བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས།
2022.06.16 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང་ནན་གྱིས་བསྟན་དོན། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་ནན་ཏན་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བཅས་ཁྲིད་ཕྱོགས་སུ་འཛིན་པ། སྤྱི་ཚོགས་བཅོས་སྐྱོང་གི་ཆགས་སྟངས་གསར་པ་འཛུགས་པ། རྒྱལ་ཁབ་བདེ་འཇགས་འཐབ་ཇུས་ཀྱི་གནད་སའི་བྱེད་ནུས་ཤུགས་ཡོད་རྒུས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་སྔར་བས་བདེ་འཇགས་དང་སྤྱི་ཚོགས་སྔར་བས་བརྟན་བརླིང་། མི་དམངས་སྔར་བས་འཆམ་མཐུན་བཅས་ཡོང་བར་ཁག་ཐེག་ནན་མོ་བྱེད་དགོས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་དང་། 2021ལོའི་ཟླ6པར་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གསུང་དོན། “སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་དགོས་ལ། སྤྱི་པའི་བདེ་འཇགས་བྲེལ་བསྟུན་དང་ལེན་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་བ་བཅས་བྱས་ཏེ། རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་ཁག་ཐེག་བྱེད་དགོས།”“འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ་བཅས་བྱས་པས། མཚོ་སྔོན་གྱི་སྐྱེ་ཁམས་བདེ་འཇགས་གོ་གནས་དང་། རྒྱལ་ཁོངས་བདེ་འཇགས་གོ་གནས། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་གོ་གནས་སྔར་ལས་གལ་ཆེན་དུ་གྱུར།”མངགས་བཅོལ་ནན་མོ་འདིས། ང་ཚོས་མཚོ་སྔོན་བདེ་འཇགས་དང་རྒྱལ་ཁབ་བདེ་འཇགས་ཀྱི་སྤྱི་ཡོངས་འདུ་ཤེས་བརྟན་པོར་འཛུགས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་བས་ལེགས་པོ་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་ཡོད།

ལོ་ལྔའི་རིང་ལ། ང་ཚོས་མཉམ་སྐྲུན་མཉམ་བཅོས་མཉམ་རོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། སྤྱི་ཚོགས་བཅོས་སྐྱོང་ཆུ་ཚད་གསར་པ་ཞིག་ཏུ་སླེབས། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་། ཁྲིམས་ལུགས་ལག་བསྟར་ནན་མོ་བྱེད་པ། ཁྲིམས་འཛིན་དྲང་གཞག་ཡོང་བ། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བས། ཁྲིམས་སྐྱོང་མཚོ་སྔོན་དང་། བདེ་འཇགས་མཚོ་སྔོན་སྐྲུན་པའི་ཐད་ནས་སྐས་རིམ་གསར་པར་སྤོས། སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་ནུས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་གསར་པ་འཚོལ་ཞིབ་དང་ལག་བསྟར་བྱས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱས་ཤིང་། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ལ། དུས་རབས་གསར་པའི་དགོས་མཁོ་དང་འཚམ་པའི་སྡེ་སྲོལ་དམངས་ཆིངས་སོགས་གཞི་རིམ་བཅོས་སྐྱོང་གི་ནང་རྐྱེན་གསར་པ་གྲུབ་སྟེ། གྲོང་ཁྱེར་བཅོས་སྐྱོང་སྔར་ལས་ཞིབ་ཚགས་དང་། ཞིང་སྡེ་བཅོས་སྐྱོང་སྔར་ལས་སྤུས་ལེགས། སྔར་ལས་ཧུར་ཐག་གིས་འབྲོག་ཁུལ་བཅོས་སྐྱོང་བྱས་ནས། སྤྱི་ཚོགས་དཔལ་ཡོན་ཐད་ཁྱོན་ཡོངས་ནས་ཡར་ཐོན་གསར་པ་མངོན་འགྱུར་བྱུང་། མཚོ་སྔོན་དང་། སི་ཁྲོན། ཀན་སུའུ་བཅས་ཀྱི་འབྲེལ་མཚམས་ས་ཁུལ་བདེ་འཇགས་དང་དར་སྤེལ་བཟོ་འགོད་ལ་གྲུབ་འབྲས་མངོན་གསལ་བླངས་ཤིང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་གྲུབ་འབྲས་ཆེན་པོ་ཐོབ། ཐོན་སྐྱེད་བདེ་འཇགས་དང་། ཟས་རིགས་དང་སྨན་རྫས་བདེ་འཇགས་ཀྱི་ཚད་མཐའ་བློ་ཐག་རྦད་ཆོད་ཀྱིས་བརྟན་པོར་བསྲུངས། དེ་རིང་གི་མཚོ་སྔོན་ནི། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡིན་ལ། མི་དམངས་ཀྱི་འཚོ་བ་ཞི་འཇགས་ཡིན་པས། རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ཡོད།

སྤྱི་ཚོགས་བཅོས་སྐྱོང་ལེགས་པོ་བྱེད་པ་ནི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་སྲུང་ཡིན་ལ། བདེ་སྡོད་ལས་བརྩོན་ནི་རིགས་སོ་སོའི་མང་ཚོགས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་དོན་དངོས་ཀྱིས་ར་སྤྲོད་བྱས་ཡོད། ཡུན་རིང་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་གིས་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིངས་པ་དང་། མི་དམངས་ཀྱིས་དགའ་སྐྱིད་ཀྱི་འཚོ་བ་རོལ་བར་འགན་སྲུང་མཁོ་འདོན་བྱས།

