ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད། ཉེ་ལམ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཡུལ་ཚོའི་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་དབྱང་ཧྲིན་ཧའེ་ཡིས་ཨ་རིག་ཡུལ་ཚོའི་རུ་ཕྱོར་སྡེ་བ་དང་། འགྲམ་ནག་སྡེ་བ། ཆུ་འཁོར་སྡེ་བ་བཅས་ཀྱི་སྡེ་མི་ཚོར་རྩྭ་ཐང་ནས་ཏང་གི་སློབ་ཁྲིད་བྱས།
བསྟུད་མར་ཉིན་འགའི་རིང་ལ། དབྱང་ཧྲིན་ཧའེ་དང་འཐུས་མི་གཞན་པ་རྣམས་མདོ་ལ་རྫོང་གི་ལས་ཁུངས་དང་། སྡེ་ཁུལ། ཡུལ་ཚོ་བཅས་སུ་སོང་ནས་ཁོ་ཚོར་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྲིད་ཇུས་བཟང་པོ་སྒྲོག་འགྲེལ་བྱས།
ཨ་རིག་གི་མི་ཞིག་ཡིན་པའི་ངོས་ནས་རྒྱུས་མངའ་ཆེ་བའི་རྩྭ་ཐང་དུ་ལོག་རྗེས་དབྱང་ཧྲིན་ཧའེ་ཡིས་སྒྲོག་འགྲེལ་བྱེད་སྐབས་ཀྱི་སྐད་སྒྲ་ནི་ངར་ཤུགས་ལྡན་པ་ཞིག་རེད། སྔོན་ཆད་ང་ཚོ་རྫོང་མཁར་དུ་སོང་ན་རྟ་ཞོན་ནས་འགྲོ་བའམ་ཡང་ན་འཕྲུལ་རྟ་ཞོན་ནས་འགྲོ་དགོས་ལ། ད་ལྟ་ཁྱིམ་ཚང་ཚང་མར་རླངས་འཁོར་ཆུང་བ་རེ་ཡོད་ཅེས་བཤད།
སྒྲོག་འགྲེལ་ཡུལ་དངོས་སུ་ཚང་མས་ལོ་ལྔའི་རིང་གི་འགྱུར་ལྡོག་སྐོར་གླེང་སྐབས་ཏང་ཡོན་རྒན་པ་ཚོས་ཏང་དང་སྲིད་གཞུང་ནི་མང་ཚོགས་ལ་དངོས་གནས་བཟང་། འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མི་ཚང་མ་ནི་ཁེ་ཕན་ཐོབ་མཁན་ཤ་སྟག་རེད་ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་བཤད། ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཞ་ཡིས་དགའ་སྤྲོའི་ངང་བཤད་རྒྱུར། ཁྱེད་ཚོས་འགྲམ་ནག་སྡེ་བའི་རུ་ཁག་དྲུག་པར་བསྐྱོད་པའི་བྱེ་ཟེགས་ཀྱི་ལམ་དེར་ལྟོས་དང་། ད་ལྟ་ཨར་འདམ་གྱི་ལམ་ལས་འགོ་བརྩམས་ཡོད། དེ་ནི་གྲོང་གསེབ་དར་སྤེལ་གཏོང་བའི་རྗེས་བསྐྲུན་ལས་གཞིའི་གྲས་ཤིག་ཡིན་ཟེར།
ཕྱུགས་ཁང་འཛུགས་སྐྲུན་སྐོར་གླེང་སྐབས་དབྱང་ཧྲིན་ཧའེ་ཡིས་ཡང་བསྐྱར་ཚང་མར་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་བཏོན་པའི་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་ཇེ་ལེགས་སུ་འགྲོ་བར་ཚོད་འཛིན་ཐེབས་པའི་འགག་རྩའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་ཞིང་ཕྱུགས་ལས་ཐོན་རྫས་ལས་སྣོན། ཡུལ་སྐོར་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། སྡེ་བའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ། ཆ་རྐྱེན་འཛོམས་པའི་རྫོང་ཁོངས་སུ་ཞིང་ཕྱུགས་ལས་ཀྱི་ཐོན་ལས་སྦྲེལ་ཐག་འཕེལ་རྒྱས་གཏོང་བ་སོགས་ཀྱི་ནང་དོན་གླེང་བ་རེད། ཁོས་བཤད་རྒྱུར། ད་ལྟ་མདོ་ལ་རྫོང་གིས་ཀྱང་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གི་དཔེ་སྟོན་རྫོང་ཧུར་ཐག་གིས་བསྐྲུན་བཞིན་ཡོད་པས། རྗེས་ཕྱོགས་ཕྱུགས་ལས་འཕེལ་རྒྱས་སྔར་ལས་ཇེ་བཟང་དུ་འགྲོ་ངེས་རེད་ཟེར།
ཕྱུགས་ཁང་ལས་རྗེས། ང་ཚོ་ཚད་གཞི་མཐོ་བའི་གསོ་སྤེལ་དང་བར་ཐག་ཇེ་ཉེ་ཡིན་པས། རྫོང་ཡོངས་ཀྱི་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་པའི་དཔེ་སྟོན་རྫོང་གི་ལས་གཞིའི་ནང་ཞུགས་ཆོག་པ་རེད་ཅེས་འགྲམ་ནག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧའེ་མེན་གྱིས་རེ་སྒུག་ཆེན་པོས་དེ་ལྟར་བཤད།
