དཔའ་བསྐྱེད་མདུན་བསྐྱོད་བྱས་པའི་བཀའ་དྲིན་ལ་བདེ་སྐྱིད་འཚོ་བ་སྦྲང་རྩི་བཞིན་དུ་ཞིམ།
2022.06.21 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 16

 དབྱར་ཁའི་རྐང་ཚའི་རྩྭ་ཐང་ནི། སྔོ་ལྗང་རྩྭ་ཡི་སྐྱེ་སྟོབས་རྒྱས་ཤིང་། ནོར་ལུག་གི་ཁྱུ་ཚོགས་འཕེལ་བ། སྤྲོ་དགས་ཕྱུག་པའི་གསེར་ཉ་ཤུགས་ཀྱིས་རྐྱལ་ནས་ཚེ་སྲོག་གསར་པའི་སྐྱེ་འཕེལ་ལ་བརྩོན་པ་སོགས་གང་སར་གསོན་ཉམས་ཁེངས་པའི་མཛེས་ལྗོངས་ཤིག་གིས་མི་ལ་དགའ་སྤྲོ་དཔག་མེད་སྦྱིན།

2021ལོའི་ཟླ6པའི་ཚེས8ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆ་སྙོམས་མཚོ་འཕང་ལ་སྨི3300ཡོད་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བར་གཟིགས་ཞིབ་ཏུ་ཕེབས།

ལོ་གཅིག་གི་རིང་ལ། དཀོན་ལོ་གོང་མ་སྡེ་བས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་དེ་སྡེ་བ་རིམ་པའི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྩ་བའི་གཞི་འཛིན་ས་བྱས་ཤིང་། ཏང་ཡོན་གདོང་མཆོང་ཡིན་པའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་པ་བརྒྱུད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གསར་སྐྲུན་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། སྡེ་དམངས་ཀྱི་འཚོ་བའི་སྤུས་ཚད་དང་བསམ་པའི་ཉམས་འགྱུར་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན།

ལོ་གཅིག་གི་རིང་ལ། དཀོན་ལོ་གོང་མ་སྡེ་བའི་ལས་བྱེད་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་རེ་ཟབ་མོ་ཡིད་ལ་དམ་པོར་བཟུང་ཞིང་། སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་སེམས་པའི་གཏིང་ལ་ཉར་ནས། སྐྱེ་འཕེལ་ལ་བྲེལ་བའི་གསེར་ཉ་ཇི་བཞིན་དཔའ་བསྐྱེད་འབད་བརྩོན་བྱས་ཏེ།  ཁོ་ཚོར་དབང་བའི་བདེ་སྐྱིད་འཚོ་བ་འབད་པ་ཆེན་པོས་གསར་སྐྲུན་བྱས།

ལོ་གཅིག་གི་རིང་ལ། དཀོན་ལོ་གོང་མ་སྡེ་བའི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་དྲིན་གཟོའི་བསམ་པ་ཡིད་ལ་བསྒོམས་ཏེ། ཕུ་ཐུང་བརྫེས་ནས་ལས་ལ་བརྩོན་ཞིང་། སྦྲང་རྩི་ལྟ་བུའི་ཞིམ་མངར་ལྡན་པའི་བདེ་སྐྱིད་འཚོ་བ་གསར་སྐྲུན་བྱས།

མདུན་བསྐྱོད་ལས་ལ་འབད། ལང་ཚོའི་གཟི་དཔལ་ངོམ།

ཉིན་འདི་འགར། བསོད་ནམས་ཚེ་བརྟན་གྱིས་རྒྱུན་དུ་ཁ་པར་བླངས་ནས་གནམ་གཤིས་གནས་ཚུལ་ལ་ལྟ་གིན་འདུག གལ་ཏེ་གནམ་ངོ་ཐང་ཚེ་ཁོ་དགའ་སྤྲོས་རབ་ཏུ་མྱོས་འགྲོ་བ་དང་། གལ་ཏེ་གནམ་ངོ་རུབ་ངེས་ཚེ་ཁོའི་ཐོད་པར་གྲོལ་དཀའ་བའི་སྙེར་མདུད་རྒྱག

