ཞིན་ཧེ་རྫོང་གིས་ཐབས་ལམ་སྣ་ཚོགས་སྤྱད་དེ་གྲོང་གསེབ་དར་སྤེལ་བྱ་བར་ཕན་འབྲས་བཟང་བོ་ཐོན་པར་བྱས།
ད་ལོ་ནས་བཟུང་། ཞིན་ཧེ་རྫོང་གིས་དབུལ་ཐར་མཁྲེག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་འོས་འགན་དང་པོར་བརྩིས་པ་དང་། འཆར་འགོད་གང་ལེགས་དང་ཐབས་ལམ་སྣ་ཚོགས་ཀྱིས་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་སྤེལ་བྱ་བར་ཕན་འབྲས་བཟང་བོ་ཐོབ།
ལམ་ལུགས་དང་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ་གྲོང་གསེབ་དར་སྤེལ་གཏོང་བའི་འཆར་གཞི་གསར་པ་ལེགས་པོར་བཀོད།
རྩ་འཛུགས་ཀྱི་མགོ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དུས་ཐོག་ཏུ་གྲོང་གསེབ་དར་སྤེལ་གཏོང་བའི་མགོ་ཁྲིད་ཚན་ཆུང་ལེགས་སྒྲིག་བྱས་ཏེ་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་དང་། མ་དངུལ་གྱི་རྒྱབ་སྐྱོར། རོགས་སྐྱོར་སྟོབས་ཤུགས་བཅས་ལྟོས་བཅས་ཀྱིས་བརྟན་བརླིང་ཡིན་པ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག སྔ་རྗེས་སུ་ཆེད་དོན་གྲོས་ཚོགས་ཐེངས་ལྔ་ཚོགས་པ་དང་། གྲོང་གསེབ་དར་སྤེལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས་ཏེ་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལམ་ཕྱོགས་དང་ཐབས་ལམ་སྔར་ལས་ཁ་གསལ་དུ་བཟོས་ནས་གྲོང་གསེབ་དར་སྤེལ་གྱི་བྱ་བའི་ཇུས་གཞི་ཞིབ་ཕྲ་བྲིས། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ《2022ལོའི་ཞིན་ཧེ་རྫོང་གིས་དབུལ་ཐར་མཁྲེག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་སྤེལ་གྱི་ལས་གཞིའི་ཡིག་ཐོག་སྙན་ཞུ་འབུལ་རྒྱུའི་སྐོར་གྱི་བརྡ་ཐོ་གལ་ཆེན》བཟོས་ཤིང་བཀྲམ་པ་དང་། ལས་གཞིའི་མཛོད་འཛུགས་སྐྲུན་དང་འགུལ་རྣམ་ལེགས་སྒྲིག་བྱས་པ་དང་གྲབས་གསོག་ལས་གཞི་དོན་བརྒྱད་ཡོད་པར་སྔོན་རྩིས་མ་དངུལ་སྒོར་མོ་དུང་ཕྱུར་བདུན་དང་བྱེ་བ་ལྔ་ས་ཡ་དྲུག་ཟིན་ཡོད། ལས་འགན་གཙོ་བོར་དམ་པོར་དམིགས་པ་དང་གཅིག་སྡུད་བརྟག་ཞིབ་བྱས་པར་བརྟེན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་སྐྱེད་སྲིང་དང་ཇེ་ཆེར་གཏོང་བ། གྲོང་གསེབ་དར་སྤེལ་གཏོང་བའི་ཚོད་ལྟའི་སྡེ་བ་འཛུགས་སྐྲུན་བྱེད་པ། རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་གསབ་པ་སོགས་ཀྱི་ཆ་རྐྱེན་དང་མཐུན་པའི་ལས་གཞི་བཅུ་དགུ་གཏན་འཁེལ་བྱས་ཤིང་། འབྲེལ་མཐུད་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་གཉིས་ས་ཡ་བརྒྱད་འབུམ་ལྔ་ཁྲི་དྲུག་སྟོང་དགུ་ཉིས་བརྒྱ་བཀོད་སྒྲིག་བྱས་ཏེ་འབྲེལ་མཐུད་བྱ་བར་མ་དངུལ་གྱི་ཐད་ནས་རྒྱབ་སྐྱོར་བྱས།
