ཏང་གི་གསུང་སྐད་རྩྭ་ཐང་ཡོངས་ལ་ཁྱབ།
2022.06.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་དེ་རྟ་མཆོག་གི་རྨིག་སྒྲ་དང་འགྲོགས་ནས་ལམ་དུ་ཆས་མགོ་བརྩམས།

བཀྲག་མདངས་འཚེར་བའི་ཏང་དར་དམར་པོ་ཡངས་པའི་རྩྭ་ཐང་གི་ཕང་བ་རུ་ལྷབ་ལྷུབ་ཏུ་སྐྱོད་བཞིན་དུས་ཚོད་གཅིག་ཙམ་གྱི་ལམ་ཐག་བརྒྱུད་རྗེས། རྟ་ཐོག་སྒྲོག་འགྲེལ་རུ་ཁག་དེ་གཞི་ནས་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་ཀུན་ཐར་ཚེ་རིང་ཚང་ལ་ཐོན། ཀུན་ཐར་ཚེ་རིང་གིས་དགའ་བའི་འཛུམ་གྱིས་སྒྲོག་འགྲེལ་རུ་ཁག་གི་རུ་མི་རྣམས་ཁོའི་ཁྱིམ་དུ་བསུས་ནས་འོ་ཇ་དྲངས།

ཕྱི་རུ་རྩྭ་འཇམ་མེ་ཏོག་ལྗང་ཞིང་ནེམ་ལ་ནང་དུ་འོ་མའི་ངད་ཁ་ཕྱོགས་སུ་ལྡང་། སྐབས་དེར་ཁོ་ཚོས་མཉམ་གཅིག་ཏུ་ད་ལྟའི་འཚོ་བའི་འགྱུར་ལྡོག་དང་རང་རང་གི་མྱོང་ཚོར་སྐོར་ཁ་བརྡ་བྱེད་བཞིན་འདུག་པ་དང་། དྲིལ་སྒྲོག་རུ་མི་རྣམས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་དང་སྡེ་བའི་ནང་གི་དོན་དངོས་གནས་ཚུལ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱིས་གོ་བདེ་བ་དང་ཉན་སྤྲོ་བའི་བྱེད་ཐབས་སྤྱད་དེ་ཏང་གི་སྲིད་ཇུས་དང་འབྲོག་ཁུལ་གྱི་འཕེལ་རྒྱས་འཆར་གཞི་རྒྱས་བཤད་བྱས།

ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་ཁྲོད་དུ་དམངས་འཚོའི་བདེ་སྐྱིད་མུ་མཐུད་དུ་ཆེ་རུ་གཏང་དགོས་ཞེས་བཏོན་འདུག  ངས་སྐབས་འདིར་གནས་ཚུལ་ཞིག་གླེང་བར་འདོད་པ་ནི། ཟླ་གཉིས་ཀྱི་ཡར་སྔོན་དུ་ངའི་བུ་ཆུང་རྟ་ལས་ལྷུང་བས་རྨས་སྐྱོན་བྱུང་སྟེ་སྨན་ཁང་དུ་བསྡད། ཡིན་ནའང་ད་ལྟའི་བར་དུ་སྨན་བཅོས་འགྲོ་སོང་རྩིས་ཞུ་བྱེད་ཐུབ་མེད་པར་མ་ཟད། ད་དུང་གང་ཞིག་ཏུ་སོང་ནས་སྨན་བཅོས་འགྲོ་སོང་རྩིས་ཞུ་བྱེད་དགོས་པའང་ཤེས་ཀྱི་མི་འདུག་ཅེས་ཀུན་ཐར་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

ཀུན་ཐར་ཚེ་རིང་གིས་གླེང་བའི་གནས་ཚུལ་དེའི་སྐོར་ལ་རྟ་ཐོག་སྒྲོག་འགྲེལ་རུ་ཁག་དེའི་རུ་མི་འམ་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་འོད་སྲུང་རྒྱལ་གྱིས་བཤད་རྒྱུར། ད་ལྟ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་བཅོས་བསྒྱུར་བྱས་ཡོད་པས། ང་ཚོ་མང་ཚོགས་རྣམས་ཀྱིས་སྨན་པར་བསྟན་པའི་འགྲོ་གྲོན་དེ་སྨན་ཁང་གི་སྨན་རིན་སྤྲོད་སའི་སྒེའུ་ཁུང་ནས་འགྲོ་གྲོན་རྩིས་ཞུ་བྱས་ཆོག  དེ་ལས་གཞན་སྨན་ཁང་དུ་རྩིས་ཞུ་བྱེད་མི་ཐུབ་པའི་སྐོར་ཡོད་ཚེ་སྨན་ཁང་དུ་བསྡད་པའི་དཔང་ཡིག་དང་ཐོབ་ཐང་ལག་ཁྱེར་བཟུང་ནས་གྲོང་རྡལ་གྱི་ལས་སྒྲུབ་ཚོམས་ཁང་གི་སྨན་བཅོས་རྩིས་ཞུའི་སྒེའུ་ཁུང་ཁར་སོང་ནས་རྩིས་ཞུ་བྱས་ཆོག་པ་རེད། གལ་སྲིད་ཁྱོད་ལ་དོན་དག་དེའི་སྐོར་ནས་དཀའ་ཁག་ཅི་ཞིག་ཡོད་ན་ག་དུས་ཡིན་ཡང་ང་ཚོ་སྒྲོག་འགྲེལ་རུ་ཁག་ལ་འབྲེལ་བ་བྱོས་ཞེས་བཤད།