དེ་ནི་གནམ་གཤིས་ཀྱི་བཟང་ངན་དེ“མི་རིགས་གྲོང་ཚོ”དང“དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་རྟེན་གཞིའི”ལས་གཞི་གཉིས་ཀྱི་ལས་ཀའི་འཕེལ་འགྲོས་དང་ཐད་ཀར་འབྲེལ་བ་ཡོད་པས་ཡིན།

ཟླ6པའི་ཚེས4ཉིན། གསར་འགོད་པ་ཡང་བསྐྱར་དཀོན་ལོ་གོང་མ་སྡེ་བའི་འདུས་གནས་སུ་སླེབས་པ་ན། ས་རྐོ་འཕྲུལ་ཆས་འཛིར་སྒྲ་དང་ལྷན་དུ་བཟོ་པ་རྣམས་བྲེལ་འཚུལ་ཆེ་བའི་ལས་ལ་བརྩོན་བཞིན་མཆིས།

“འདི་ནི་ང་ཚོ་མི་རིགས་གྲོང་ཚོའི་དུས་རིམ་སྔོན་མའི་ལས་གཞིའི་ལས་གཉེར་ཡུལ་དངོས་ཡིན་ལ། གཙོ་བོ་ཁྱིམ་ཚང42ཀྱི་ཁང་པའི་ཕྱི་རྩིག་དང་ནང་གི་ཆུ་གློག་རྒྱུ་ལམ། ལྗང་སྒྱུར་སོགས་རྨང་གཞི་སྒྲིག་ཆས་ལེགས་སྒྱུར་བྱས་ཏེ། སྔ་མོ་ནས་ལས་མཇུག་རྫོགས་པར་བརྩོན་བཞིན་ཡོད། ཁྱིམ་ཚང153ཀྱི་ཁང་པའི་ཕྱི་རྩིག་ལེགས་སྒྱུར་བྱས་ན་ཆོག ལས་གཞི་བསྒྲུབས་རྗེས། མི་རིགས་ཁྱད་ཆོས་ཀྱིས་རྣམ་པར་ཕྱུག་པའི་མི་རིགས་ཚོང་ལས་སྲང་ལམ་ཞིག་མངོན་པར་གསལ་ཡོང་ལ། འབྲོག་པས་ད་དུང་རང་བཟོས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱས་ཆོག་ཅེས་མའོ་ཞ་ཡིས་དེ་ལྟར་བཤད།

དམངས་ཚིས་ལས་གཞི་འདི་གཉིས་ཤོག་ངོས་སྟེང་ནས་དངོས་ཡོད་དུ་གྱུར་པ་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་དང་རིས་སུ་བྲལ་བའི་ཐུགས་རྗེ་ཟབ་མོ་དང་ཁ་འབྲལ་ཐབས་མེད།

བསོད་ནམས་ཚེ་བརྟན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞལ་གྱེས་ཁར་མང་ཚོགས་རྣམས་ལ་གསུངས་པའི་གསུང་ཚིག་སྟེ།   མང་ཚོགས་རྣམས་བདེ་སྐྱིད་ཀྱི་འཚོ་བ་རོལ་བ་དེ་མཐོང་བ་ན། ང་རང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། ང་ཚོས་མུ་མཐུད་དུ་དཀའ་སྤྱད་འབད་བརྩོན་བྱེད་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་བརྒྱ་ལོན་པའི་སྐབས་སུ། ཀྲུང་ཧྭ་མི་རིགས་འཛམ་གླིང་མི་རིགས་ཀྱི་ཁྲོད་སྔར་ལས་སྟོབས་དང་ལྡན་པར་ཀྲོང་ངེར་འགྱིང་ངེས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོའི་ཁྲོད། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་དང་། ལག་པ་ཕྱི་ནང་ཤ་ལྟར་དུ་བརྩེ་བས་རོགས་རམ་བྱས་ཚེ། ད་གཟོད་མི་རིགས་བསྐྱར་དར་གྱི་རླབས་ཆེན་ཕུགས་འདུན་མངོན་འགྱུར་བྱེད་ཐུབ་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཀྱང་ད་གཟོད་དུས་གཏན་དུ་བཞད་ཐུབ”ཅེས་པ་སྔར་བཞིན་ཡིད་ལ་གསལ་པོར་བཟུང་ཡོད།

