སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་ལ་རྟོག་ཞིབ་ཏུ་ཕེབས་པའི་དངོས་བྲིས།
2022.06.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 15

མི་དམངས་མང་ཚོགས་ཀྱིས་སྔར་ལས་བཟང་པའི་འཚོ་བ་རོལ་བར་བརྩོན་དགོས།

 ---སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་ལ་རྟོག་ཞིབ་ཏུ་ཕེབས་པའི་དངོས་བྲིས།

“ང་སི་ཁྲོན་དུ་ཐེངས་མང་པོར་ཡོང་མྱོང་ལ། ས་ཆ་མང་པོ་ཞིག་ཏུ་སོང་མྱོང་། སི་ཁྲོན་ནི་དངོས་གནས་ས་ཆ་ཡག་པོ་ཞིག་རེད། མིག་སྔར་རིམས་ནད་འགོག་སྲུང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་བཀོད་འདོམས་བྱེད་པའི་གནས་སྟངས་འོག་ང་ཡང་བསྐྱར་འདིར་ལྟ་རུ་ཡོང་བ་ཡིན།”

ཟླ6པའི་ཚེས8ཉིན། དབྱར་ཟླ་འབྲིང་པོའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། དེ་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་འཚོགས་ཚུན་དུ་སྤྱི་ཁྱབ་ཧྲུའུ་ཅི་སི་ཁྲོན་དུ་རྟོག་ཞིབ་གནང་བར་ཕེབས་ཐེངས་གཉིས་པ་རེད།

ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་ཞིང་། ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་དབྱི་པིན་གྲོང་ཁྱེར་གཙང་གསུམ་མདོ་རུ་རྟོག་ཞིབ་གནང་ནས་ས་གནས་དེ་གས་འབྲི་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སླར་གསོ་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་སྙན་ཞུ་ལ་གསན།

ཉིན་གཅིག་གི་དུས་ཚོད་ནང་མེ་ཧྲན་ནས་དབྱི་པིན་བར་དུ། འབྲས་ཞིང་དུ་འབྲས་མྱུག་སྐྱེ་ཚུལ་ལ་གཟིགས་པ་དང་། གྲོང་གསེབ་དུ་ཕེབས་ནས་དར་སྤེལ་གཏོང་ཚུལ་གླེང་ཞིང་། སུའུ་གསུམ་མཆོད་ཁང་དུ་རྟོག་ཞིབ་གནང་ནས་རིག་གནས་ཀྱི་ཡིད་རྟོན་གླེང་བ་དང་། གཙང་གསུམ་མདོ་རུ་རྒྱང་གཟིགས་གནང་ཞིང་འབྲི་ཆུའི་སྐྱེ་ཁམས་སྲུང་སྐྱོབ་ལ་རྟོག་ཞིབ་གནང་ལ། མཐོ་རིམ་སློབ་གྲྭར་ཕེབས་ནས་ལས་ཞུགས་གནད་དོན་ལ་རྟོག་ཞིབ་གནང་བ་དང་། ཁེ་ལས་སུ་ཕེབས་ནས་རང་བདག་གསར་སྐྲུན་བྱ་རྒྱུར་སྐུལ་ལྕག་གནང་བ་སོགས་རྟོག་དཔྱོད་གནང་ཞོར་དང་ཐུགས་དགོངས་མཛད་ཞོར་ཁ་ཕྱོགས་གསལ་སྟོན་དང་ཡིད་ཆེས་ཇེ་བརྟན་དུ་བཏང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོ་གོམ་པ་སྤོས་ནས་ད་ལྟའི་བར་དུ་སླེབས་པ་ནི་ལས་སླ་པོ་ཞིག་མིན་ཞིང་། དེ་ནི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བ་རེད། ཡིན་ནའང་ང་ཚོ་དེར་ཡིད་ཚིམ་ནས་སྡོད་མི་རུང་ལ། ད་དུང་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་དགོས”ཞེས་བསྟན།

སྐྱོད་ལམ་གསར་བའི་སྟེང་དུ་ང་ཚོ་འཕྲད་པའི་དཀའ་ངལ་ད་དུང་ཧ་ཅང་མང་པོ་ཡོད། ངས་དུས་རྒྱུན་མདུན་ལམ་ནི་འོད་སྟོང་ལྡན་པ་དང་འགྲོ་ལམ་ནི་ཀྱག་ཀྱོག་མང་བ་ཞིག་ཡིན་པས་འགྲན་སློང་གི་མདུན་བསུ་བ་དང་ཉམས་ཞིབ་དང་ལེན་བྱ་རྒྱུའི་གྲ་སྒྲིག་བྱ་དགོས་ཞེས་བཤད་བཞིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་དེ་འདི་ལྟར་རྒྱབ་ཁབ་མདུན་དུ་བསྐྱོད་པར་བསྐུལ་ནས་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པའི་ཕྱོགས་སུ་འཁྲིད་དགོས།

རེ་བས་ཁེངས་པའི་ཞིང་ས། མཛེས་སྡུག་ལྡན་པའི་གྲོང་གསེབ།

“མང་ཚོགས་ཀྱི་བྱ་བ་རྣམས་ནན་ཏན་གྱིས་སྒྲུབ་པ་དང་། བྱ་བ་གཅིག་བསྒྲུབས་ན་གཅིག་འགྲུབ་ཐུབ་པ་བྱ་དགོས།”

སོན་འདེབས་དུས་ཚིགས་ཕར་ལ་འདས་པ་དང་། ཆུ་འབྲས་ཡི་མྱུ་གུ་རིང་པོར་སྐྱེས་པའི་སྐབས་སུ། ཁྲིན་ཏུའུ་བདེ་ཐང་གི་ཞིང་ས་གཤིན་པོའི་སྟེང་། རེ་བའི་འབྲས་བུས་གཏམས་འདུག

ཞིང་ལས་ལ་བྲེལ་བ་ཆེ་བའི་སྐབས་འདིར། ལྷོ་ཕྱོགས་ས་ཁུལ་དུ་ཡོང་ནས་ཆུ་འབྲས་ཡི་ཞིང་ལ་ལྟ་ཐུབ་སོང་།

ཚེས8ཉིན་གྱི་སྔ་དྲོར། སི་ཁྲོན་གྱི་རྟོག་ཞིབ་ས་ཚུགས་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མིན་ཅང་གཙང་པོའི་འགྲམ་གྱི་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧི་གྲོང་རྡལ་ཡུང་ཧྥུན་སྡེ་བར་ཕེབས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚད་མཐོ་བའི་སྒོ་ནས་འབྲུ་རིགས་བདེ་འཇགས་ཀྱི“རྒྱལ་ཁབ་ཀྱི་དོན་ཆེན”ལ་མཐོང་ཆེན་བྱེད་བཞིན་ཡོད། ཟླ་གཉིས་ཀྱི་སྔོན་ལ། ཧའེ་ནན་རུ་རྟོག་ཞིབ་བྱས་པ་དང་། ས་ཚིགས་དང་པོ་སན་ཡ་ཡཱ་ཀྲིག་བན་རུ་ས་བོན་ཚོད་ལྟ་ཁང་ལ་གཟིགས་ཞིབ་གནང་།