ཉེ་བའི་ལོ་འདི་གའི་རིང་། དབུལ་ཐར་མཁྲེགས་གཏོར་དང་གྲོང་གསེབ་དར་སྤེལ་སོགས་སྲིད་ཇུས་ཁག་གི་རྒྱབ་སྐྱོར་འོག འགྲམ་ནག་སྡེ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཆ་མཚོན་ན། ལོ་བདུན་བརྒྱད་གྱི་སྔོན་དུ་སྡེ་བའི་ནང་ཕྱུགས་ར་གཅིག་ལས་མེད་པ་དང་ཡོང་འབབ་ཀྱང་ཆེས་ཉུང་བ་རེད། སྡེ་བ་ཡོངས་ཀྱི་དཀའ་ཁག་ཆེ་བའི་ཁྱིམ་ཚང་ལ་མཚོན་ན་ལོ་གཅིག་གི་ཡོང་འབབ་སྒོར་བརྒྱ་ཤོག་འགའ་ལས་མེད་པ་རེད།
དེའི་རྗེས་ནས་སྡེ་བའི་ཐུན་མོང་གིས་མ་མོ་ཉོ་བ་དང་ཁེ་ལས་གཙོ་བོར་མ་དངུལ་མ་རྐང་དུ་འཇོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྡེ་བའི་ཐུན་མོང་ཡོང་འབབ་སྒོར་འབུམ་ལྔ་ལྷག་ཏུ་བསླེབས་པ་དང་། དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་མི་རེར་སྒོར900ལྷག་གི་ཡོང་འབབ་ཐོབ་པ་རེད། ད་ལྟ་སྡེ་བའི་ནང་བོད་ལུག་གསོ་སྤེལ་རྟེན་གཞི་བསྐྲུན་བཞིན་ཡོད་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱི་ཚ་རླབས་ཁྲོད་ནས། རྗེས་ཕྱོགས་ལོ་གཉིས་ཀྱི་ནང་སྡེ་མི་ཚོའི་ཡོང་འབབ་མུ་མཐུད་དུ་འཕར་སྣོན་འབྱུང་ངེས་རེད་ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཧའེ་མེན་གྱིས་ཡིད་ཆེས་ཆེན་པོས་དེ་ལྟར་བཤད།
མང་ཚོགས་ཀྱི་ཚོགས་ཆེན་ལ་མང་ཚོགས་མང་པོ་ཞུགས་ཡོད་པ་དེ་ནི་སྒྲོག་འགྲེལ་གྱི་གོ་སྐབས་བཟང་པོ་ཞིག་རེད། རྩྭ་ཐང་དུ་ཏང་གི་སློབ་ཁྲིད་བྱེད་པ་མཇུག་འགྲིལ་རྗེས། ཝང་ཞ་དང་ལས་གྲོགས་ཚོས་རི་ཕྱོར་སྡེ་བས་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་བཞིན་ཡོད་པ་ཤེས་རྗེས་མྱུར་དུ་དེ་གར་སྒྲོག་འགྲེལ་བྱེད་པར་བསྐྱོད་པ་རེད།
སྔོ་ལྗང་གི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་ལ། གངས་རི་འཁྱགས་རོམ་ཡང་ང་ཚོའི་གསེར་རི་དངུལ་རི་ཡིན། ཝང་ཞ་ཡིས་སྒྲོག་འགྲེལ་ལ་ཉན་བཞིན་པའི་མང་ཚོགས་ཁྲོད་སྐྱེ་ཁམས་ལྟ་སྲུང་པ་མི་ཉུང་བ་ཞིག་ཡོད་པ་མཐོང་རྗེས། སྐྱེ་ཁམས་སྲུང་སྐྱོབ་ཐད་ཀྱི་ནང་དོན་ གཙོར་བཟུང་ནས་སྒྲོག་འགྲེལ་བྱས་པ་རེད།
མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཡུག་ཁུལ་ཞིག་ཡིན་པའི་རི་ཕྱོར་སྡེ་བས་སྔར་ནས་བཟུང་སྐྱེ་ཁམས་སྲུང་སྐྱོབ་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་གཉིས་ཀྱི་ཡར་སྔོན་ལ་སྡེ་བའི་ནང་གི་ཏང་ཡོན་དང་ན་གཞོན་བཅུ་ལྷག་གིས་རང་འགུལ་ངང་རི་ཕྱོར་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་བཙུགས་ནས། ད་ལྟ་མི་སུམ་ཅུ་ལྷག་ཏུ་བསླེབས་ཡོད།
སྒྲོག་འགྲེལ་མ་བྱས་སྔོན་གྱི་ཉིན་དེར། རི་ཕྱོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཚེ་རིང་གི་སྣེ་ཁྲིད་འོག དང་བླངས་རུ་ཁག་གིས་ད་དུང་ཞིང་ཆེན་གྱི་ལམ302རྒྱུད་ཀྱི་གད་སྙིགས་མང་པོ་ཞིག་གཙང་སེལ་བྱས་པ་རེད།
ང་ཚོས་རང་ཉིད་ནས་འགོ་བརྩམས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་ཝང་ཞ་ཡིས་དེ་ལྟར་བཤད།
རི་ཕྱོར་སྡེ་བའི་སྒྲོག་འགྲེལ་བྱེད་སྒོ་མཇུག་རྫོགས་པ་དང་བསྟུན་ནས། ཚང་མར་ཞིང་ཆེན་ ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དེ་རྒྱུན་ཆད་མེད་པར་ཡངས་པའི་རྩྭ་ཐང་དུ་བརྒྱུད་སྒྲོག་བྱེད་བཞིན་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད།
ཡིག་སྒྱུར་བ།སྒྲོལ་མ་སྐྱིད།