ད་ལོར།  ད་དུང་དཀོན་ལོ་གོང་མ་སྡེ་བའི“མཐུན་སྒྲིལ”ཞེས་པའི་ཐང་ཆེན་འཛུགས་སྐྲུན་བྱེད་བཞིན་འདུག བསོད་ནམས་ཚེ་བརྟན་གྱིས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཟབ་མོ་ཡིད་ལ་དམ་པོར་བཟུང་ནས། སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་བ་དང་། ལག་པ་ཕྱི་ནང་ཤ་དང་མཛུབ་གུ་ལྔ་བོ་སྤུན་ཡིན་པའི་བརྩེ་བས་རོགས་རམ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྒྱུན་དུ་བཞད་དུ་འཇུག་དགོས་ཞེས་བཤད།

སྡེ་འདབས་ཀྱི་འཇའ་ཚོན་སྒོ་ཆེན་བརྒྱུད་པ་ན། སྔོ་ཞིང་བསང་བའི་ནམ་མཁའི་འོག་ཏུ། “ཏང་གི་བཀའ་ལ་ཉན། ཏང་གི་རྗེས་སུ་འབྲང་། གྲོང་གསེབ་དར་སྤེལ་བྱེད། མི་དམངས་ཕྱུག་པོར་གཏོང”ཞེས་པའི་ཚོན་མདོག་དམར་པོས་བྲིས་པའི་ཡིག་འབྲི་ཆེན་པོ་རྣམས་མཐོང་ལམ་དུ་གསལ་པོར་མངོན་ཡོང་ཞིང་། དེ་ནི་སྡེ་བའི་ལས་བྱེད་མང་ཚོགས་ཡོངས་ཀྱི་ཐུན་མོང་གི་འདུན་པ་དང་འབད་བརྩོན་གྱི་ཁ་ཕྱོགས་ཀྱང་ཡིན་ངེས།

རྗེས་ཕྱོགས། ང་ཚོས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལ་བརྟེན་ནས། དཀོན་ལོ་གོང་མ་སྡེ་བའི་ཆུ་གློག་ལམ་གསུམ་སོགས་རྨང་གཞི་སྒྲིག་ཆས་ཀྱི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་དགོས། དུས་མཚུངས་སུ། ཐོན་ལས་སྒྲིག་གཞི་མུ་མཐུད་དུ་ལེགས་སྒྱུར་བྱེད་པ་དང་། ཐོན་ལས་ཀྱི་རིམ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ། སྡེ་བ་རིམ་པའི་ཕྱོགས་བསྡུས་སྟོབས་ཤུགས་དང་མངའ་ཁོངས་ཀྱི་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་དགོས། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་འཇོན་མི་དང་དོ་དམ་གཉེར་སྐྱོང་འཇོན་མི་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ།  སྡེ་བ་རིམ་པའི་ཐོན་ལས་ཀྱི་ཡུན་ཕན་འཁོར་སྐྱོད་མངོན་འགྱུར་བྱེད་དགོས་ཞེས་བསོད་ནམས་ཚེ་བརྟན་གྱིས་ཡིད་ཆེས་བརྟན་པོས་དེ་ལྟར་བཤད།