ཐེངས་འདིར། ཚོད་ལྟ་ཁང་ནས་ཞིང་ཁར་བསྐྱོད་པ་དང་། གསོ་སྤེལ་བྱེད་ས་ནས་ཚོད་ལྟའི་དུས་རིམ་དུ་སྤེབས།

མིག་མདུན་གྱི་ཚད་གཞི་མཐོན་པོའི་ས་ཞིང་ནི་སི་ཁྲོན་ཞིང་ཆེན་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་འབྲས་གསར་པ་དང་། ལག་རྩལ་གསར་པའི་ཚོད་ལྟའི་རྟེན་གཞི་ཞིག་རེད། དེ་རུ་ཆུ་འབྲས་སྣ་ཁ100ལྷག་ཙམ་ཚོད་ལྟ་བྱས་ནས་འདེབས་པ་དང་། བསྡུར་བ། ལེགས་འདེམས། ཁྱབ་གདལ་བཅས་བཏང་ནས་སོན་བཟང་ལ་བརྟེན་ནས་ཐོན་ལེགས་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། ཚེས8ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་མེ་ཧྲན་གྲོང་ཁྱེར་ཏུང་ཕིང་ཁུལ་ཐའེ་ཧི་གྲོང་རྡལ་ཡུང་ཧྥུན་སྡེ་བའི་ཚད་གཞི་མཐོན་པོའི་ཆུ་འབྲས་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་ནས་ཆུ་འབྲས་ཚོད་འདེབས་དང་འདེབས་འཛུགས་ཁྱབ་གདལ་གནས་ཚུལ་རྒྱུས་ལོན་གནང་།


རབ་ཏུ་ཚ་བའི་ཉི་འོད་འོག་སྤྱི་ཁྱབ་ཧྲུའུ་ཅི་འབྲས་ཞིང་དུ་ཕེབས་ནས་མྱུ་གུ་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་ཞིང་།

“ད་ལྟ་མྱུ་གུ་སྐྱེས་ཚུལ་ཅི་འདྲ་རེད།”ཅེས་དྲིས་པར།

“སྡོང་རྐང་གཅིག་ལས་མྱུག་གྱེས་པའི་གྲངས་ཀར་བལྟས་ན། ཐོན་འབབ་མཐོ་བའི་ཁྱད་ཆོས་མངོན་འདུག”ཅེས་ཞིང་ལས་ཆེད་མཁས་པ་དང་སི་ཁྲོན་ཞིང་ལས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་དེ་ལྟར་ཞུས།

“ཐོན་འབབ་མཐོ་བའི་ཚད་ག་ཚོད་ལ་སླེབས་ཀྱི་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་དྲིས་པར།

“འདི་གར་མུའུ་རེའི་ཐོན་ཚད་མཐོ་ཤོས་སྤྱི་རྒྱ900ལྷག་ལ་ཟིན་པ་དང་། ཆ་སྙོམས་སྤྱི་རྒྱ680ལ་ཟིན་ཡོད”ཅེས་མ་ཅུན་གྱིས་དེ་ལྟར་ལན་ཞུས་བ་དང་། ཁོས་སྤྱི་ཁྱབ་ཧྲུའུ་ཅིར་ཉེ་བའི་ལོ་ཤས་རིང་སྡེ་བས་བརྒྱུད་བཤུག་བྱས་ནས་རྨོ་ཞིང་གཅིག་ཏུ་བསྡུས་རྗེས། སྡེ་མི་རྩ་འཛུགས་དང་སྐུལ་སློང་བྱས་ཏེ་འབྲུ་འདེབས་ཁྱིམ་ཆེན200ལྷག་ཙམ་གསོ་སྐྱོང་བྱས་པས། ཁོ་ཚོའི་ས་བོན་གསར་པ་དང་ལག་རྩལ་གསར་པ་ཁྱབ་གདལ་གཏོང་བའི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཞེས་བཤད་པ་རེད།

“དེ་ཧ་ཅང་ཡག་པོ་རེད། ཁྱོད་ཚོས་སོན་བཟང་དང་སྔོན་ཐོན་གྱི་ལག་རྩལ་མཁོ་འདོན་བྱས་པ་དང་། འབྲུ་རིགས་ཐོན་འཕར་ཡོང་རྒྱུ་གཙོ་བོ་ཁོ་ཚོར་བརྟེན་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་བསྔགས་བརྗོད་གནང་།

“སྤྱི་ཁྱབ་ཧྲུའུ་ཅི་ཁྱེད་ཉིད་ཐུགས་བདེ་མོ་གནང་རོགས། ང་ཚོས་ངེས་པར་དུ་ལག་རྩལ་ལ་བརྟེན་ནས་འབྲུ་རིགས་གསོག་འཇོག་ཐུབ་པར་བྱ་རྒྱུ་དང་། ཀྲུང་གོའི་ཕོར་པའི་ནང་ཀྲུང་གོའི་འབྲུ་རིགས་བླུགས་རྒྱུ་ཡིན”ཞེས་དགེ་རྒན་ཆེན་མོ་མ་ཅུན་གྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་དེ་ལྟར་བཤད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ཐུགས་ཤིན་ཏུ་དགྱེས་ནས།“ཁྱོད་ཚོས་ལས་ཀ་འདི་སྒྲུབ་པར་དཀའ་ཚེགས་ཤིན་ཏུ་ཆེ་ཞིང་། བྱས་རྗེས་འཇོག་པར་ཡང་དུས་ཡུན་རིང་པོ་ཡོད་པ་དང་། དཀའ་ངལ་ཆེ་ལ་ཁེ་གྲགས་མེད་པའི་ཐོག་ནས་བྱས་རྗེས་ཧ་ཅང་ཆེན་པོ་བཞག་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་ལྟོ་གོས་འཛོམས་པ་ལ་ཞིང་ལས་ཆེད་མཁས་པས་བསུབ་ཐབས་བྲལ་བའི་བྱས་རྗེས་བཞག་ཡོད”ཅེས་གསུངས།

སྤྱི་ཁྱབ་ཧྲུའུ་ཅིས་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་ཕྱོགས་སུ་གཟིགས་ནས་ཐུགས་བློ་ཟབ་མོ་གནང་བཞིན་དུ“ཟས་ནི་མི་དམངས་ཀྱི་འཚོ་རྟེན་ཡིན། ཞིང་ལས་དེང་རབས་ཅན་དུ་སྐུལ་འདེད་གཏོང་རྒྱུ་དེ་ང་ཚོ་ཀྲུང་གོའི་ཞིང་ལས་ཆེད་མཁས་པར་རག་ལས་ཡོད་ལ། ང་ཚོ་ཀྲུང་གོའི་ཞིང་པ་ལ་ཡང་རག་ལས་ཡོད། ང་ཚོར་འབྲུ་རིགས་བདེ་འཇགས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བའི་ཡིད་ཆེས་དང་གདེང་ཚོད་ཡོད། སི་ཁྲོན་གྱིས་ཞིང་ལས་ཡག་པོ་གཉེར་དགོས་པ་དང་། འབྲུ་རིགས་ཐོན་སྐྱེད་དམ་འཛིན་ཡག་པོ་བྱ་དགོས”ཞེས་གསུངས།