ལེགས་ལྡན་ཐོན་ནུས་གཙོ་བོར་བཟུང་སྟེ་ཐོན་ལས་དར་རྒྱས་ཀྱི་བརྗོད་དོན་གཙོ་བོ་གང་ལེགས་ཀྱིས་བྲིས།
སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུ་དེ་ཏང་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། 《ཞིན་ཧེ་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི 》བཟོས་པ་དང་། 《ཞིན་ཧེ་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཐིག་བརྒལ་བཟོ་སྐྲུན་ལག་བསྟར་ཇུས་གཞི》 《ཞིན་ཧེ་རྫོང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་བགོ་བཤའ་དོ་དམ་བྱ་ཐབས》སོགས་ཡིག་ཆ་རབ་དང་རིམ་པ་བཟོས་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་དང་ཚད་ལྡན་གྱིས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་ཆེད་ལམ་སྲོལ་གྱི་འགན་ལེན་མཁོ་འདོན་བྱས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། 《ཞིན་ཧེ་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་གྱི་ཆེད་དོན་འཆར་འགོད》བཟོ་འགོད་བྱས་ཤིང་། 《ཞིན་ཧེ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྔོན་སྐྱོད་དཔེ་སྟོན་ཁུལ་གཏོད་པའི་ལག་བསྟར་ཇུས་གཞི》དང《ཞིན་ཧེ་རྫོང་གི2022ལོར་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་བརྒྱད་ཀྱི་ལག་བསྟར་ཇུས་གཞི》བཟོས་པ་དང་། 《དཔལ་ཁ་གྲོང་རྡལ་བདེ་སྐྱིད་སྡེ་བའི་ས་མཐོའི་ཁྱད་ལྡན་དེང་རབས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ལས་གཞི་ལག་བསྟར་ཇུས་གཞི》དང་《སྡེ་བ་རིམ་པའི་འབྲི་གཡག་བསྡུ་རུབ་སྡེབ་སྐྱེལ་ལྟེ་གནས་ཀྱི་འབྲི་གཡག་ཉོ་སྒྲུབ་ལས་གཞི་ལག་བསྟར་ཇུས་གཞི》སོགས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་པའི་ཇུས་གཞི་སྣ་ཚོགས་བཟོས་ཏེ། རྫོང་ཁོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་ཞིང་གསུམ་འཕེལ་རྒྱས་འཁོར་རྒྱུག་བཟང་པོ་ཡོང་རྒྱུར་སྐུལ་འདེད་བཏང་།
དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་དབུལ་བོར་བསྐྱར་ལོག་ལྟ་ཞིབ་ཚད་ལེན་གྱི་འགག་སྒོ་དམ་པོར་བསྲུངས།
