བརྩོན་དང་། དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ནས་ཚད་གཞི་མཐོ་བའི་རྨ་འབྲི་རྫ་གསུམ་ཆུ་བོའི་འགོ་ཁུངས་རྒྱལ་ཁབ་སྤྱི་གླིང་ཁྲོད་མི་སྒེར་གྱི་སྟོབས་ཤུགས་ཕུལ་རྒྱུ་ཡིན་ཟེར།

མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བཀོལ་སྤྱོད་དོ་དམ་ཅུའུ་ནུར་ལྕེ་ཡན་ལག་ཅུའུ་ཡི་ལས་བྱེད་པ་ལིས་ཞའོ་མེན་གྱིས་བཤད་རྒྱུར། འཐབ་ཕྱོགས་དང་པོའི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ཁྲོད་ངེས་གནས་བཙལ་ཏེ། དྲིན་ཚོར་ཡར་བརྩོན་དང་འབད་འབུངས་ཧུར་བརྩོན་གྱིས་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་བའི་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་རྒྱུ་ཡིན་པ་དང་། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་རྒྱུ་ཡིན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།