ཟླ4པའི་ཟླ་མཇུག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་འགོ་འཛིན་བྱས་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པར་ཞིབ་འཇུག་གནང་བ་དང་ །དེའི་ནང་གི་བླང་བྱ་གསལ་བོ་ཞིག་ནི“ཞིང་སྡེའི་བཙོག་ཆུ་དང་གད་སྙིགས་བསྡུ་རུབ་དང་གཙང་སེལ་གྱི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས”ཞེས་བསྟན་ཡོད་པ་དེ་རེད།

མིག་མདུན་གྱི་པད་རྫིང་ནང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ཐབས་ལམ་མངོན།

སྡེ་བར་བཅའ་སྡོད་བྱས་ཡོད་པའི་ཧྲུའུ་ཅི་དང་པོ་ལིག་ཁྲའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅིར་སྡེ་བའི་ནང་གི་སྤྱོད་ཁང་སྒྱུར་བཀོད་བྱས་པ་དང་། ལུད་རྫིང་དང་བཙོག་ཆུའི་མདོང་ལམ་དྲ་བ་བསྐྲུན་པ། འཚོ་བའི་བཙོག་ཆུ་གཙང་བསྒྱུར་བྱས་རྗེས་པད་རྫིང་དུ་བཏང་ནས་སྡེ་མིའི་ཁོར་ཡུག་ཇེ་མཛེས་ལ་སོང་བར་མ་ཟད། ད་རྩ་འདེབས་འཛུགས་བྱས་ཏེ་ཐུན་མོང་གི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད་ཅེས་བཤད།

“ཡུལ་ལྗོངས་ཡག་པོ་ཡོད་ལ་གཙང་བཟོའི་ནུས་པའང་འདུག་པས་གཅིག་གོ་མང་ཆོད་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་དབུ་ལྕོག་ལྕོག་ངང་བསྔགས་བརྗོད་མཛད།

སྡེ་བའི་འཕྲོད་བསྟེན་ས་ཚུགས་སུ་ཕེབས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་སྨན་རིན་ཐད“གཅིན་སྙི་ཟགས་ཁུའི་ནད་ཀྱི་སྨན་འདིར་སྒོར་ག་ཚོད་དགོས་སམ”ཞེས་དྲིས་པར།

“ཐུམ་གཅིག་ལ་སྒོར་དགུ་དང་སྒོར་ཟུར་དྲུག་རེད། ལོ་གཅིག་ལ་ཧ་ལམ་སྒོར600རེད”ཅེས་ཞུས། 

“ཁྲག་ཤེད་མཐོ་བའི་སྨན་འདི་ལོ་གཅིག་ལ་འཐུང་ན་ཁ་གསབ་ག་ཚོད་ཐོབ་ཀྱི་རེད་དམ”ཅེས་དྲིས་པར།

“ལོ་གཅིག་ལ་ཁ་གསབ་སྒོར2400ཡོད་པ་རེད”ཅེས་ཞུས། 

སྤྱི་ཁྱབ་ཧྲུའུ་ཅི་ཡིས“ཟས་སྤྱོད་འགྲོ་འདུག་དང་། སྨན་བཅོས་སོགས་ནི་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དོན་དག་ཡིན། ཐོན་རྫས་གསར་པ་དང་། གསར་གཏོད་སྨན་རྫས། རང་རྒྱལ་གྱིས་ཐོན་སྐྱེད་བྱས་པའི་སྨན་རྫས་སོགས་མང་ཙམ་སྤེལ་བ་དང་། སྨན་རྫས་ཀྱི་རིན་གོང་ཇེ་དམའ་རུ་བཏང་ནས་མང་ཚོགས་ལ་ཕན་བདེ་བསྐྲུན་དགོས”ཞེས་གསུངས།

ཁོང་གིས་ས་གནས་དེ་གའི་འགན་འཁུར་བ་ལ“མང་ཚོགས་ཀྱི་བྱ་བ་ཡིན་ཕྱིན་བདེན་པ་བདེན་ཐུབ་ཀྱིས་བསྒྲུབ་དགོས་པ་དང་། བྱ་བ་གཅིག་སྒྲུབ་ན་གཅིག་ཡིན་པ་དང་། བྱ་བ་གཅིག་བསྒྲུབ་ན་གཅིག་འགྲུབ་པ་བྱ་དགོས”ཞེས་ནན་ཏན་གྱིས་མངག་བཅོལ་མཛད།

མང་ཚོགས་ཀྱི་བསམ་བཞིན་པ་བསམ་པ་དང་། དམངས་བདེ་འབྱོར་བ་རྒྱས་པའི་རེ་བ་བཅངས་ནས་ལག་བསྟར་བྱེད།

ལོ་བཞིའི་གོང་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་པའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་ནས་དབུལ་སྐྱོར་མཁྲེགས་གཏོར་གྱི་དམག་འཐབ་ཡག་པོ་རྒྱག་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ལོ4ཡི་རིང་ལ་སི་ཁྲོན་ཞིང་ཆེན་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་མི་གྲངས་དབུལ་པོ་ས་ཡ་དྲུག་དང་འབུམ་གཉིས་ཁྲི་ལྔ་ཡོད་པ་ཚང་མ་དབུལ་པོ་ལས་ཐར་བ་དང་། གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་ཕྱོགས་ཡོངས་ནས་དབུལ་ཐར་བྱེད་ཐུབ་པ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་བཞིན། ཀྲུང་ཧྭ་མི་རིགས་ལྟོས་བཅས་ཀྱིས་དབུལ་པོ་ཡིན་པའི་གནད་དོན་དེ་ང་ཚོའི་མི་རབས་འདི་ནས་ལོ་རྒྱུས་རང་བཞིན་གྱིས་ཐག་གཅོད་བྱས་ཡོད།

ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། ཚེས8ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་མེ་ཧྲན་གྲོང་ཁྱེར་ཏུང་ཕིང་ཁུལ་ཐའེ་ཧི་གྲོང་རྡལ་ཡུང་ཧྥུན་སྡེ་བའི་ཚད་གཞི་མཐོན་པོའི་ཆུ་འབྲས་འདེབས་འཛུགས་རྟེན་གཞིར་རྟོག་ཞིབ་གནང་ནས་ཆུ་འབྲས་ཚོད་འདེབས་དང་འདེབས་འཛུགས་ཁྱབ་གདལ་གནས་ཚུལ་རྒྱུས་ལོན་གནང་སྐབས། སྡེ་མི་རྣམས་དང་བྱམས་བརྩེའི་ངང་བརྗེ་རེས་གནང་བཞིན་ཡོད།

སྡེ་བའི་ཨུ་ཡོན་ལྷན་ཁང་མདུན་གྱི་ཐང་ཆེན་དུ་སྡེ་མི་ཚོས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུ་བ་དང་། དགའ་སྤྲོའི་ཁེངས་པའི་ངོ་གདོང་ལ་ཉི་འོད་འཇམ་པོས་འཕྲོས་འདུག།

“ཡུང་ཧྥུན་སྡེ་བའི་མིང་ཡག་པོ་རེད་ཡ། ཡུང་ཧྥུན་ཡུང་ཧྥུན་ཟེར་བ་ཇི་སྲིད་བར་དུ་ལོ་ལེགས་ཡོང་བའི་རྟགས་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་གད་མོ་དགོད་བཞིན་དུ་ཡུལ་མི་ལ་དེ་ལྟར་གསུངས།“ཚང་མའི་ཡོང་འབབ་བཟང་བ་དང་འཚོ་བ་ཇེ་ལེགས་སུ་ཕྱིན་ཡོད། དབུལ་ཐར་བྱུང་རྗེས་མུ་མཐུད་དུ་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་བཏང་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏང་དགོས”ཞེས་གསུངས།