མི་བྱེད་པ་བཞི་ཡི་བླང་བྱ་དོན་འཁྱོལ་ནན་མོ་དང་། དབུལ་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབུལ་ཐར་བརྟན་པོ་མིན་པའི་ཁྱིམ་ཚང་དང་མཐའ་ཁུལ་གྱི་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་། གློ་བུར་དུ་བྱུང་བའི་དཀའ་ཁག་ཚབས་ཆེན་ཡོད་པའི་ཁྱིམ་ཚང་བཅས་ལ་ལྟ་ཞིབ་ཚད་ལེན་དང་གནད་ལ་འཁེལ་བའི་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཁྱིམ་ཚང་གཅིག་ཀྱང་མི་ལུས་པའི་རྩ་དོན་གཞིར་བཟུང་སྟེ་སྡེ་སྡོད་ཧྲུའུ་ཅི་དང་པོ་དང་སྡེ་བའི་ཨུ་ལྷན་གཉིས་ཀྱི་མི་སྣ་སྒྲིག་འཛུགས་བྱས་ཏེ། ཡུལ་ཚོ་དང་གྲོང་རྡལ་བདུན་གྱི་སྲིད་འཛིན་སྡེ་བ་ང་བདུན་དུ་སོང་སྟེ་དབུལ་བོར་བསྐྱར་ལོག་དང་དབུལ་བོར་འགྱུར་བའི་ཉེན་ཁ་ཡོད་མེད་ལ་བརྟག་ཞིབ་བྱས་ཤིང་། ནད་ཀྱི་དབང་གིས་དབུལ་པོར་གྱུར་པའི་ཁྱིམ་ཚང་བཞི་དང་མི་ཉེར་གསུམ་དབྱེ་འབྱེད་བྱས་པ་དང་ལྟ་ཞིབ་ཚད་ལེན་མ་ལག་ནང་བཅུག་སྟེ་གནད་འཁེལ་རོགས་སྐྱོར་བྱས་ནས་འགུལ་རྣམ་གྱི་ཉེན་ཁ་སེལ། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་དམིགས་ཏེ་དམངས་ཕན་སྲིད་ཇུས་སོ་སོ་དོན་འཁྱོལ་ནུས་ལྡན་བྱས་པ་དང་ཡིག་ཚགས་དང་བྱང་བུ་བཟོས་ཤིང་། དཀའ་ངལ་ཤིན་ཏུ་ཆེ་བའི་ཁྱིམ་ཚང་དང་དྭ་ཕྲུག རོགས་སྐྱོར་བྱ་ཡུལ་སོགས་ཀྱི་འགན་བཅོལ་དངུལ་ཚབ་འཇལ་བྱེད་རྒྱུ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆའི་བརྒྱ་དང་། སྨན་ཁང་དུ་བསྡད་ནས་རྩིས་ཞུ་བྱེད་པའི་བསྡུར་ཚད་བརྒྱ་ཆའི་དགུ་ཅུའི་ཡན་ཟིན་པ། རྫོང་ཡོངས་ཀྱི་དབུལ་ཐར་མི་གྲངས་ཁྲི་གཅིག་དང་ཉི་ཤུ་རྩ་དགུ་ཚང་མར་སྨན་བཅོས་འགན་བཅོལ་ཚབ་འཇལ་བྱས་པ་དང་འགན་བཅོལ་ནང་ཞུགས་ནས་ཚབ་འཇལ་བྱས་པའི་སྤྱིའི་དངུལ་འབོར་སྒོར་མོ་ས་ཡ་བཞི་དང་འབུམ་གསུམ་ཁྲི་བདུན་ལྷག་ཟིན་པ་དང་། གཅོང་ནད་དང་དམིགས་བསལ་ནད་རིགས་ཀྱི་འགྲོ་ལུགས་མི་གྲངས་དགུ་བརྒྱ་སོ་གསུམ་ལ་བསྒྲུབས། དེ་མིན་མང་ཚོགས་ཀྱི་སྡོད་ཁང་དང་སློབ་གསོ། སྨན་བཅོས། ཉེན་མེད་འཐུང་ཆུ། ཡོང་འབབ། ལས་ཞུགས། འཚོ་བའི་གནས་ཚུལ་སོགས་ཀྱི་འགྱུར་ལྡོག་གནས་ཚུལ་གཅིག་བསྡུས་ཀྱིས་རྩད་ཞིབ་བྱས་ཤིང་གནད་དོན་དང་དཀའ་ངལ་ཅི་ཡོད་དུས་ཐོག་ཏུ་ཐག་གཅོད་བྱས། མིག་སྔའི་བར་དུ་ཁྱིམ་ཚང་སྟོང་བརྒྱད་དང་བཞི་བརྒྱ་ལྔ་བཅུ་དང་མི་གྲངས་ཁྲི་གསུམ་དང་སྟོང་གཉིས་ལྔ་བརྒྱ་ཞེ་བཞི་ལ་གྲལ་བཤེར་ལེགས་གྲུབ་བྱས་ཏེ་གྲལ་བཤེར་བྱེད་ཚད་བརྒྱ་ཆའི་ང་བདུན་དང་གྲངས་ཆུང་བཅུ་བཞི་ཟིན།