ན་ནིང་། དཀོན་ལོ་གོང་མ་སྡེ་བ་ཀྲུང་གོའི་མཛེས་སྡུག་ལྡན་པའི་ཁམས་གསོ་གྲོང་གསེབ་ཏུ་བདམས་པ་དང་། འདི་ནི་ལས་བྱེད་མང་ཚོགས་ཀྱིས་སྡེ་བའི་སྐྱེ་ཁམས་ཁོར་ཡུག་ལེགས་པོར་བསྙེགས་པ་དང་ཁ་འབྲལ་ཐབས་མེད། 2021ལོར། སྡེ་བ་རིམ་པའི་མཚོ་དཔོན་དང་ཆུ་དཔོན། ནགས་དཔོན་དང་རྩྭ་དཔོན་བཅས་ཀྱི་འགན་འཁྲི་མ་ལག་ཕྱོགས་ཡོངས་ལ་ཁེབས་པར་བྱས། སྡེ་ཁོངས་ཀྱི་བཀག་རྒྱ་དང་། གད་སྙིགས་རིགས་དབྱེ། རྒྱལ་གཅེས་འཕྲོད་བསྟེན་སོགས་བྱེད་སྒོ་སྐུལ་སྤེལ་གཏིང་ཟབ་བྱས།

ད་ལྟ་དཀོན་ལོ་གོང་མ་སྡེ་བ་གྲོང་གསེབ་དར་སྤེལ་གྱི་ལམ་ཆེན་སྟེང་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་བཞིན་ཡོད། མ་འོངས་འཕེལ་རྒྱས་ཀྱི་ཡིད་ཆེས་གླེང་བའམ། སྡེ་བ་འཕེལ་རྒྱས་ཀྱི་མདུན་ལྗོངས་གླེང་བ་གང་ཡིན་རུང་། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་མདུན་དུ་སྐྱོད་པའི་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་རྣམས་ཀྱི་གདོང་ལ་དུས་དང་རྣམ་པ་ཀུན་ཏུ་ཡིད་ཆེས་དང་བདེ་སྐྱིད་ཀྱི་འཛུམ་མདངས་ཀྱིས་ཁེངས་ཡོད།

དངོས་སྒྲུབ་ཁག་འཁུར་གྱིས།  སྔོན་བསྐྱོད་ལས་ལ་བརྩོན།

རི་ཁུལ་དུ་རང་ཉིད་ཀྱིས་ལས་པའི་ཁང་པ་ནས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་བའི་གྲོང་གསར་དུ་སྤོས་པ་དང་། ཕྱུགས་ཟོག་ཁོ་ན་འཚོ་བ་ནས་གཅིག་བསྡུས་འཕེལ་རྒྱས་དང་། ལེགས་བསྡུས་ཞིབ་གཉེར་གྱི་གཉེར་སྐྱོང་རྣམ་པར་བསྒྱུར་བའི་དཀོན་ལོ་གོང་མ་སྡེ་བའི་སྡེ་ མི་རྣམས་ཀྱིས་སྣ་མང་ཕུན་སུམ་ཚོགས་པའི་འཚོ་བ་གསར་པ་སྐྱེལ་ཐུབ་པ་བྱུང་ཡོད།  ནད་ལ་བལྟ་བ་དང་བྱིས་པ་སློབ་གྲྭར་སྐྱེལ་བར་སྔར་ལས་སྟབས་བདེ་ལ།  སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རྨང་གཞི་བཏང་ཡོད།

ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ང་ཚོའི་སྡེ་བར་ཕེབས་པ་ནི་ང་ཚོའི་གཟི་བརྗིད་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་བྱམས་བརྩེའི་ཐུགས་ཁུར་ལས་ང་ཚོའི་སྡེ་བ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་སེམས་ཤུགས་བསྩལ་བ་དང་། ང་ཚོས་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་སྟེང་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་ལྕག་གནང་ཡོད་ཅེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་སེམས་འགུལ་ཐེབས་པའི་ངང་དེ་ལྟར་བཤད།

བསོད་ནམས་ཚེ་བརྟན་ནི་ལོ་རབས90པའི་རྗེས་སུ་སྐྱེས་པ་ཞིག་ཡིན། ཁོའི་མིག་མདངས་ལ་རེ་བས་ཁེངས་ཤིང་། ལུས་ཡོངས་ལ་སྟོབས་ཤུགས་རྒྱས་ཡོད། ཁོའི་སྣེ་ཁྲིད་འོག་དཀོན་ལོ་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་ཇེ་བཟང་ཇེ་རྒྱས་སུ་འགྲོ་བཞིན་ཡོད་པ་རེད།

