ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྲོས་ཚོགས་ཚོགས་པ།
2022.06.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 9

ཞིན་ཁྲང་ཞིང་གིས་གཏམ་བཤད་པ་དང་། ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་ཡིག་ཆ་སྒྲོག་འདོན་བྱས།

ཉེ་སྔོན། ཞིང་ཆེན་ཡོངས་ཀྱི་སྤྱོད་ཚུལ་འཛུགས་སྐྲུན་གྲོས་ཚོགས་ཟི་ལིང་དུ་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞིན་ཁྲང་ཞིང་གིས་གཏམ་བཤད་ནང་ནན་གྱིས་བསྟན་དོན། སྲོལ་རྒྱུན་ལེགས་པོ་མུ་མཐུད་དུ་རྒྱུན་འཛིན་བྱེད་པ་དང་། སྤྱོད་ཚུལ་ལེགས་པོ་དར་སྤེལ་བྱེད་པ། སྙིགས་འདོར་དྭངས་འབྱེད་བྱེད་པ། ལས་སྒྲུབ་གསར་གཏོད་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་དེད་ནས་མདུན་སྐྱོད་བྱེད་པ་བཅས་ཀྱིས། རབ་ཏུ་བརྟས་པའི་སྙིང་སྟོབས་ཀྱི་ཉམས་འགྱུར་དང་། བྱ་བའི་སྤྱོད་ཚུལ་ལེགས་པོ། གཡུར་དུ་ཟ་བའི་བྱ་བའི་གྲུབ་འབྲས་བཅས་ལ་བརྟེན་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་བཀོད་སྒྲིག་ཞིབ་འབེབས་དངོས་འབེབས་ཡོང་བར་སྐུལ་འདེད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྤྱོད་ཚུལ་ལེགས་པོ་སྔར་ལས་དར་སྤེལ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་ངང་འཛུགས་པའི་སྐོར་གྱི་བྱེད་ཐབས་འགའ》སྒྲོག་འདོན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