མི་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ་སྐྱེ་ཁམས་གནས་སྡོད་དང་འཚམས་པའི་གྲོང་གསེབ་གསར་པ་བསྐྲུན།
ས་མཐོའི་སྐྱེ་ཁམས་གནས་སྡོད་དང་འཚམས་པའི་གྲོང་གསེབ་བསྐྲུན་རྒྱུ་དམིགས་འབེན་དུ་བཟུང་སྟེ་རྒྱུན་མཐུད་ངང་གྲོང་རྡལ་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་བྱ་བར་སྐུལ་འདེད་བཏང་སྟེ། ཞིན་ཧེ་རྫོང་གི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་རྣམ་པ་གཏོད་པར་དམིགས་ཏེ་འགན་འཁྲི་ཏན་ཏིག་འཁུར་བ་དང་སྡེ་ཚན་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་རྫོང་མཁར་དང་གཞུང་ལམ་གྱི་འགྲམ་རྒྱུད། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་བཅས་གཙོ་བོར་བཟུང་སྟེ། ས་ཁོངས་ཡོངས་ཀྱི་གད་སྙིགས་གཙང་སེལ་བྱ་བ་ལེགས་པོར་བསྒྲུབས་ནས་མི་སྡོད་ཁོར་ཡུག་ནུས་ལྡན་གྱིས་ཇེ་ལེགས་སུ་བཏང་། སྡེ་བའི་ཁོར་ཡུག་གཙང་སྦྲའི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཞིང་ཆེན་རིམ་པས་གཤམ་སྤྲོད་བྱས་པའི་གྲོང་གསེབ་ཀྱི་ཁྱིམ་ཚང་བརྒྱད་བརྒྱ་ལྔ་བཅུ་ཡི་སྤྱོད་ཁང་སྒྱུར་བཀོད་ཀྱི་འོས་འགན་འགྲུབ་པ་དང་གནད་དོན་ཡོད་པའི་སྤྱོད་ཁང་བརྒྱ་ལྷག་བཅོས་སྒྲིག་བྱས་ཏེ་སྡེ་བའི་ཁོར་ཡུག བཙོག་ཟིང་ཞན་གསུམ་གྱི་སྣང་ཚུལ་ལ་འགྱུར་ལྡོག་མངོན་གསལ་བཏང་། ལྗང་མདོག་ཅན་གྱི་ལས་གཞི་ལག་བསྟར་ཟབ་མོ་བྱེད་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་ལྗང་མདོག་ཅན་གྱི་ཚད་གཞི་གཏན་འཁེལ་བྱས་ཏེ་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་སྡོང་འཛུགས་ནགས་སྐྲུན་བྱེད་པ་དང་། རང་ས་གནས་དང་འཚམས་པའི་ཤིང་སྣ་འདེམས་པ། རིམ་པ་མང་པོའི་ལྗང་མདོག་ཅན་གྱི་རྣམ་པ་བཏོད་དེ་སྡོང་བོ་མེད་སར་སྡོང་བོ་ཁ་གསབ་འདེབས་འཛུགས་བྱས་ཤིང་སྔོ་ལྗང་ཅན་གྱི་ཕན་འབྲས་འགན་ལེན་བྱས། མིག་སྔའི་བར་དུ་གསོམ་སྡོང་དང་མདོ་ལའི་ཤུག་པ་སོགས་བསྡོམས་པས་སྡོང་རྐང་འབུམ་བཞི་དང་ཁྲི་དྲུག་སྟོང་ལྔ་བཙུགས་པ་དང་མུའུ་ཁྲི་གཅིག་དང་སྟོང་ལྔ་ཟིན། ཤུགས་ཆེན་པོས་ཡུལ་སྲོལ་དཔལ་ཡོན་ལག་བསྟར་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་རང་རྟོགས་ངང་སྡེ་ཁྲིམས་