2021ལོར་དཀོན་ལོ་གོང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་སྡེ་བའི་ཐུན་མོང་རྩྭ་ས་བོགས་གཏོང་དང་རྒྱུ་ནོར་བོགས་གཏོང་གི་ཡོང་འབབ་ལ་བརྟེན་ནས། ཁེ་སྤོགས་བགོ་བཤའ་རྒྱག་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཡོང་འབབ་སྒོར་འབུམ་གསུམ་ཁྲི་དགུ་ལྷག་ལ་སླེབས་པས།  མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་སྟོང་གཅིག་ལ་སླེབས་ཡོད།

ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས།  སྡེ་བའི་ཐུན་མོང་དཔལ་འབྱོར་ཡང་འཕེལ་རྒྱས་སུ་སོང་བ་རེད།   སྡེ་བའི་ཏང་ཀྲི་པུའུ་ཡིས་མི་དམངས་གཙོར་བཟུང་ནས་དམངས་དོན་དུ་སྤྱོད་པའི་རྩ་དོན་ལྟར། སྡེ་བ་ཡོངས་ཀྱི་མང་ཚོགས་ལ་ཁང་པའི་ཉེན་ཚབ་དང་།  རིམས་ནད་ཀྱི་ཉེན་ཚབ།  གྲོང་གསེབ་དར་སྤེལ་གྱི་ ཉེན་ཚབ་བཅས་ཉོས་པ་དང་། སྡེ་བ་ཡོངས་ཀྱི་ལོ18ཡན་གྱི་སྡེ་མིར་རྒན་གསོའི་ཉེན་ཚབ་སྤྲད། ན་ནིང་ལས་དོན་འདི་དག་ཁོ་ནར་ཡང་སྒོར་འབུམ་གཉིས་ཁྲི་བདུན་ལྷག་བཏང་བ་དང་།  ལྷག་མ་རྣམས་སྡེ་བའི་ཐུན་མོང་འཕེལ་རྒྱས་ཀྱི་འཁོར་སྐྱོད་མ་དངུལ་དུ་བཞག་པས།  བསོད་ནམས་ཚེ་བརྟན་ནི་མིག་རྒྱང་ཧ་ཅང་རིང་པོའི་མི་ཞིག་ཡིན་པ་ཤེས་ཐུབ།

ཕྱུགས་ལས་ནི་སྡེ་བ་ཡོངས་ཀྱི་གཙོ་ཁྲིད་ཐོན་ལས་ཡིན་པ་དང་།  སྡེ་བས་སྤུས་ལེགས་ གཟན་རྩྭ་དང་ཕྱུགས་རིགས་ལ་བརྟེན་དགོས་པས། ཕྱུགས་ཁང328གསར་སྐྲུན་བྱས། ཤུགས་ཆེན་པོས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག གྲོང་གསེབ་ཀྱི་ཡུལ་སྐོར་སྡེ་བ་ད་ལྟ་དཔལ་འབྱོར་འཕར་སྣོན་གྱི་ཡོང་ཁུངས་གསར་པར་འགྱུར་བཞིན་ཡོད།

སྡེ་བའི་འགྲམ་གྱི་རི་ལྡེབས་སུ། ཁ་དོག་དམར་པོའི་བོད་ལུགས་ཤིང་ཁང་གྱན27ལས་ཡོད་པ་དང་། དེ་ནི་སྡེ་བ་དེའི་ཐུན་མོང་གི་ཐོན་ལས་ཡིན་ལ། ཁོ་ཚོས་སྐྱེ་ཁམས་ཡུལ་སྐོར་གཉེར་བའི་ཐོག་མའི་ཚོད་ལྟ་ཞིག་ཀྱང་རེད།

འཆར་འགོད་གཞིར་བཟུང་སྟེ། ང་ཚོས་ཤིང་ཁང་གྱན27གྱི་མཐའ་འཁོར་དུ་སླར་ཡང་སྐར་འོད་ཁང50འཛུགས་སྐྲུན་བྱས་ཏེ།  མི་རིགས་གྲོང་ཚོའི་ལས་གཞིའི་རྣམ་གྲངས་ལ་བརྟེན་ནས།  སྐྱེ་ཁམས་ཡུལ་སྐོར་རྒྱ་བསྐྱེད་པ་ཡིན་ཞེས་འོམ་ཆུ་གྲོང་རྡལ་གྱི་གྲོང་གཙོ་མའོ་ཞ་ཡིས་དེ་ལྟར་ངོ་སྤྲོད་བྱས།