ཐག་མི་རིང་བའི་སར་མྱུར་བགྲོད་ལྕགས་ལམ་ལྗང་མདོག་གི་ཞིང་ཁ་བརྒྱུད་ནས་རིང་དུ་བསྲིངས་ཤིང་། ཞིང་ཁ་དང་སྡེ་བ། མི་དང་རང་བྱུང་། བརྟན་སྲུང་དང་གསར་སྐྲུན་བཅས་ཀྱིས་ཀྲུང་གོའི་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་མཛེས་སྡུག་གི་རྣམ་པ་ཞིག་བཏོད་འདུག

ལོ་སྟོང་གི་རིག་གནས་ཀྱི་རྒྱུན་རིང་མོ་གཙང་པོ་གཅིག་གིས་ཡུག་གཅིག་ཏུ་སྦྲེལ། “ཀྲུང་ཧྭའི་དཔལ་ཡོན་གྱི་འབྱུང་ཁུངས་ལ་སྲུང་སྐྱོང་ཡག་པོ་བྱ་དགོས།”

སུའུ་ཧྲི་དང་ཁོང་གི་ཨ་ཕ་སུའུ་ཞུན། གཅུང་པོ་སུའུ་ཁྲི་བཅས་ཐང་སུང་གི་མཁས་པ་བརྒྱད་ཀྱི་གྲས་སུ་གཏོགས་ཤིང་། དེས་ཁྱིམ་ཚང་གཅིག་ལ་སྙན་ངག་མཁན་པོ་གསུམ།། གནའ་དེང་རྩོམ་གྱི་གཙུག་རྒྱན་མཁས་ཆེན་བཞི།། ཞེས་པའི་རིག་གནས་ཀྱི་གཏམ་རྒྱུད་ངོ་མཚར་ཅན་ཞིག་བྲིས་ཡོད། མེ་ཧྲན་རྫོང་མཁར་དང་སྲང་ལམ་ཀུན་ཏུ་སུའུ་ཧྲི་ཕ་བུ་གསུམ་ལ་རྐྱེན་བྱས་ཏེ་རིག་གནས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་ཡོད།

ཚེས8ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མེ་ཧྲན་གྲོང་ཁྱེར་གྱི་ལྟེ་གནས་མཁར་ཁུལ་དུ་གནས་པའི་སུའུ་གསུམ་མཆོད་ཁང་ལ་རྟོག་ཞིབ་གནང་།

སུའུ་གསུམ་མཆོད་ཁང་དུ་ཕེབས་པ་ན། གནའ་བོའི་ལྗོན་ཤིང་དགུང་ལ་ཟུག་ཅིང་། ལོ་བརྒྱའི་ཁམ་སྡོང་མཚར་དུ་སྡུག་ལ། ལོ་ངོ་སྟོང་གཅིག་འགོར་བའི་ཧོང་ཀི་སོགས་ཀྱིས་ལོ་རྒྱུས་དང་རིག་གནས་ཕུན་སུམ་ཚོགས་པ་ཞིག་མངོན་མཚོན་བྱེད་བཞིན་འདུག

མདུན་གྱི་ཚོམས་ཆེན་དང་། སྐུ་མགྲོན་སྣེ་ལེན་ཁང་། མཁས་འཛོམས་ཁང་། ཁྱུང་ཆེན་ཁང་སོགས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་ཞོར་དུ་དེའི་ནང་གི་བཟོ་སྐྲུན་དང་། སྒྲིག་ཆས། ཆ་ཡིག། ཁ་བྱང་བཅས་ལ་གཟིགས་པ་དང་། སུའུ་ཕ་བུ་གསུམ་གྱི་མི་ཚེའི་ལོ་རྒྱུས་དང་། རྩོམ་རིག་གྲུབ་འབྲས་གཙོ་བོ། ཁྱིམ་སྲོལ་བཅས་དང་། དེ་བཞིན་སུའུ་ཕ་བུ་གསུམ་མཆོད་ཁང་གི་ལོ་རྒྱུས་འཕེལ་རིམ་དང་ཏུང་ཕོའི་རིག་གནས་ཞིབ་འཇུག་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་ཡང་ཡང་གནང་བ་རེད།

“རིག་དངོས་དང་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདུས་ཡོད་པས། དེ་ནི་སླར་སྐྱེ་མི་ཐུབ་པ་དང་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ལོ་རྒྱུས་རིག་གནས་ཀྱི་ཐོན་ཁུངས་ཤིག་རེད”ཅེས་གསུངས།

ཅང་མ་འགོར་བའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ལ་འགོ་འཛིན་གནང་སྐབས་ཧུར་ཐག་གིས་རིག་དངོས་སྲུང་སྐྱོབ་བེད་སྤྱོད་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་དང་། རིག་དངོས་དང་རིག་གནས་ཤུལ་བཞག་གི་རིན་ཐང་མང་པོ་སྔོག་འདོན་བྱེད་པ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་བསམ་པའི་རིན་ཐང་མཚོན་བྱེད་དང་རིག་གནས་ཐོན་རྫས་དེ་བས་མང་བ་ཁྱབ་སྤེལ་གཏོང་དགོས་པ་ནན་བཤད་གནང་།

ཡུལ་དངོས་སུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅིས“ཆུ་ཐིགས་གཅིག་གི་ནང་དུ་ཉི་མ་མཐོང་ཐུབ་ཅིང་། སུའུ་ཕ་བུ་གསུམ་གྱི་མཆོད་ཁང་ལས་ང་ཚོ་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ཚུལ་རྟོགས་ཐུབ། ང་ཚོས་རིག་གནས་ཀྱི་ཡིད་རྟོན་ཇེ་བརྟན་དུ་གཏང་དགོས། ཀྲུང་གོ་ལ‘སུའུ་ཕ་བུ་གསུམ’ཡོད་པ་དེ་ནི་དཔེ་མཚོན་གལ་ཆེན་ཞིག་རེད”ཅེས་གསུངས།

རིག་གནས་ཀྱི་ཡིད་རྟོན་སྐོར་ནས་སླར་ཡང་བགྲོད་ལམ་གྱི་གདེང་ཚོད་གླེང་བ་སྟེ།“ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་ལྷག་་གི་དུས་ཡུན་རིང་བོའི་དཔལ་ཡོན་ལོ་རྒྱུས་ཀྱི་དོན་སྙིང་ཟབ་མོ་ཡོད་པས། ང་ཚོས་མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བསྐྱོད་དགོས་པ་ཡིན། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་དང་བསམ་གཞིག་བསྡུ་ལེན་བྱེད་མཁས་པོ་བྱེད་པ་དང་འཛམ་གླིང་གི་ཕུལ་བྱུང་དཔལ་ཡོན་གྲུབ་འབྲས་མཐའ་དག་དཔྱད་གཞིར་འཛིན་དགོས་པ་ལས། བཀག་སྡོམ་མཁྲེགས་བཟུང་བྱ་མི་རུང་ལ། ཕྱི་རྒྱལ་གྱི་ཡོད་ཚད་ཚད་གཞིར་འཛིན་པ་དེ་བས་བྱ་མི་རུང་”ཞེས་གསུངས།