ཞིན་ཁྲང་ཞིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱོད་ཚུལ་འཛུགས་སྐྲུན་ནས་མགོ་བརྩམས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་འབྱུང་བར་སྐུལ་འདེད་བཏང་། སྤྱོད་ཚུལ་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་ཟབ་མོ་ལེན་པ་དང་། སྤྱོད་ཚུལ་འཛུགས་སྐྲུན་དེ་མཚོ་སྔོན་གྱི་འཕེལ་རྒྱས་དང་མ་འོངས་པར་འབྲེལ་ཡོད་པ་ངོས་ཟིན་པར་བྱས་ཏེ། འགན་འཁྲི་དང་ལས་འགན་ལྕི་མོ་ཕྲག་ཏུ་ལེགས་པོར་འཁུར་བ་དང་། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བ། ཏང་གཟབ་ནན་གྱིས་སྐྱོང་བའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པོར་བསྐྱོད་པ། ལས་བྱེད་པས་དུས་རབས་གསར་པར་ཁག་ཁུར་གསར་པ་དང་བྱས་རྗེས་གསར་པ་འཇོག་པར་སྐུལ་སློང་བྱེད་པ་བཅས་ཀྱིས། སྤྱོད་ཚུལ་འཛུགས་སྐྲུན་དེ་ངེས་པར་དམ་འཛིན་ལེགས་པོ་བྱེད་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྤྱོད་ཚུལ་འཛུགས་སྐྲུན་ཐད་འཕྲད་པའི་ལས་འགན་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་། སེམས་པ་རྩེ་གཅིག་གིས་སློབ་སྦྱོང་བྱེད་པ། རང་རྟོགས་ཀྱིས་ཚད་ཐིག་དང་བསྡུར་བ། ཞིང་ཆེན་ཏང་ཨུས་བཏོན་པའི《བྱེད་ཐབས་འགའ》བརྩི་སྲུང་ནན་མོ་བྱེད་པ། ཧེ་བག་འཚོལ་བ། ཞན་ཆ་གསབ་པ། གུས་སྐྲག་རྟོགས་པ། དོགས་ཟོན་ཡོད་པ་བཅས་བྱས་ཏེ། གཟབ་ནན་གྱི་སྣང་ཚུལ་དང་དར་སྲོལ་ཡག་པོ་ཞིག་དངོས་གནས་ཆགས་སུ་འཇུག་དགོས། སྤྱོད་ཚུལ་བྱ་བ་འཛིན་པར་ཆབ་སྲིད་ལ་དོ་སྣང་བྱེད་དགོས་པ་དང་། མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལྟར་བསྒྲུབ་དགོས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ནན་མོ་བྱེད་པ། ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བཅས་བྱེད་དགོས་པ་ལས། ཁ་བཤད་དང་ལག་ལེན་གཉིས་འགལ་བ་དང་གཅོག་འཕྲི་བྱེད་པ། སྟབས་བསྟུན་བཅས་གཏན་ནས་བྱེད་མི་ཆོག་ལ། མི་བདེན་རྫུན་སྒྲིག་དང་མངོན་བརྩི་ལྐོག་འགལ་གཏན་ནས་བྱེད་མི་ཆོག སྤྱོད་ཚུལ་དམ་འཛིན་བྱེད་པར་སློབ་ཚུལ་བསྒྱུར་དགོས་ལ། རང་ཉིད་ལ་འཇོན་ནུས་མི་ལྡན་པའི་ངེས་ཤེས་རྙེད་ཐོག སྐོམ་པས་ཆུ་འདོད་པ་བཞིན་སློབ་སྦྱོང་བྱེད་པ་དང་། རྟག་པར་མཐོར་འདེགས་གཏོང་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་དངོས་སུ་སློབ་སྦྱོང་དང་དངོས་སུ་ཤེས་རྟོགས་ཡོང་བ།དངོས་སུ་ཡིད་རྟོན་ཡོད་པ།དངོས་སུ་སྤྱོད་ཐུབ་པ་བཅས་བྱེད་དགོས་ཤིང་། ལས་གནས་ལས་འགན་ལག་ཏུ་བསྟར་བར་ངེས་པར་འཛོམས་དགོས་པའི་ཤེས་བྱར་མུ་མཐུད་དུ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། སློབ་སྦྱོང་གི་གྲུབ་འབྲས་དེ་བྱ་བར་འཆར་འགོད་དང་སྐུལ་འདེད་གཏོང་བའི་ནུས་རྩལ་ལ་ལེགས་པར་བསྒྱུར་བ་བཅས་བྱེད་དགོས། སྤྱོད་ཚུལ་དམ་འཛིན་བྱེད་པར་ངེས་པར་དོན་དངོས་སྒྲུབ་དགོས་ལ། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་བསམ་པ། མགོ་ཁྲིད་ལས་བྱེད་པའི་གཤམ་འདྲིའི་ལམ་ལུགས་ལག་བསྟར་བྱེད་པ། མང་ཚོགས་ཀྱི་རེ་འདུན་དང་རེ་འདོད་ལ་རྒྱུས་ལོན་བྱེད་པའི་གོ་རིམ་ཁྲོད། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། བྱ་བའི་སྤྱོད་ཚུལ་བསྒྱུར་བ། སྔར་ལས་ལེགས་པའི་སྒོ་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ། མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ཁག་དངོས་གནས་སེལ་རོགས་བཅས་བྱེད་དགོས།   སྤྱོད་ཚུལ་དམ་འཛིན་བྱེད་པར་ངེས་པར་ཁག་ཁུར་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་ལ། ཁ་ཚ་དགོས་གཏུག་གི་བྱ་བ་བཤད་མ་ཐག་ཏུ་འགུལ་སྐྱོད་བྱེད་པ། མྱུར་དུ་སྒྲུབ་པ། ཆུ་ཐིགས་ཀྱིས་རྡོ་ལ་ཁུང་བུ་བརྟོལ་བ་བཞིན་དུས་ཡུན་རིང་པོའི་ལས་འགན་ལ་འབད་བརྩོན་བྱེད་པ། སྙིང་རུས་གཏན་འཁྱོངས་བྱེད་པ། འཛེར་མ་རྡེབ་པ་ལྟ་བུའི་སྙིང་སྟོབས་དང་མེ་ཏོག་གཙགས་པའི་རྩལ་ནུས་ལ་བརྟེན་ནས་རང་འགན་འཁྲི་སྒྲུབ་བྱེད་པ། ལས་སྒྲུབ་གསར་གཏོད་བྱེད་པ་བཅས་ཀྱིས། ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་ཁག་ཁུར་ལེགས་པོ་བྱེད་དགོས། སྤྱོད་ཚུལ་དམ་འཛིན་བྱེད་པར་ངེས་པར་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་དགོས་ཤིང་། རང་རྟོགས་ངང་སྤྱི་ཡོངས་གཙོ་བོར་འཇོག་པ། ལས་དོན་གཙོ་བོར་བཞག་ནས། ཕན་ཚུན་ལ་ཡིད་ཆེས་དང་།ཕན་ཚུན་ལ་རྒྱབ་སྐྱོར། ཕན་ཚུན་ལ་བརྩི་བཀུར། ཕན་ཚུན་ལ་གུ་ཡངས་བཅས་བྱེད་པ་དང་། བསམ་ཕྱོགས་གཅིག་ལ་བསམ་པ་དང་ངར་ཤུགས་གཅིག་ལ་བཏོན་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བསྐྲུན་པའི་མཉམ་ཤུགས་དྲག་པོ་ཕྱོགས་གཅིག་ཏུ་སྡུད་དགོས། སྤྱོད་ཚུལ་དམ་འཛིན་བྱེད་པར་ངེས་པར་སྒྲིག་ཁྲིམས་ཇེ་ནན་དུ་གཏོང་དགོས་ལ། ཐོག་མཐའ་བར་གསུམ་དུ་ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་མདུན་དུ་བཞག་ནས། འཛིན་ཕོད་པ་དང་སྡོམ་ཕོད་པར་མ་ཟད་ཕོག་ཐུག་གཏོང་ཐུབ་དགོས་ལ། སྒྲིག་ཁྲིམས་ཀྱི་ཚད་མཐའ་བརྟན་སྲུང་བྱས་ཏེ། སྲོལ་གཙང་སྤྱོད་དྲང་དར་སྤེལ་གཏོང་དགོས་པ་ལས། ངོ་སྲུང་ལ་བསམས་ནས་ཏང་གཤིས་གཏན་ནས་འབོར་མི་རུང་བ་དང་། རྩ་དོན་ཁྱེར་ནས་བརྗེ་སྤོར་རྒྱག་པ་དང་། ཏང་གཤིས་ངོ་སོ་ལ་བརྗེ་བ་གཏན་ནས་བྱེད་མི་ཆོག