མངགས་བཅོལ་བློ་ལ་འཆིང་། དྲིན་ཚོར་ཡར་བརྩོན་བྱེད། 

འབྲོག་པ་བསོད་ནམས་ཚེ་རིང་གིས་མི་ཚེ་གང་བོར2021ལོའི་ཟླ6པའི་ཚེས8ཉིན་གྱི་གལ་ཆེ་བའི་ཉིན་མོ་དེ་བརྗེད་མི་སྲིད་ཟེར།

ངས་རང་ཁྱིམ་གྱི་སྒོ་འགྲམ་ནས་སྤྱི་ཁྱབ་ཧྲུའུ་ཅིར་ཁ་བཏགས་ཕུལ་བ་ཡིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། བསོད་ནམས་ཚེ་རིང་གི་གདོང་ལ་སྤོབས་པ་དང་འཛུམ་གྱིས་ཁེངས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ངེད་ཚང་ལ་ཕེབས་རྗེས་ཐོག་མར་ཁང་པ་ཚང་མར་རེ་རེ་བཞིན་གཟིགས་ནས་ད་ལྟའི་འཚོ་བ་དང་ཁྱིམ་ཚང་གི་ཡོང་འབབ་སྐོར་བཀའ་འདྲི་གནང་བྱུང་། དེ་ནས་སྤྱི་ཁྱབ་ཧྲུའུ་ཅི་འདིར་བཞུགས་ནས་ཚང་མ་དང་ལྷན་དུ་བཀའ་མོལ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཐོན་སྐྱེད་དང་འཚོ་བར་ཐུགས་ཁུར་ཆེན་པོ་གནང་བ་རེད། བསོད་ནམས་ཚེ་རིང་གིས་འགྲུལ་ཁང་གི་འབོལ་ཁྲིར་མཛུབ་མོ་བཙུགས་ཏེ་སྐབས་དེའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ། ངས་ད་དུང་འདྲ་པར་རྙིང་པ་གཉིས་བླངས་ནས་སྤྱི་ཁྱབ་ཧྲུའུ་ཅིར་བསྟན་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་འདྲ་པར་ལག་ཏུ་བླངས་ནས་ཧ་ཅང་ཞིབ་ཚགས་ཀྱིས་གཟིགས་པ་རེད་ཟེར།

པར་གཅིག་ནི་བསོད་ནམས་ཚེ་རིང་གི་སྔོན་ཆད་ཀྱི་རི་ཁུལ་གྱི་སྡོད་གནས་ཏེ། ཁང་ཚད་དམའ་ཞིང་ས་ཁང་གྱན་གཉིས་ཅན་ཞིག་རེད། རྡོ་ཡིས་རྩིགས་པའི་ར་སྐོར་གྱི་མཐོ་དམའ་མི་སྙོམས་ལ་ཞིག་རལ་ཏུ་གྱུར་ཡོད་པ་ཞིག་རེད། པར་གཞན་ཞིག་ནི་བསོད་ནམས་ཚེ་རིང་གི་ཁྱིམ་གྱི་རྩྭ་ར་དང་ལུག་ཁྱུ་ཡིན་པ་དང་། མཐོ་གནོན་གློག་སྐུད་རྩྭ་ཐང་སྟེང་འཕྲེད་དུ་འཐེན་ཡོད་ལ།  རྩྭ་ཟ་བཞིན་པའི་ལུག་ཁྱུ་ལ་ཤ་ཤེད་རྒྱས་ཡོད་པ་ཞིག་རེད།