ཀྲུང་ཧྭའི་ཤེས་དཔལ་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་བསམ་པའི་མཚོན་རྟགས་ཡིན་ལ། དེང་རབས་ཀྲུང་གོའི་རིག་གནས་ཀྱི་རྨང་གཞི་ཡང་ཡིན།

《དབུལ་བོ་ལས་ཐར་བ》ཞེས་པའི་ནང་“དོན་ཆེན་ལ་འཕྲད་ཀྱང་རང་ཚུགས་མི་ཤོར”ཞེས་པ་དང་། ཏང་གི་ཀྲུང་དབྱང་ཚང་འཛོམས་གྲོས་ཚོགས་སྟེང་“དཀའ་ཁག་ལ་གདོང་གཏད་ཐུབ་ཚེ་ཕུགས་སུ་ཕན་པ་ཆེ”ཞེས་པ་དང་། མགོ་ཁྲིད་ལས་བྱེད་པར་གདོང་གཏོད་སྐབས“རང་ལ་དབང་བ་མིན་ན། ཏིལ་ཙམ་ཡིན་ཡང་ལེན་མི་རུང་”ཞེས་པ་སོགས་སྤྱི་ཁྱབ་ཧྲུའུ་ཅིས་སུའུ་ཏུང་ཕོའི་ལེགས་བཤད་ཀྱི་ལུང་འདྲེན་ཐེངས་མང་གནང་བ་དང་། རྒྱལ་སྲིད་སྐྱོང་བའི་འདུ་ཤེས་ནང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བློ་གྲོས་ཟབ་མོ་ལྡན་ཡོད་པ་རེད།

“ང་ཚོ་ནི་ས་གཞི་འདིའི་ཤེས་དཔལ་གྱིས་སྐྱེད་སྲིང་བྱས་པ་ཡིན་པས་ཏང་ཡོངས་དང་མི་རིགས་ཡོངས་ཀྱིས་ང་ཚོ་རང་ཉིད་ཀྱི་རིག་གནས་ལ་དད་གུས་བྱས་ཏེ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏང་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྩེ་བ་ཟབ་མོའི་སྒོ་ནས་གསུངས།

ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་དཔལ་ཡོན་གྱི་སྙིང་བཅུད་ཀྱི་འབྱུང་རྩ་ཡིས་དེང་རབས་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་སྐྱོང་བཞིན་ཡོད་ལ། དེང་རབས་ཀྲུང་གོ་གུང་ཁྲན་ཏང་མིའི་ཀུན་སྤྱོད་བློ་སྦྱོང་ཡང་བྱེད་བཞིན་ཡོད་པས། འབྲི་ཆུ་ཤར་བཞུར་གྱི་དཔའ་བོའི་བློ་སྟོབས་དང་རྒྱ་མཚོར་ཆུ་སྣ་ཀུན་འཛོམས་ཀྱི་བློ་ཁོག་ཡངས་པོ་ཡང་གསོ་སྐྱོང་བྱས་ཡོད།

དབྱི་པིན་ལ“ལེ་དབར་ཁྲི་ཡི་འབྲི་ཆུའི་གྲོང་ཁྱེར་དང་པོ”ཞེས་འབོད་ཀྱི་ཡོད། གངས་ལྗོངས་མཐོ་སྒང་ནས་བཞུར་པའི་འབྲི་ཆུ་དང་ཁྲིན་ཏུའུ་ཡི་བདེ་ཐང་བརྒྱུད་དེ་ཡོང་བའི་མིན་ཅང་གཙང་པོ་གཉིས་འདི་ནས་འདྲེས་པས“འབྲི་ཆུ”ཞེས་པའི་མིང་ཐོག་མ་ཡང་བྱུང་།

ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་དབྱི་པིན་གྲོང་ཁྱེར་གཙང་གསུམ་མདོ་རུ་ཕེབས་ནས་གཙང་འགྲམ་དུ་ཞབས་ཀྱིས་བཅགས་ཏེ་གཙང་གསུམ་ངོགས་དྲུག་ལ་རྒྱང་གཟིགས་གནང་།

ཆུ་རྒྱུན་གཙང་མས་མི་རབས་རྗེས་མ་དང་སྐལ་བརྒྱར་ཕན་པ་སྐྲུན་པའི་ཆེད་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སེམས་ཁུར་ཆེན་པོ་གནངས་བཞིན་ཡོད།

2016ལོའི་ཟླ་དང་པོར། སྟོད་རྒྱུད་དུ་གནས་པའི་ཁྲུང་ཆིན་དང་། 2018ལོའི་ཟླ4པར་བར་རྒྱུད་གནས་པའི་ཝུའུ་ཧན། 2019ལོའི་ཟླ5པར་ནན་ཁྲང་། 2020ལོའི་ཟླ11པར་སྨད་རྒྱུད་དུ་གནས་པའི་ནན་ཅིན་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་འགོ་འཛིན་བྱས་ནས་བཞུགས་མོལ་ཚོགས་འདུ་ཐེངས་བཞིར་འཚོགས་ཏེ།“སྐུལ་འདེད་གཏོང་བ”ནས“སྐུལ་འདེད་གཏིང་ཟབ་གཏོང་བའི”བར་དང་། དེ་ནས“ཁྱོན་ཡོངས་ལ་སྐུལ་འདེད”གཏོང་བར་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་ལྗང་མདོག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྗིད་ཆེའི་འཆར་གཞི་བཀོད་ཡོད་པ་རེད།

རྒྱང་རིང་གི་རི་ཀླུང་སྔོ་སེང་སེང་། གཙང་པོ་ལྷུང་ལྷུང་དུ་འབབ། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་པོའི་རྣམ་པ་གསར་ཞིང་། སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འདུག