སྲོལ་ཡིག་དང་དགོན་སྲོལ་གྲྭ་ཆིངས། སྡེ་ཁུལ་གྱི་སྤྱི་ཆིངས་ལ་བརྩི་སྲུང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། སྟབས་བདེ་འོས་འཚམས་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་དང་། རྒྱས་སྤྲོས་རྒྱས་གཤོམ་དང་ཆུད་ཟོས་བསྡུར་རེས་སོགས་ལུགས་རྙིང་སྲོལ་ངན་ལ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ་བསམ་པའི་དབུལ་ཐར་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་།
སྡེ་སྡོད་དཔུང་ཁག་ལ་དོ་དམ་གང་ལེགས་བྱས་ཏེ་ལས་ཡུལ་དང་པོའི་གཙོ་ཤུགས་དམག་གི་སྟོབས་ཤུགས་ཆེ་རུ་བཏང་།
ཐོག་མཐའ་བར་གསུམ་དུ་ཏང་གིས་སྡེ་སྡོད་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་བྱ་བར་སྐུལ་འདེད་གཏོང་རྒྱུའི་ཕྱོགས་ཡོངས་སུ་ཁྱབ་པར་བྱས་པ་དང་། དུས་ཐོག་ཏུ་ཧྲུའུ་ཅི་དང་པོ་དང་བྱ་བའི་རུ་ཁག་གི་ཏང་རྩ་འཛུགས་ཀྱི་འབྲེལ་བ་དེ་སྡེ་སྡོད་བྱ་ཡུལ་ཀྱི་ཏང་ཀྲི་པུའུ་ལ་བརྒྱུད་སྤྲོད་བྱས་ཏེ། ཧུར་ཐག་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང ཚོགས་འདུ་གསུམ་དང་སློབ་ཚན་གཅིག གྲོས་མོལ་བཞི་དང་ཡོངས་བསྒྲགས་གཉིས་སོགས་ཀྱི་ཚོགས་འདུར་ཞུགས། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་མགོ་ཁྲིད་ཀྱི་ལེགས་ཆ། མང་ཚོགས་བྱ་བའི་ལེགས་ཆ་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་ཀྱི་ལེགས་ཆར་བསྒྱུར་ཏེ་བློ་བརྟན་འགྱུར་མེད་ངང་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་དམ་འཛིན་ནན་མོ་བྱས། རྫོང་དང་ཡུལ་ཚོ་དང་གྲོང་རྡལ་རིམ་པ་གཉིས་ཀྱི་ལས་སྒོའི་གསོ་སྦྱོང་ཐེངས་བརྒྱད་ལ་བྱས་པ་དང་མི་ཐེངས་སྟོང་བཞི་ལྷག་གསོ་སྦྱོང་དུ་ཞུགས་ཤིང་། གྲོང་གསེབ་དར་སྤེལ་གཏོང་བའི་གསོ་སྦྱོང་ཐེངས་གསུམ་སྤེལ་བ་དང་མི་ཐེངས་སུམ་བརྒྱ་ལྷག་གསོ་སྦྱོང་དུ་ཞུགས། ལས་གཞིར་སྐུལ་འདེད་གཏོང་བའི་གསོ་སྦྱོང་ཐེངས་བརྒྱད་དང་མི་ཐེངས་དྲུག་བརྒྱ་ལྷག་གསོ་སྦྱོང་དུ་ཞུགས། སེམས་གཏམ་བགྲོ་གླེང་བྱ་བར་མི་ཐེངས་སྟོང་གཅིག་དང་ཉིས་བརྒྱ་ལྷག་ཞུགས་ཏེ་ཐེངས་བརྒྱ་དང་དྲུག་ཅུ་ལྷག་ལ་སྲིད་ཇུས་སྣ་ཚོགས་སྒྲོག་འགྲེལ་བྱས་པས་སྡེ་སྡོད་བྱ་བའི་རུ་ཁག་གི་ལས་སྒོའི་བྱང་ཚད་དང་ནུས་པའི་ཆུ་ཚད་ནུས་ལྡན་གྱིས་ཇེ་མཐོར་སོང་།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།