《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་རྩོམ་ཡིག་གལ་ཆེན་སྤེལ།
2022.06.17 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 15

བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་བགྲོད་ལམ་སྟེང་སྐྱོད་དེ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས།

ཟླ6པའི་ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས12པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི《ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་བགྲོད་ལམ་སྟེང་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་འཕེལ་རྒྱས་ལ་སྔར་ལས་ལྷག་པར་སྐུལ་འདེད་གཏོང་》ཞེས་པའི་རྩོམ་ཡིག་གལ་ཆེན་སྤེལ།

རྩོམ་ཡིག་ལས་བསྟན་དོན། མིའི་ཚེ་སྲོག་དང་། རིན་ཐང་། ལ་རྒྱ་བཅས་ལ་སྲུང་སྐྱོང་བྱས་ཏེ་མི་ཚང་མས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་པར་བྱེད་རྒྱུ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྙེག་ཡིན། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་རྒྱུན་བསྲིངས་ལྷོད་མེད་ཀྱིས་དོན་གཉེར་བྱེད་པ་ཞིག་ཡིན། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཁྲོད་དུ། ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག  འགྲོ་བ་མིའི་ཐོབ་ཐང་འགན་སྲུང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་རྒྱུ་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་ལས་ཀ་གལ་ཆེན་ཞིག་ཏུ་བརྩིས་ནས་རྒྱུན་འཁྱོངས་བྱེད་པ་དང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་བཞིན་ཡོད།

རྩོམ་ཡིག་ལས་བསྟན་དོན། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ཀྱི་ཁྲོད་དུ། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་ཀྲུང་གོའི་དོན་དངོས་གནས་ཚུལ་ཟུང་འབྲེལ་དང་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཟུང་འབྲེལ་བྱས་ཐོག རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་རྒྱལ་ཁའི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་མིའི་རིགས་ཀྱི་ཕུལ་བྱུང་དཔལ་ཡོན་གྲུབ་འབྲས་དཔྱད་གཞིར་བཟུང་ནས། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཐུབ་པ་དང་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད། དེ་ཡང་གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གྱི་སྤྱི་ཚོགས་རིང་ལུགས་ངོ་བོ་གཏན་འཁེལ་བྱས་ཡོད། གཉིས་ནས་མི་དམངས་ཀྱི་གོ་གནས་གཙོ་བོར་བརྩི་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་དམངས་རང་བཞིན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ལམ་བུའི་ཐོག་གི་ཆེས་མངོན་གསལ་དོད་པོའི་ཁྱད་ཆོས་དེ་ཡིན། གསུམ་ནས་རང་རྒྱལ་གྱི་དོན་དངོས་ལ་གཞིགས་ནས་རྒྱུན་འཁྱོངས་བྱེད་པ། རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་བགྲོད་ལམ་དེ་ངེས་པར་དུ་རྒྱལ་ཁབ་དེའི་གནས་ཚུལ་དང་རྒྱལ་ཁབ་དེ་གའི་མི་དམངས་ཀྱི་འདོད་བློར་གཞིགས་ནས་གཏན་འཁེལ་བྱེད་དགོས། བཞི་ནས་འཚོ་གནས་དབང་ཆ་དང་གོང་འཕེལ་དབང་ཆ་གཙོ་བོ་བྱེད་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྒྱུན་འཁྱོངས་བྱེད་པ། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཡོད་དོ་ཅོག་ལོངས་སུ་སྤྱོད་པའི་རྨང་གཞི་ཡིན། མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན། ལྔ་ནས་ཁྲིམས་ལྟར་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་ནི་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་ཐད་ནུས་པ་ཆེ་ཤོས་ལྡན་པ་དེ་ཡིན། དྲུག་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ལས་དོན་ཡིན། རྒྱལ་ཁབ་ཁག་ལ་འགྲོ་བ་མིའི་ཐོབ་ཐང་རང་ཚུགས་ངང་གདམ་ག་བྱེད་པའི་དབང་ཆ་ཡོད། དཔལ་ཡོན་མི་འདྲ་བ་དང་རྒྱལ་ཁབ་མི་གཅིག་པའི་དབར་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་དགོས།

རྩོམ་ཡིག་ལས་ནན་གྱིས་བསྟན་དོན། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་བཀོད་འདོམས་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཡག་པོར་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཡང་དག་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་དེ་བས་མཐོང་ཆེན་བྱས་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་སྐྱོན་བྲལ་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། དེའི་ཐད་གཤམ་གསལ་གྱི་ལས་དོན་ཁག་གཙོ་བོ་བྱས་ནས་དམ་འཛིན་ཡག་པོ་བྱེད་དགོས་ཏེ། གཅིག་ནས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཁྱོན་ཡོངས་ནས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་སྲུང་ལ་ཤུགས་སྣོན་པ། གསུམ་ནས་ཡང་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དར་སྤེལ་གཏོང་བ། བཞི་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ། ལྔ་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ཧུར་ཐག་གིས་སྤེལ་བ་བཅས་ཡིན། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། ཞིབ་ཕྲ། དངོས་ཡོད་བཅས་ཡིན་པས། རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་སྟོང་བཤད་བྱེད་མི་རུང་། རྒྱལ་ཁབ་ཅིག་ལ་འགྲོ་བ་མིའི་ཐོབ་ཐང་ཡོད་མེད་ཐད་གདེང་འཇོག་བྱེད་དུས། རྒྱལ་ཁབ་གཞན་པའི་ཚད་གཞིའི་ཐོག་ནས་ཚད་འཇལ་མི་རུང་ལ་ཚད་གཞི་ཉིས་བརྩེགས་དེ་བས་ཀྱང་འཛིན་མི་རུང་། སྒོས་སུ་འགྲོ་བ་མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆར་བརྩི་མི་རུང་།

རྩོམ་ཡིག་ལས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་དགོས་པ་དང་། རིམ་པ་སོ་སོའི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བར་རང་རྟོགས་ངང་སློབ་སྦྱོང་བྱེད་པ། ས་ཁུལ་ཁག་དང་སྡེ་ཁག་སོ་སོའི་ལས་རིགས་ཁག་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།