ས་གནས་དེ་གའི་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅིར་དབྱི་པིན་གྲོང་ཁྱེར་དུའང་སྔོན་ཆད“རྫས་འགྱུར་བཟོ་ལས་ཀྱིས་གཙང་པོ་བསྐོར་བ་དང་གྲོང་ཁྱེར་ལ་སྦགས་བཙོག་ཐེབས་པའི”གནད་དོན་བྱུང་མྱོང་ཞེས་སྙན་སེང་ཞུས་པ་རེད། ཉེ་བའི་ལོ་ཤས་རིང་། ཟད་གྲོན་ཆེ་ཞིང་སྦགས་བཙོག་ཆེ་བའི་ཁེ་ལས་གཙང་བཤེར་དང་། ཤོག་བུ་བཟོ་སའི་བཟོ་ཁང་ཆུང་གྲས་སྒོ་རྒྱག་པ། གཙང་འགྲམ་གྱི་བྱེ་མ་སྔོག་ཡུལ་སྒོ་རྒྱག་པ། བཙོག་ཆུ་ཕྱིར་འབུད་ཉུང་དུ་གཏོང་བ། འདམ་རའི་སྤྱི་གླིང་བསྐྲུན་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་གཙང་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་དུ་ལེགས་བཅོས་བྱུང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྟོད་རྒྱུད་ཀྱི་ཆུའི་གནས་ཚུལ་འདྲི་སྐབས། ས་གནས་དེ་གའི་འགན་འཁུར་བློ་མཐུན་གྱིས་འབྲི་ཆུའི་ཆུའི་སྤུས་ཀ་བརྟན་འཇགས་སྒོས་རིམ་པ་གཉིས་པར་གནས་པ་དང་། མིན་ཅང་གཙང་པོའི་ཆུའི་སྤུས་ཀ་རིམ་པ་གསུམ་པ་ཡས་མས་སུ་བརྟན་པོའི་ངང་གནས་ལ། ཆུ་འདྲེས་པའི་རྗེས་ཀྱི་ལོ་ཧྲིལ་པོའི་ཉིན350ཡན་ལ་རིམ་པ་གཉིས་པར་བརྟན་པོ་ངང་གནས་པ་རེད་ཅེས་ཞུས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁས་ལེན་གནང་ཞོར“འབྲི་ཆུའི་སྟོད་རྒྱུད་ཀྱི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་སྟོད་རྒྱུད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏང་དགོས་པ་ལས་གཙང་རྒྱུད་དུ‘ཁྲིམས་འགལ་གྱི་ཚོང་ཁང’འཛུགས་པ’དང་བཙོག་ཆུ་ཕྱིར་འབུད་བྱེད་མི་རུང་། ཆང་ཞིམ་པོ་བཟོ་ཆོག་པའི་ཚད་གཞི་ལྟར་འབྲི་ཆུའི་སྟོད་རྒྱུད་ཀྱི་ཆུའི་སྤུས་ཀ་ཐབས་བརྒྱ་ཇུས་སྟོང་གིས་སྲུང་སྐྱོང་ཡག་པོ་བྱས་ནས་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད། དེ་བཞིན་འབབ་རྒྱུད་ཧྲིལ་པོར་བདེ་སྐྱིད་བསྐྲུན་དགོས”ཞེས་ནན་བཤད་གནང་བ་རེད།

ཐུན་མོང་ཐོག་སྲུང་སྐྱོབ་ཆེན་པོ་དམ་འཛིན་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པ་དང་། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་དང་ཁ་ཕྱོགས་རང་བཞིན་གྱི་འགྱུར་ལྡོག་བྱུང་བའི་རྒྱབ་ཏུ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་ཀྱི་མཐོང་རྒྱ་ཆེན་པོ་དང་། བཀོད་པ་ཆེན་པོ། འགན་འཁྲི་ཆེན་པོ་བཅས་ཡིན་པ་རེད།

ལས་ཞུགས་ལ་དོ་ཁུར་དང་འཕེལ་རྒྱས་ལ་དོ་སྣང་བྱ་དགོས།“ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱ་དགོས་ན་ཕྱོགས་སོ་སོ་ཚང་མ་སྟོབས་ཆེར་ཡོང་དགོས”

དེང་སྐབས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་འགག་རྩའི་དུས་སུ་སླེབས་ཡོད། ད་ལོར་སྔོན་དཔག་བྱས་ན་རང་རྒྱལ་གྱི་མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་བྱེ་བ་གཅིག་དང་འབུམ་བདུན་ཁྲི་དྲུག་ཟིན་པ་དེ་ན་ནིང་གི་དུས་མཉམ་ལས་མི་ས་ཡ་གཅིག་དང་འབུམ་དྲུག་ཁྲི་བདུན་ཇེ་མང་དུ་སོང་བ་དང་། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད། དེའི་ཐད་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད།

ཟླ4པའི་ཚེས29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་ཚོགས་པ་དང་། ཚོགས་འདུའི་སྟེང་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བར་དབྱེ་ཞིབ་དང་ཞིབ་འཇུག་གནང་ཞིང་། ཆེད་དུ་ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏང་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པ་རེད།

ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། ཚེས8ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་དབྱི་པེན་སློབ་གླིང་དུ་རྟོག་ཞིབ་གནང་སྐབས། དགེ་སློབ་རྣམས་ལ་ཕྱག་གཡུག་བྱས།

ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དབྱི་པིན་སློབ་གླིང་དུ་ཕེབས་ནས་ཡུལ་དངོས་སུ་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བར་རྟོག་ཞིབ་གནང་།“ཏང་ཀྲུང་དབྱང་གིས་དམངས་ཚིས་བྱ་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བཞིན་ཡོད། དམངས་ཚིས་ཐོག་མ་ནི་ལས་ཞུགས་བྱ་རྒྱུ་དེ་རེད། ང་ཚོས་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་ལས་ཞུགས་གནད་དོན་ལ་སེམས་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད”ཅེས་གསུངས།

སློབ་གླིང་གི་འགན་འཁུར་བློ་མཐུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ད་ལོར་སློབ་གྲྭ་ཡོངས་སུ་མཐར་ཕྱིན་སློབ་མ་སྟོང་ལྔ་དང་དྲུག་བརྒྱ་སོ་བདུན་ཡོད་པ་དང་། ཁ་སང་བར་མཐར་ཕྱིན་སློབ་མ་སྟོང་བཞི་དང་བརྒྱ་དང་རེ་ལྔ་ཡི་འགྲོ་ཕྱོགས་དོན་འཁྱོལ་བྱས་ཡོད་པ་དང་། དོན་འཁྱོལ་བྱས་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ་ཡོད་ཅེས་བཤད།

“འགྲོ་ཕྱོགས་གཙོ་བོ་གང་རེད”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་དྲིས་པར།

“ཁེ་ལས་དང་ལས་དོན་ལས་ཁུངས། རང་གིས་ལས་སྐྲུན་བྱེད་པ། གཞུང་ཞབས་པར་རྒྱུགས་སྤྲོད་པ། ད་དུང་མུ་མཐུད་ཞིབ་འཇུག་སློབ་སྦྱོང་བྱེད་མཁན་ཡང་ཡོད”ཅེས་བཤད།

གློག་རྡུལ་བརྙན་ཤེལ་དུ་དབྱི་པིན་སློབ་གླིང་གི་མཐར་ཕྱིན་སློབ་མའི་འགྲོ་ཕྱོགས་དོན་འཁྱོལ་བྱེད་ཚད་ཀྱི་ཀ་དབྱིབས་རིས་འགྲེལ་འགྲེམས་སྟོན་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིབ་ཏུ་གཟིགས་རྗེས་བྱེ་བྲག་གི་གཞི་གྲངས་ཡང་དང་བསྐྱར་དུ་དྲིས།

“ལས་ཞུགས་གཞི་གྲངས་ནན་ཏན་དང་གནས་ཚུལ་ངོ་མ་མཚོན་པར་བྱ་དགོས”  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟབ་ནན་གྱིས་བསྟན་དོན། “ད་ལྟ་སློབ་གྲྭ་ཁག་གཅིག་གིས་ལས་ཞུགས་བྱེད་ཚད་མཐོན་པོ་ཡོང་བར་བརྩོན་ལེན་བྱས་ནས་མི་བདེན་རྫུན་བསྒྲིགས་བྱེད་ཅིང་།‘མ་གྲོས་བཙན་སྒྲིག’ གི་མིང་རྟགས་བཀོད་བྱས་པའི་གནས་ཚུལ་བྱུང་ཡོད། དེ་ལྟར་བྱས་ན་འགྲིག་པ་མ་རེད། གོང་རིམ་སྡེ་ཁག་ལ་མགོ་སྐོར་གཏོང་མི་རུང་ལ་སློབ་མ་ལ་ཡང་མགོ་སྐོར་དེ་བས་ཀྱང་གཏོང་མི་རུང་།”

ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱི་པིན་སློབ་གླིང་དུ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་གདན་ཞུ་སྒྲོག་འགྲེལ་འདུ་ཚོགས་ལ་ཞུགས་བཞིན་པའི་དགེ་རྒན་དང་སློབ་མ། ཁེ་ལས་ཀྱི་འགན་འཁུར་བ་བཅས་ལ་ཁེ་ལས་ཀྱི་གདན་ཞུ་དགོས་མཁོ་དང་མཐར་ཕྱིན་སློབ་མའི་གན་རྒྱ་འཇོག་ཚད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་ཡོད།

དབྱི་པིན་སློབ་གླིང་གི་བདེན་འཚོལ་ཚོམས་ཆེན་ཁང་དུ་ཁེ་ལས་ཀྱི་གདན་ཞུའི་སྒྲོག་འགྲེལ་ཚོགས་འདུ་ཞིག་འཚོག་བཞིན་ཡོད་ཅིང་། སི་ཁྲོན་ནས་ཡིན་པའི་དམངས་གཉེར་ཁེ་ལས8ཀྱིས་ལས་ཞུགས་ལས་གནས150བཀོད་སྒྲིག་བྱས་ཡོད་པ་རེད།

“ངས་ཁྱེད་ཚོས་ཇི་ལྟར་བྱས་ནས་གདན་འདྲེན་ཞུ་བར་ཉན་རྒྱུ་ཡིན”ཞེས་སྤྱི་ཁྱབ་ཧྲུའུ་ཅི ཞི་ཅིན་ཕིང་ཞལ་འཛུམ་འཛུམ་ངང་ཚོམས་ཆེན་ཁང་དུ་ཕེབས།

ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཕེབས་ཡོང་བ་མཐོང་སྐབས་གཅིག་རྗེས་གཉིས་མཐུད་ཀྱིས་དེའི་ཕྱོགས་སུ་རུབ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་འགན་འཁུར་བར་ལས་མི་བསྡུ་བའི་དགོས་མཁོར་དྲིས་པ་མ་ཟད། ད་དུང་སློབ་མ་ཚོའི་ས་ནས་ལས་ཞུགས་ཀྱི་འདུན་པ་དང་ལས་ཀ་འཚོལ་བའི་འཕེལ་རིམ་ལ་རྒྱུས་ལོན་ཞིབ་ཕྲ་གནང་།“ཚང་མས་ཆེད་ལས་ཅི་འདྲ་སྦྱངས་ཡོད། གང་དུ་ལས་ཀ་བྱེད་པར་འགྲོ་འདོད་ཡོད”ཅེས་དྲིས་པར།

ཚང་མས་འཚང་ཁ་ཤིག་ཤིག་གིས་ལན་བཏབ། སློབ་མ་ཞིག་གིས་རང་ཉིད་ད་དུང་དམག་ནང་དུ་ཞུགས་མྱོང་ཞེས་སྙན་ཞུ་ཕུལ་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧ་ཅང་ཐུགས་དགྱེས།

“གང་ནས་དམག་ནང་དུ་ཞུགས་ཡིན།”

“དྲག་ཆས་ཉེན་རྟོག་ཞིན་ཅང་སྤྱི་ཁྱབ་རུ་ཁག་པ་དབྱིན་ཀོ་ལིན་ཡན་ལག་རུ་ཁག་གི་པོ་ཧུའུ་རུ་འབྲིང་དུ་དམག་ལ་ཞུགས་པ་ཡིན།”

“དེ་རུ་ལོ་ཅི་ཙམ་བསྡད་པ་ཡིན།”

“ལོ་གཉིས་བསྡད་པ་ཡིན།”

“མྱོང་བརྒྱུད་འདི་ཡོད་ན་ཧ་ཅང་ཡག་པོ་རེད། ངར་ལྕགས་ནི་འདི་ལྟར་སྦྱངས་ནས་གྲུབ་པ་ཞིག་རེད”ཅེས་གསུངས།

སློབ་གྲྭ་ནས་སློབ་མཐར་ཕྱིན་ལ་ཡོད་པ་དང་སྤྱི་ཚོགས་ཐོག་བསྐྱོད་པའི་གཞོན་ནུ་སློབ་མ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དར་སྤེལ་བཏང་སྟེ་ཀུན་སྤྱོད་ལ་བརྟེན་ནས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཧུར་ཐག་གཏང་དགོས། ངལ་རྩོལ་ནི་གཟི་བརྗིད་ཆེ་ཤོས་ཡིན་ཞིང་། ང་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ནི་ངལ་རྩོལ་ལ་བརྟེན་ནས་བསྐྲུན་པ་ཡིན་པས། ཞག་གཅིག་ལ་ཕྱུག་པོར་ཆགས་པ་དང་ཞག་གཅིག་ནང་མིང་དུ་གྲགས་པ་དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། སློབ་གྲྭ་ཆེན་པོའི་སློབ་མའི་ལས་ཞུགས་ཐད་དྲང་གཞག་གི་བསམ་པ་བཅངས་ནས་རང་ངོས་ཀྱི་ཆ་རྐྱེན་དང་སྤྱི་ཚོགས་ཀྱི་དགོས་མཁོར་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་ཆེ་ས་ནས་སྒྲུབ་མི་ཐུབ་པ་དང་། དམའ་ས་ནས་སྒྲུབ་མི་འདོད་པའི་བསམ་བློ་གཏན་འགོག་བྱེད་དགོས”ཞེས་གསུངས།

ཁོང་གིས་ས་གནས་དེ་གའི་ཏང་ཨུ་དང་། སྲིད་གཞུང་། སློབ་གྲྭ་བཅས་ཀྱི་འགན་འཁུར་བློ་མཐུན་ལ“མཐོ་རིམ་སློབ་གསོ་རྒྱུན་ཆད་མེད་པར་ཁྱབ་གདལ་གཏང་རྒྱུ་དེ་ནི་དུས་བབ་ཀྱི་འཕེལ་ཕྱོགས་རེད། རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཕྱོགས་སོ་སོར་ཤེས་ཡོན་ཅན་དགོས་ཤིང་། འགག་རྩ་ནི་མིའི་བྱང་ཚད་མཐོ་རུ་གཏང་རྒྱུ་དེ་རེད། སློབ་གྲྭའི་ཆེད་ལས་བཀོད་སྒྲིག་དང་སློབ་མའི་ཤེས་བྱའི་གྲུབ་ཆ་དེ་སྤྱི་ཚོགས་ཀྱི་ལས་ཞུགས་གྲུབ་ཆ་དང་འཕྲོད་དགོས་པ་དང་། དུས་མཚུངས་སུ་ད་དུང་ཤེས་ཡོན་ཅན་ལ་ཡོད་དགོས་པའི་གོ་གནས་དང་ཐོབ་ཐང་སྟེར་དགོས”ཞེས་མངགས་བཅོལ་གནང་།