འོད་སྲུང་རྒྱལ་གྱིས་དེ་ལྟར་ཕྱོགས་གཅིག་ནས་བཤད་ཞོར་དང་ཕྱོགས་གཅིག་ནས་ཤོག་བུ་ཞིག་བླངས་ནས་རང་གི་ཁ་པར་ཨང་གྲངས་བྲིས་ནས་ཀུན་ཐར་ཚེ་རིང་གི་ལག་ཏུ་བཞག ཀུན་ཐར་ཚེ་རིང་གིས་ཁོའི་ལག་པ་དམ་པོར་བཟུང་སྟེ་སེམས་འགུལ་ཐེབས་པའི་སྒོ་ནས།  བཀའ་དྲིན་ཆེ། ངས་ཁ་པར་བཀོལ་སྤྱོད་བྱེད་མི་ཤེས་མོད་ངའི་བུ་ཆུང་གིས་བཀོལ་སྤྱོད་བྱེད་ཤེས། རྗེས་ཕྱོགས་སུ་ང་ལ་དཀའ་ཁག་ཅི་ཞིག་ཡོད་ན་ཁྱོད་རང་ལ་ཁ་པར་གཏང་ཞེས་བཤད།

དེ་ལྟར་ཕན་ཚུན་བར་ཁ་བརྡ་ཅུང་ཙམ་བྱས་པའི་བརྒྱུད་རིམ་ཁྲོད་ཀུན་ཐར་ཚེ་རིང་གི་སེམས་ཀྱི་ཐེ་ཚོམ་དེ་གཞི་ནས་མེད་པར་གྱུར།   སྒྲོག་འགྲེལ་རུ་ཁག་ཀུན་ཐར་ཚེ་རིང་ཚང་ནས་ལམ་ལ་ཆས་གྲབས་བྱེད་པའི་སྐབས་སུ། ཀུན་ཐར་ཚེ་རིང་གིས་འོད་སྲུང་རྒྱལ་གྱི་ལག་པར་འཇུས་ནས་བཤད་རྒྱུར། ཁྱོད་ཚོ་སྒྲོག་འགྲེལ་རུ་ཁག་ཡོང་རྗེས་སུ་ང་ཚོས་དུས་ཐོག་ཏུ་ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་ཤིག་ཤེས་རྟོགས་བྱུང་སོང་།  སྤྱིར་ན་ང་ཚོ་རྒྱང་ཐག་རིང་བའི་རི་གྲོང་དུ་གནས་ཡོད་ནའང་ཏང་གི་ཐུགས་ཁུར་དེ་དུས་ནམ་ཡང་ང་ཚོ་དང་འབྲལ་མེད་དུ་ཡོད་པས་ང་ཚོས་ནམ་ཡང་ཏང་གི་བཀའ་དྲིན་དྲན་བཞིན་ཡོད་པ་དང་། དེ་ལས་ཀྱང་བདེ་སྐྱིད་ལྡན་པའི་ད་ལྟའི་འཚོ་བ་འདི་ལ་གཅེས་སྤྲས་བྱེད་དགོས་ཟེར།

ངལ་གསོ་ཅུང་ཙམ་ལས་བྱེད་ལོང་མེད་པར་སྒྲོག་འགྲེལ་རུ་ཁག་གི་རུ་མི་རྣམས་རང་རང་གི་རྟ་ལ་ཞོན་ནས་འབྲོག་ཁྱིམ་གཞན་ཞིག་ཏུ་བུད་སོང་།

རྒྱུས་ལོན་བྱུང་བ་ལྟར་ན། སྒྲོག་འགྲེལ་བྱ་འགུལ་མགོ་བརྩམས་པ་ནས་བཟུང་། རྐང་ཚ་རྫོང་གི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་གིས་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱས་ནས་དམངས་ལ་དོན་དངོས་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། དུས་སྐབས་དང་པོའི་ནང་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སོང་སྟེ་གོ་བདེ་བའི་མི་དམངས་མང་ཚོགས་ཀྱི་སྐད་ཆར་བརྟེན་ནས། ཏང་གི་དམངས་ཕན་སྲིད་ཇུས་བཟང་བོ་མི་དམངས་མང་ཚོགས་ཀྱི་ཁྲོད་དུ་སྒྲོག་འགྲེལ་ཡག་པོ་བྱས་པ་དང་། མི་དམངས་མང་ཚོགས་ཀྱི་བསམ་ཚུལ་རེ་རེ་ཟིན་བྲིས་སུ་བཀོད་དེ་གོང་རིམ་ཏང་ཨུ་དང་སྲིད་གཞུང་ལ་ཡར་ཞུ་བྱས་ཏེ་མི་དམངས་མང་ཚོགས་ལ་ཕན་ཐོགས་ངོ་མ་དེ་གང་ནས་བྱུང་བའི་གནས་ཚུལ་ཤེས་རྟོགས་བྱུང་དུ་བཅུག

ཟླ་དྲུག་པའི་གཡུ་གཞོང་རྐང་ཚའི་རྩྭ་ཐང་གི་ཕང་བ་རུ་བཀྲག་མདངས་འཚེར་བའི་དར་ཆ་དམར་པོ་ཞིག་ལྷབ་ལྷུབ་ཏུ་སྐྱོད་བཞིན་འདུག་ཅིང་དེ་ནི་རྟ་ཐོག་སྒྲོག་འགྲེལ་རུ་ཁག་རེད། ཁོ་ཚོ་མཐའ་ཡས་པའི་རྩྭ་ཐང་གི་གྲུ་ག་རེ་རེར་སོང་སྟེ།  ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དེ་གོ་བདེ་ཞིང་ཡང་དག་པའི་སྒོ་ནས་འབྲོག་ཁྱིམ་རེ་རེ་ལ་སྒྲོག་འགྲེལ་བྱེད་བཞིན་འདུག

                                                                             ཡིག་སྒྱུར་བ། གཡང་འབུམ་རྒྱལ།