གྲོང་ཁྱེར་ནི་ཁྱིམ་ཚང་ཞིག་དང་མཚུངས། ཁྱིམ་ཚང་ཞིག་གི་སྐྱིད་སྣང་ནི་གཙང་དག་དང་མཛེས་སྡུག ཡ་རབས། དྲོད་ཚད་བཅས་ལས་བྱུང་ལ། གྲོང་ཁྱེར་ཞིག་གི་སྐྱིད་སྣང་ཡང་གཙང་དག་དང་མཛེས་སྡུག ཡ་རབས། དྲོད་ཚད་བཅས་ལས་བྱུང་བ་ཡིན།
ཉེ་བའི་ལོ་འགའི་རིང་ལ། རྨ་ཆེན་རྫོང་གིས་གྲོང་ཁྱེར་དོ་དམ་བྱ་བར་ཤུགས་སྣོན་པ་དེ་གྲོང་ཁྱེར་སྡོད་དམངས་ཀྱི་ཁོར་ཡུག་ལེགས་བཅོས་དང་གྲོང་ཁྱེར་གྱི་སྣང་བརྙན་རྒྱུ་སྤུས་མཐོར་འདེགས་གཏོང་བའི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས། མི་དམངས་ཀྱི་ཆེད་དུ་གྲོང་ཁྱེར་ལ་དོ་དམ་བྱེད་པའི་འདུ་ཤེས་ཧུར་ཐག་གིས་ལག་བསྟར་བྱེད་པ་དང་། ཚན་རིག་ཅན་དང་ཞིབ་ཕྲ་ཅན། ལམ་ལུགས་ཅན་བཅས་དམིགས་འབེན་དུ་བཟུང་ནས། གྲོང་ཁྱེར་ལ་དོ་དམ་བྱས་པ་བརྒྱུད། རྨ་ཆེན་རྫོང་མཁར་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་ལྟ་ན་སྡུག་ལ་ག་ས་གང་དུ་ཡིད་དུ་འོང་བའི་རྣམ་པ་ཞིག་མངོན་ཏེ། མཛེས་སྡུག་ལྡན་པའི་མི་སྡོད་ཁོར་ཡུག་ཅིག་གྲུབ་ཡོད།
རྒྱུན་མཐུད་སྒོས་བཅོས་སྐྱོང་བྱས་པས། སྣང་བརྙན་དང་རྒྱུ་སྤུས་གཉིས་ཀ་མཐོར་འདེགས་བྱུང་།
“བཅོས་བསྒྱུར་བྱས་པ་བརྒྱུད། ང་ཚོའི་ཁོར་ཡུག་འདིར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། སྔར་བས་མཛེས་སྡུག་ལྡན་པའི་མཁར་གྲོང་གསར་པ་དང་དོ་མཉམ་བྱུང་ཡོད། དུས་རྒྱུན་ང་ཚོ་གནས་འདིར་ཡོང་ནས་ལུས་ཕུང་སྦྱོང་བརྡར་དང་ཁ་བརྡ་བྱས་ཆོག་པས། སེམས་པ་ཧ་ཅང་སྐྱིད།”སྒྲིག་འགལ་བཟོ་སྐྲུན་རྣམས་བཤིག་གཏོར་བྱས་ནས་སྤང་ལྗོངས་དང་རླངས་འཁོར་འཇོག་ས་གསར་སྐྲུན་བྱས་པ་མཐོང་བའི་མོད་ལ། མཁར་གྲོང་དུ་སྡོད་པའི་སྡོད་དམངས་རྣམས་ཀྱིས་དེ་ལྟར་གཟེངས་བསྟོད་བྱེད་ཀྱིན་འདུག
གྲོང་ཁྱེར་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་གྲོང་ཁྱེར་གྱི་སྣང་བརྙན་རྒྱུ་སྤུས་མཐོར་འདེགས་གཏོང་བ་རྒྱུན་འཁྱོངས་བྱེད་རྒྱུ་ནི་གཞི་འཛིན་ས་བྱས་ཏེ། ཤུགས་ཆེན་པོས་གྲོང་ཁྱེར་གྱི་རྒྱུ་སྤུས་མཐོར་འདེགས་གཏོང་བའི་ཆེད་དམིགས་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། ནུས་ཤུགས་གང་ཡོད་ཀྱིས་མཁར་གྲོང་རྙིང་བ་བཅོས་བསྒྱུར་བྱེད་པའི་ཆེད་དམིགས་བཅོས་སྐྱོང་འགུལ་སྐྱོད་སྤེལ་མགོ་རྩོམ་པ། མཁར་གྲོང་གཙོ་བོའི་གཞུང་ལམ་གཙོ་བོ་དང་ཕལ་བའི་རྒྱུ་སྤུས་མཐོར་འདེགས་གཏོང་བར་བརྟན་བརླིང་ངང་སྐུལ་སྤེལ་བྱེད་པ། སྒོ་བྱང་གཅིག་གྱུར་གྱིས་ཚད་ལྡན་དུ་གཏོང་བ། བཟོ་སྐྲུན་ལངས་ངོས་ཚད་ལྡན་དང་བཅོས་སྐྱོང་བྱེད་པ། སྒྲིག་འགལ་བཟོ་སྐྲུན་དང་གྱང་ཆག་སོགས་བཤིག་པར་མ་ཟད། བཤིག་ཤུལ་གྱི་ས་སྟོང་ཡོངས་སུ་རླངས་འཁོར་འཇོག་ས་སོགས་བསྐྲུན་ཞིང་། གྲོང་ཁྱེར་གྱི་སྣང་བརྙན་དང་རྒྱུ་སྤུས་གཉིས་མཐོར་འདེགས་བྱུང་།
ནུས་ཤུགས་ཡོད་རྒུས་ཁོངས་ཡོངས་སུ་གད་སྙིགས་མེད་པར་བྱས་ཏེ། མཁར་གྲོང་གི་ཁོར་ཡུག་མཛེས་པར་བྱས་པ།
མཁར་གྲོང་དུ་ཉིན་གང་བོར་ཆུ་གཏོར་རྡུལ་ནོན་གྱི་ལས་ཀ་ལས་པ་དང་། སྙིགས་སྒམ་དང་སྤྱི་སྤྱོད་རླངས་འཁོར་འབབ་ཚིགས་སོགས་སྤྱི་པའི་སྒྲིག་ཆས་ལ་ཉིན་གང་བོར་གཙང་དག་བྱས་ནས། འཕྲུལ་ཆས་ཅན་གྱི་གད་སྙིགས་གཙང་ཕྱགས་བྱས་ཚད90%ཡན་ལ་སླེབས་ཏེ། མཁར་གྲོང་ཡོངས་སུ་འཕྲུལ་ཆས་ཅན་གྱི་གཙང་ཕྱགས་བྱེད་ཚད་གཞི་རྩའི་ཆ་ནས90%མངོན་འགྱུར་བྱུང་། ས་གནས་ཀྱི་དངོས་ཡོད་ལ་ཟུང་འབྲེལ་བྱས་ཏེ། བྱ་བའི་དམིགས་འབེན་ལུགས་མཐུན་སྒོས་གཏན་འཁེལ་བྱས་པ་དང་། སྔོན་དཀའ་རྗེས་སླ་དང་དཔེ་སྟོན་སྔོན་སྐྱོད། རིམ་བགོས་སྐུལ་སྤེལ་གྱི་རྩ་དོན་ལྟར། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཁྲེགས་གཏོར་དཀའ་སེལ་བྱས། གཙང་སྤྲ་མི་བཟང་བའི་སྡོད་དམངས་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱེད་པ་དེ་གཙོ་གནད་དུ་བཟུང་ནས་སྐུལ་སྤེལ་བྱེད་པ་དང་། དོ་དམ་མི་ལེགས་པ་དང་ཁོར་ཡུག་འཕྲོད་བསྟེན་བཙོག་ཟིང་ཞན་གསུམ་ཡིན་པ། གད་སྙིགས་བཙོག་ཆུ་བཅས་ལ་ནུས་ལྡན་གྱིས་བཅོས་སྐྱོང་བྱེད་མ་ཐུབ་པ་སོགས་ཀྱི་གནད་དོན་གཙོ་བོར་དམིགས་ནས། ཁོར་ཡུག་བཅོས་སྐྱོང་རྒྱུན་ཆད་མེད་པར་ཞིབ་ཕྲ་ཅན་དང་ཚན་རིག་ཅན། རྒྱུན་རྣམ་ཅན། ལམ་ལུགས་ཅན་དུ་སྐུལ་འདེད་བྱས་པས། མཁར་གྲོང་ཡོངས་ཀྱི་རྣམ་པ་སྤྱིའི་ཆ་ནས་མཐོར་འདེགས་བྱུང་།
ནུས་ཤུགས་གང་ཡོད་ཀྱིས་མཁར་གྲོང་སྡོད་དམངས་ཀྱིས་ཆེས་སེམས་ཁྲལ་བྱེད་ས་དང་ཆེས་ཐད་ཀར་དང་ཆེས་དོན་དངོས་ཡིན་པ། ཆེས་ཤུགས་རྐྱེན་ཆེ་བའི་བདེ་རྩའི་ཁེ་ཕན་གྱི་གནད་དོན་ནས་མགོ་བརྩམས་ཏེ། མཁར་གྲོང་གི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ནས་དྲོད་ཆུ་རླངས་འདོན་སོགས་ཀྱི་སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བ། ཞབས་ཞུའི་ཁྲོད་དུ་དོ་དམ་ལ་ཤུགས་སྣོན་པ་ཏན་ཏིག་གིས་སྒྲུབ་པ། མཁར་གྲོང་གི་རླངས་འདོན་སྔར་བས་གཙང་དག་དང་བརྟན་བརླིང་ཡོང་བ། མཁར་གྲོང་དྲོད་འདོན་གྱི་རྒྱ་ཁྱོན་བརྟན་བརླིང་ངང་འཕེལ་བ་བཅས་བྱས་ཏེ། དྲོད་འདོན་ནུས་པ་དང་ཞབས་ཞུ་ཇེ་ལེགས་སུ་གཏོང་བར་སྐུལ་འདེད་བྱས། མཁར་གྲོང་གི་བཙོག་ཆུའི་གད་སྙིགས་གཙང་སེལ་བྱེད་པ་གོ་རིམ་ལྡན་པའི་ངང་སྤེལ་ཏེ། མཁར་གྲོང་གི་བཙོག་ཆུ་གཙང་སེལ་དེ་གཞི་རྩའི་ཆ་ནས་ཡོངས་སུ་སྡུད་སྒྲུག་དང་གཙང་སེལ་བྱེད་པ་ཕལ་ཆེར་མངོན་འགྱུར་བྱུང་ཞིང་། སྡུད་སྒྲུག་བྱས་ཚད95%ཡན་ལ་སླེབས་པ་དང་། འཚོ་བའི་གད་སྙིགས་གཙང་སེལ་བྱས་ཚད95%ཡན་ལ་སླེབས།
གྲོང་ཁྱེར་གྱི་ཁོར་ཡུག་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས་ཏེ། མཁར་གྲོང་རྣམ་པའི་སྒྲིག་རིམ་དང་གཙང་ཕྱགས་གཙང་སྲུང་བྱེད་པ། ཁོར་སྲུང་སྒྲིག་ཆས་བཅས་ལ་སྔར་ལས་ཤུགས་བསྣན་པ་དང་། མཁར་གྲོང་ཁུལ་དུ་ཤོག་སྦག་རྒྱག་པ་ཁྱོན་ཡོངས་ནས་གཏན་འགོག་བྱས་ཏེ། རྫོང་ཡོངས་ཀྱི་མཁར་གྲོང་དུ་འབར་འགོག་བྱ་བ་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་། མཁར་གྲོང་དུ་རླངས་འཁོར་རྙིང་བ་ཐམས་ཅད་ཡོངས་སུ་དོར་ནས། ས་སྙིགས་རླངས་འཁོར་གྱི་རིག་ནུས་ལྟ་སྐུལ་དོ་དམ་སྟེགས་བུ་བསྐྲུན་ཏེ་འཁོར་སྐྱོད་བྱས་པར་མ་ཟད། གསར་སྐྲུན་ལེགས་འགྲུབ་བྱུང་ནས་ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་མཁར་གསར་སྐྲུན་བྱེད་པར་རྨང་གཞི་བརྟན་པོར་བཏང་།
དཀའ་ངལ་སེལ་བའི་བློ་སྤོབས་ཆེར་བསྐྱེད་ཀྱིས། ཕུགས་འདུན་མངོན་འགྱུར་བྱེད་པའི་དུས་ལ་འགྲན། བརྒྱ་ལོ་གཉིས་ཀྱི་ལོ་རྒྱུས་བསྣོལ་མཚམས་སུ་འགྲེངས་ཏེ། རྨ་ཆེན་རྫོང་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དོན་འཁྱོལ་བྱེད་པ་དང་། གོམས་འགྲོས་བརྟན་པོའི་ངང་མུ་མཐུད་དུ་མདུན་དུ་སྤོ་བ། དཀའ་སྤྱད་འབད་བརྩོན་དང་འབད་པ་ལྷུར་ལེན་བྱེད་པ། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ་བཅས་བྱས་ཏེ། ནུས་ཤུགས་གང་ཡོད་ཀྱིས་དེང་རབས་ཅན་གྱི་རྨ་ཆེན་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་གསར་པ་འབུལ་བཞིན་འདུག
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།