ཚོགས་ཁང་དུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་སྲུང་འཛིན་བྱ་རྒྱུ་དེ་ནི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་འགན་སྲུང་ཡིན། དབྱི་པིན་སློབ་གླིང་ནས་ཕྱིར་ཕེབས་རྗེས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཅིས་མུས་འོད་གློག་ཚད་ཡོད་སྤྱི་གཉེར་ཁང་དུ་ཕེབས་ནས་ས་གནས་དེ་གའི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་རྒྱབ་སྐྱོར་བྱས་ཚུལ་ལ་རྒྱུས་ལོན་བྱས།

ཟླ6པའི་ཚེས8ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱི་པིན་གྲོང་ཁྱེར་ཅིས་མུས་འོད་གློག་ཚད་ཡོད་སྤྱི་གཉེར་ཁང་དུ་རྟོག་ཞིབ་གནང་ནས་ཁེ་ལས་ཀྱི་རང་བདག་གསར་སྐྲུན་དང་ཐོན་རྫས་ཕྱིར་འཚོང་གི་གནས་ཚུལ་རྒྱུས་ལོན་བྱས།

ཅིས་མུས་འོད་གློག་ནི་བརྙན་ཕབ་འཕྲུལ་ཆས་ཞིབ་འཇུག་དང་བཟོ་སའི་དམངས་གཉེར་ཁེ་ལས་ཤིག་ཡིན་པ་དང་། ཐོན་རྫས་ཀྱིས་རྒྱལ་ནང་གི་ཁྲོམ་ར་བཟུང་ཚད་སྔོན་གྲལ་དུ་ཚུད་ཡོད་པས། ས་གནས་དེ་གར་ལས་ཞུགས་ལས་གནས་འབོར་ཆེན་མཁོ་འདོན་བྱས་ཡོད།

ཁེ་ལས་ཀྱི་འགན་འཁུར་བས་སྤྱི་ཁྱབ་ཧྲུའུ་ཅིར་པྲོག་གསར་གློ་ཚད་བྱུང་བའི་ཚུན་ལ། ས་གནས་དེ་གའི་སྲིད་གཞུང་གིས་ཁེ་ལས་ཀྱི་དཀའ་ངལ་ཧུར་ཐག་གིས་སེལ་རོགས་བྱས་ནས་བྱེད་ཐབས་བཏོན་པར་བརྟེན། ཁོ་ཚོས་སེམས་རྩེ་གཅིག་གིས་ལག་རྩལ་གསར་སྐྲུན་དང་རིག་ནུས་རིམ་སྤོར་བྱེད་པར་འབད་བརྩོན་བྱས། ཉེ་བའི་ལོ་གཉིས་ཀྱི་རིང་ལ། ཁེ་ལས་ཀྱི་ཐོན་རྫས་ཕྱིར་ཚོང་གི་ཚད་ལྡོག་ཕྱོགས་ནས་མང་དུ་ཕྱིན་ཏེ་ས་གནས་དེ་གའི་ལས་ཞུགས་ལས་གནས་ཆེས་ཐོག་མའི་མི་བཅུ་ནས་སྟོང་ལྷག་བར་ཇེ་མང་དུ་སོང་ཡོད་ཅེས་བཤད།

“ང་ཚོའི་དམིགས་ཡུལ་ནི་ལོ3ནས5བར་འཛམ་གླིང་ཧྲིལ་པོའི་མདུན་གྲལ་དུ་སླེབས་ནས་ས་གནས་དེ་གར་ལས་ཞུགས་ལས་གནས་དེ་ལས་མང་པོ་འདོན་སྤྲོད་བྱེད་རྒྱུ་ཡིན”

“ཧ་ཅང་ཡག་པོ་འདུག བློ་སྤོབས་དེ་འདྲ་ཡོད་དགོས”  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་གི་བཟོ་གྲྭ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་བཟོ་སྐྲུན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་དེ་བས་ཀྱང་འཛུགས་སྐྲུན་བྱ་དགོས། ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པར་ཕྱོགས་གང་ཅིའི་ཐད་ནས་སྟོབས་ཆེར་ཡོང་དགོས”

ཟླ6པའི་ཚེས8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་། ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་དབྱི་པིན་གྲོང་ཁྱེར་ཅིས་མུས་འོད་གློག་ཚད་ཡོད་སྤྱི་གཉེར་ཁང་གི་འཁོར་ཁང་ཕྱི་རོལ་གྱི་ཐང་ཆེན་དུ་ཁེ་ལས་ཀྱི་ལས་བཟོ་པ་ཚོ་དང་མཛའ་བརྩེའི་ངང་ནས་བསམ་འཆར་བརྗེ་རེས་གནང་བ།

འཁོར་ཁང་ཕྱི་རོལ་གྱི་ཐང་ཆེན་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ངོ་གདོང་ལས་ན་གཞོན་ཚན་རྩལ་ཁེ་ལས་དེའི་གཞོན་པའི་སྟོབས་ཤུགས་ལ་གསལ་འགྲེལ་བྱེད་བཞིན་འདུག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་མར“ཁྱེད་ཚོའི་ཁེ་ལས་སུ་ན་གཞོན་ཚོས་འདེགས་སྐྱོར་གྱི་ནུས་པ་ཐོན་བཞིན་པའི་རྣམ་པ་མཐོང་སྐབས་ང་ཧ་ཅང་དགའ་བྱུང་། ཚང་མ‘ལོ་རབས80པ’དང་‘ལོ་རབས90པའི’ རྗེས་སུ་སྐྱེས་པ་ཡིན་ཞིང་། ཏག་ཏག་གོ་སྐབས་དང་འཁེལ་འདུག བྱ་གཞག་ཡར་རྒྱས་དང་རྒྱལ་ཁབ་སྟོབས་འབྱོར་ལྡན་པར་འགྱུར་རྒྱུ་ནི་ཁྱེད་ཚོ་ལ་རག་ལས། བྱ་གཞག་གི་བསམ་པ་དང་འགན་འཁྲིའི་བསམ་པ་འདི་འདྲ་ཡོད་ཚེ་ཡག་པོ་བསྒྲུབ་དགོས། སྐབས་དེ་དུས་མི་ཚང་མར‘རྒྱལ་ཁབ་སྟོབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་ང་ལའང་བྱས་རྗེས་ཡོད་པའི’སྤོབས་པ་སྐྱེ་དགོས་ཞེས་གསུངས།

མ་འོངས་པར་རྒྱང་ལྟ་བྱེད་སྐབས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་ཉམས་བརྟན་ཞིང་བརླིང་།“སེམས་ཤུགས་གཅིག་སྒྲིལ་གྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས། གནས་ཚུལ་ལ་འགྱུར་ལྡོག་དང་དྲག་རླུང་རླབས་འཕྱུར་གང་འདྲ་ཞིག་དང་འཕྲད་ནའང་རང་ཉིད་བྲག་རི་ལྟར་གཡོ་མེད་བརྟན་པོར་གནས་ཐུབ་དགོས། ཀྲུང་གོ་མི་དམངས་དུང་ཕྱུར14ལྷག་ཙམ་དང་ཏང་ཡོན་བྱེ་བ་དགུ་དང་ས་ཡ་ལྔ་ལྷག་གིས་ང་ཚོའི་ལས་གནས་ཡག་པོ་བསྲུངས་ནས་རང་འཁྲིའི་བྱ་བ་བཟང་པོར་སྒྲུབ་བཞིན་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་རང་ཉིད་ཀྱིས་བྱས་རྗེས་འཇོག་དགོས”ཞེས་གསུངས།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།