ཞིན་ཁྲང་ཞིང་གིས་བླང་བྱ་བཏོན་དོན། མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་བྱེད་དགོས་ཤིང་། ཏན་ཏན་ཏིག་ཏིག་གིས་སྤྱོད་ཚུལ་འཛུགས་སྐྲུན་དོན་ཐོག་ཏུ་འཁྱོལ་དགོས། དུས་རྒྱུན་དང་ཡུན་རིང་གི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། སྤྱོད་ཚུལ་ལེགས་པོ་དེ་ནང་གི་ཆོད་སེམས་དང་ཕྱི་ཡི་གོམས་གཤིས། སྲ་བརྟན་གྱི་ལམ་ལུགས་བཅས་སུ་བསྒྱུར་དགོས། ནན་མོ་དང་རྣལ་མའི་ཚད་ཐིག་རྒྱུན་འཁྱོངས་བྱས་ཏེ། ནན་མོ་བྱ་རྒྱུ་གཙོ་བོར་འཛིན་པ་དང་། ལྷོད་ཡངས་སྤུ་ཙམ་མི་གཏོང་བ། རྣལ་མ་རྨང་གཞིར་འཛིན་པ། ལེགས་སྒྲུབ་དང་ལེགས་འགྲུབ་བཅས་བྱེད་དགོས། སྔ་ས་དང་ཆུང་སའི་འདུ་ཤེས་བརྟན་པོར་བཙུགས་ནས། སྤྱོད་ཚུལ་འཛུགས་སྐྲུན་བྱེད་པ་དེ་ཆུང་འགོག་ཕྲ་སེལ་ཁྲོད་གོམ་འགྲོས་མ་ལྷོད་རྒྱང་གྲགས་སྟོང་ལ་ཆོད་དགོས། གཏོར་དང་འཛུགས་པའི་སྙིང་སྟོབས་དར་སྤེལ་བཏང་ནས། འགྱུར་མེད་ལམ་ལུགས་ཀྱིས་གཏན་འབེབས་དང་གཟབ་ནན་ལམ་ལུགས་ལ་བརྟེན་ནས་ལག་ལེན་དུ་བསྟར་བ། ཏང་སྲོལ་སྲིད་སྲོལ་མུ་མཐུད་དུ་ལེགས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་རྒྱུན་ཆད་མེད་པར་ལེགས་ཕྱོགས་སུ་འགྲོ་བར་སྐུལ་ཁྲིད་བྱེད་དགོས།

                                                                རྩོམ་སྒྲིག་པ། གཡང་འབུམ་རྒྱལ།