--ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་དཔྱད་གཏམ།
མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་བློ་བརྟན་འགྱུར་མེད་སྒོས་ཏང་འདི་ཉིད་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་པ་ནན་བཤད་བྱས་ཡོད་ལ། དེ་ནི་ང་ཚོས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་བའི་གཞི་རྩའི་འགན་ལེན་ཡིན་པ་དང་། ང་ཚོའི་ཏང་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཡིན་པ་སེམས་ལ་བརྟན་པོར་འཛིན་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་ཅི་ཞིག་ཡིན་པ་དང་། ཅི་ཞིག་བསྒྲུབ་དགོས་པའི་གཞི་རྩའི་གནད་དོན་སེམས་ལ་བརྟན་པོར་བཟུང་ནས་ཏང་འདི་ཉིད་སྔར་ལས་སྟོབས་དང་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་ཟབ་མོ་བྱས་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ཟབ་མོ་བྱེད་པ། རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྲུན་གྱི་སྤུས་ཚད་མཐོར་འདེགས་བཏང་སྟེ། ལས་བྱེད་པ་སྤྱོད་གཙང་དང་། སྲིད་གཞུང་སྲིད་གཙང་། ཆབ་སྲིད་དྭངས་གསལ། སྤྱི་ཚོགས་དྭངས་གཙང་བཅས་ཀྱི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་མུ་མཐུད་དུ་བཏོད་དེ། ཕྱོགས་ཡོངས་ཀྱི་སྟོབས་ཤུགས་ཏང་གི་མཐའ་འཁོར་དུ་གཅིག་སྡུད་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
ཀྲུང་གོའི་བྱ་བ་ཡག་པོར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་ཡོད། ལོ་ལྔའི་རིང་ལ་ང་ཚོས་གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དོན་འཁྱོལ་ཟབ་མོ་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་གྱི་སྤྱི་འདོམས་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་བྱ་བ་སོ་སོའི་གོ་གནས་དང་པོར་བཞག་ནས་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ལེན་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་རྒྱུགས་ལན་གསར་བ་སྤྲད་པ་དང་། དམངས་ཚིས་བདེ་སྐྱིད་དེ་སྟེགས་བུ་གསར་བ་ཞིག་ཏུ་སྤོས་པ་དང་། མི་རིགས་མཐུན་སྒྲིལ་ལ་ཡར་ཐོན་གསར་བ་མངོན་འགྱུར་བྱུང་བ་དང་། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་གསར་པ་ཞིག་ཏུ་སླེབས་ཤིང་། ཆབ་སྲིད་སྐྱེ་ཁམས་ཀྱི་རྣམ་པ་གསར་པ་མངོན་ལ། སྤུས་ཚད་མཐོ་བའི་ཏང་འཛུགས་སྣེ་ཁྲིད་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རྣམ་པ་གསར་པ་བཏོད།
ལོ་ལྔའི་རིང་གི་ལག་ལེན་ལས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་ནི་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་བཟང་པོ་ཐོབ་པའི་ཁག་ཐེག་བརྟན་པོ་ཞིག་ཡིན་པ་ང་ཚོས་ཤེས་རྟོགས་བྱུང་ཡོད། འགོ་ཚུགས་ས་གསར་བ་དང་། སྐྱོད་ལམ་གསར་བས “ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་དང་ལྡན་པའི་འགོ་ཁྲིད”ཀྱི་རྩ་བའི་འགན་སྲུང་ངེས་པར་དུ་རྒྱུན་འཁྱོངས་བྱས་ནས“གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་། “འདུ་ཤེས་བཞི”ཇེ་དྲག་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོབ་གཉིས”ལེགས་པོར་སྒྲུབ་ཐུབ་པ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཏང་གིས་ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་སོ་སོའི་འགོ་ཁྲིད་སྲོག་ཤིང་ལ་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་མང་པོར་དངོས་འབེབ་བྱེད་པ་དང་། འབད་འབུངས་ཡར་བརྩོན་གྱི་བརྗིད་ཆེའི་སྟོབས་ཤུགས་གཅིག་སྒྲིལ་དང་དྲག་ཏུ་འཕྱུར་བཞིན་པའི་སྒུལ་ཤུགས་ལ་སྐུལ་སློང་བྱས།
དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩ་ནི་ཏང་ལ་ཐུག་པ་དང་། འགག་རྩ་ནི་ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་མོས་སྐྱོང་རྒྱུ་རྒྱུན་འཁྱོངས་བྱ་རྒྱུར་ཐུག་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ཕྱོགས་ཡོངས་ནས་ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཕྱོགས་སོགས་དངོས་འབེབ་བྱས་ཏེ། རང་འགུལ་གྱི་སྒོ་ནས་ཀླད་པར་དྲག་ཆས་སྤྲས་བ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་བཏང་བ་དེས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བྱས་པ་དང་། ཏང་ལ་དོ་དམ་ནན་མོ་དང་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ་གཞུང་ངོས་ཀྱི་གཏིང་ཚད་ལ་སྐུལ་འདེད་བཏང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་རིམ་པ་ཁག་གི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ཀྱི་ནུས་པ་མངོན་གསལ་གྱིས་ཇེ་ཆེར་སོང་ཞིང་། ཏང་གི་སྲིད་སྐྱོང་རྨང་གཞི་སྔར་ལས་བརྟན་པ། མི་དམངས་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། ཏང་སྲོལ་དང་། སྲིད་སྲོལ། དམངས་སྲོལ་བཅས་ཀྱི་སྤྱི་ཚོགས་གོམས་སྲོལ་བཟང་པོ་དར་སྤེལ་དང་། སྤྱོད་བཟང་ལྡན་པ། སྲོལ་བཟང་སྤྱོད་གཙང་གི་ཆབ་སྲིད་སྐྱེ་ཁམས་སྔར་ལས་སྲ་བརྟན་དུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཇི་མ་ཇི་བཞིན་དུ་དངོས་འབེབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དེ་མཚོ་སྔོན་ནས་མཐའ་གཅིག་ཏུ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས།
འདས་ཟིན་པ་ཐམས་ཅད་སྔོན་འགྲོ་ཡིན། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་དུང་བརྡ་བསྒྲགས་པས། ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་སྟེང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་འགུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དད་མོས་བརྟན་པོ་བྱེད་མཁན་དང་རྣམ་དག་གི་ལག་ལེན་པ་བྱེད་མཁན་ཞིག་ཏུ་འགྱུར་དགོས་པ་དང་། སྟོང་བཤད་ཀྱིས་རྒྱལ་ཁབ་རྒུད་པ་དང་དངོས་སྒྲུབ་ཀྱིས་རྒྱལ་ཁབ་དར་བ་ཡིད་ལ་དམ་པོར་བཟུང་སྟེ། མི་དམངས་ལ་འགན་འཁུར་བའི་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ།བླ་མེད་ཀྱི་བསམ་བློའི་གོ་རྟོགས་འཚོལ་བསྙེགས་བྱེད་པ།ལས་འགན་ཆེན་པོ་ཕྲག་ཏུ་འཁུར་ནུས་པ་ཇེ་དྲག་ཏུ་གཏང་ཏེ།གསར་གཏོད་བརྩོན་ལེན་དང་ནམ་ཡང་སྒྱིད་ལུག་མི་བྱེད་པའི་འབད་འཐབ་སྙིང་སྟོབས། སྐར་ཆ་བརྩོན་ལེན་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་དཔའ་ངར་ཉམས་འགྱུར། སོང་ན་རྐང་རྗེས་ཡོད་ཅིང་སྒྲུབ་ན་འབྲས་བུ་སྨིན་པའི་བྱ་བའི་སྤྱོད་སྟངས་ལེགས་པོ་འཛུགས་དགོས། སྐྱོད་ལམ་གསར་བར་ཧུར་ཐག་གིས་ཞུགས་ཏེ་དུས་རབས་གསར་བར་བྱས་རྗེས་སྐྲུན་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་མུ་མཐུད་དུ་མགྱོགས་མྱུར་ངང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་དགོས། ང་ཚོས་སྔར་ལས་ལྷག་པར་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་ཞིང་། སྟོབས་ཤུགས་ཆེར་བསྐྱེད་དང་སྤོབས་པས་མདུན་སྐྱོད་བྱ་དགོས་ལ། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་འཚོག་པར་བསུ་མ་བྱེད་དགོས།
ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།