འཐབ་ལམ་གསར་པར་སྤོས་ཏེ། དུས་རབས་གསར་པར་འབད་པས་བསྐྱོད་དགོས། ཏང་དང་རྒྱལ་ཁབ་ཀྱི་བྱ་བ་ཧྲིལ་པོའི་ཁྲོད་ཀྱི་མཚོ་སྔོན་གྱི་གོ་གནས་དང་། ཁྱད་པར་དུ་སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་དང་ནུས་ཁུངས་བདེ་འཇགས་གོ་གནས་བཅས་སྔར་ལས་གལ་འགངས་ཆེ་བར་གྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། སྐྱེ་ཁམས་བདེ་འཇགས་དང་། རྒྱལ་ཁོངས་བདེ་འཇགས། ཐོན་ཁུངས་ནུས་ཁུངས་བདེ་འཇགས་བཅས་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་བློ་ཐག་རྦད་ཆོད་ཀྱིས་ཕྲག་ཏུ་འཁུར་བ། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས“ཀྲུང་ཧྭའི་ཆུ་མཛོད”ཀྱི་སོ་སྲུང་པ་བྱས་ནས་གཙང་ཆུ་སྔོན་མོ་ཤར་ཕྱོགས་སུ་བཞུར་བར་ལྟ་སྲུང་བྱེད་པ་དང་། ཆུ་བདེ་འཇགས་ཡོང་བར་ནུས་ལྡན་འགན་སྲུང་དང་ཆུའི་སྐྱེ་ཁམས་མངོན་གསལ་ལེགས་བཅོས་ཡོང་བ་མངོན་འགྱུར་བྱེད་དགོས།

ཐོན་ལས“གནས་བཞི”འཛུགས་སྐྲུན་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ལྗང་མདོག་འཕེལ་རྒྱས་དང་། ནུས་ཁུངས་རིགས་བསྒྱུར་ཐད་ཐོད་བརྒལ་གསར་པ་མངོན་འགྱུར་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱིས་ཐོན་ཁུངས་ནུས་ཁུངས་ཁྱབ་ཁོངས་སུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོའི་ཞབས་ཞུ་འགན་སྲུང་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་སྲ་བརྟན་དུ་བཏང་སྟེ། བདེ་འཇགས་འཐབ་ཇུས་ཀྱི་གནད་སའི་བྱེད་ནུས་སྔར་ལས་མངོན་གསལ་དུ་འགྱུར་བར་བྱེད་དགོས། དུས་མཚུངས་སུ། རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་གོམ་གང་མདུན་སྤོས་ངང་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་གྱི་མཐའ་བརྟན་བོད་བརྟན་གྱི་འཐབ་ཇུས་གོ་གནས་ཇེ་བརྟན་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་གི་མི་དམངས་འགོག་སྲུང་ཚད་ཐིག་བརྟན་པོར་བཟོ་བ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཆེད་དམིགས་བཅོས་སྐྱོང་དང་མ་ལག་བཅོས་སྐྱོང་། ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། མགོ་ཁུངས་བཅོས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་ཡོང་བར་སྐུལ་འདེད་གཏོང་བ་དང་། འགལ་བ་བྱུང་མ་ཐག་ནས་ཐག་གཅོད་པ་དང་གཞི་རིམ་ནས་སེལ་བར་བྱེད་དགོས། སྤྱི་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བདེ་འཇགས་སྔོན་འགོག་བཅོས་སྐྱོང་ཚོད་འཛིན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྤྱི་པའི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱས་ཏེ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་སྔར་ལས་འཐུས་ཚང་དང་། སྔར་ལས་འགན་སྲུང་ཡོད་པ། སྔར་ལས་རྒྱུན་མཐུད་ཡོང་བ་བྱེད་དགོས།

ནན་ནན་ཏིག་ཏིག་སྒོས་དྲང་བདེན་ལ་བརྩོན་པ་དང་། བྱ་སྤྱོད་རེ་རེས་བདེ་འཇགས་སྲུང་བ། ཆུ་ཐིགས་བསགས་པའི་རྒྱ་མཚོའི་དཔེ་བཞིན་འཆམ་མཐུན་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ནི་མང་ཚོགས་ཀྱི་བདེ་སྐྱིད་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་སྔོན་འགྲོ་གལ་ཆེན་ཡང་ཡིན། ང་ཚོས“བཅོས་སྐྱོང་ཆེན་མོ”དང“བདེ་འཇགས་ཆེན་མོ”ཡི་འདུ་ཤེས་བཟུང་སྟེ། བདེ་འཇགས་དྲ་བ་བརྟན་པོར་བཟོ་བ་དང་། བདེ་སྣང་ཇེ་མཐོར་གཏོང་བ། སྔར་ལས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་བློ་བརྟན་འགྱུར་མེད་ཀྱིས་འཛུགས་སྐྲུན་བྱས་ཏེ། མཐོ་སྒང་གི་ས་གཞི་ཀུན་ལ་བདེ་འཇགས་འཆམ་མཐུན་གྱིས་ཁེངས་པར་བྱེད་པ་དང་། བདེ་འཇགས་མཚོ་སྔོན་གྱི་རང་མདངས་ཇེ་གསལ་ནས་ཇེ་གསལ་དུ་གཏོང་དགོས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།