འགྲུལ་ཁང་གི་ཆེས་ལྷང་ལ་བུད་པའི་གནས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བསོད་ནམས་ཚེ་རིང་ཁྱིམ་ཚང་གང་བོ་མཉམ་དུ་བླངས་པའི་འདྲ་པར་བཤམས་ཡོད་པས་མི་སེམས་སྒུལ་བ་ཞིག་རེད།  ཁོས་བཤད་རྒྱུར་འདི་ནི་ངེད་བཟའ་མི་གང་བོའི་གཟི་བརྗིད་ཡིན་ལ། ང་ཚོས་བདེ་སྐྱིད་ཀྱི་འཚོ་བ་གསར་སྐྲུན་བྱེད་པའི་སྒུལ་ཤུགས་ཀྱང་ཡིན་ཟེར།

2014ལོའི་ཡར་སྔོན་དུ། བསོད་ནམས་ཚེ་རིང་ཚང་གི་སྡོད་ཁང་ཞིག་རལ་ཏུ་གྱུར་ཡོད་པ་ཞིག་ཡིན་པར་མ་ཟད། འཚོ་བ་ཡང་ཧ་ཅང་ཐབས་སྡུག་ཡིན་ལ། ནོར་ལུག་ཀྱང་ཧ་ཅང་ཉུང་། ཡོང་འབབ་འཕར་སྣོན་ཡོང་ཆེད། བསོད་ནམས་ཚེ་རིང་གིས་སྡེ་བའི་གསོ་སྤེལ་ཁྱིམ་ཆེན་དུ་ལོ་འགའ་ལ་ཕྱུགས་རྫི་བྱས་མྱོང་། 2014ལོའི་ལོ་མཇུག་ཏུ། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་བཞི་དང་སྟོང་བདུན་གྱི་ཁ་གསབ་བྱིན་པ་དང་། བསོད་ནམས་ཚེ་རིང་ རང་ཉིད་ཀྱིས་སྒོར་ཁྲི་གཅིག་སྟོང་ལྔ་གྲ་སྒྲིག་བྱས་ནས། ད་ལྟའི་སྡོད་ཁང་གསར་བ་འདིའི་ནང་སྤར། 2015ལོ་ནས་བཟུང་། དབུལ་ཐར་མཁྲེགས་གཏོར་གྱི་དཔྱིལ་རླུང་དང་འགྲོགས་ནས། བསོད་ནམས་ཚེ་རིང་བཟའ་མི་གང་བོས་ནོར་ལུག་གསོ་སྤེལ་བྱེད་མགོ་བརྩམས་ནས་ད་ལྟའི་བར་དུ་སླེབས།  ད་ལྟ་ཁོ་ཚང་ལ་ནོར30དང་ལུག100ཡོད་པ་རེད།

གསོ་སྤེལ་ལས་གཞན། ད་ལོའི་ཟླ་དང་པོ་ནས་བཟུང་བསོད་ནམས་ཚེ་རིང་སྐྱེ་ཁམས་ལྟ་སྲུང་པའི་ནང་ཞུགས་ཤིང་། ཆུང་མ་ནི་སྡེ་བའི་འཕྲོད་བསྟེན་པར་གྱུར། བུ་མོའི་མག་པ་ལ་ཡང་བརྟན་འཇགས་ཀྱི་བྱ་བ་རེག ད་ལྟ་ཁོ་ཚང་སྔོན་གྱི་ཁྱིམ་ཚང་དབུལ་བོ་དེ་མིན།  ན་ནིང་ཁྱིམ་ཚང་གང་བོའི་ཡོང་འབབ་སྒོར་འབུམ་གཅིག་ཁྲི་གསུམ་ལ་སླེབས་པ་དང་། 2020ལོ་དང་བསྡུར་ན་སྒོར་ཁྲི་གཉིས་ཇེ་མང་དུ་སོང་ཡོད་ཅེས་བསོད་ནམས་ཚེ་རིང་གིས་དགོད་ཞོར་དུ་གསར་འགོད་པར་ཁྱིམ་ཚང་གི་ཡོང་འབབ་ངོ་སྤྲོད་བྱས་པ་རེད།

འདས་པའི་འཚོ་བར་ཕྱིར་འདང་ཞིག་རྒྱབ་ན། ད་ལྟའི་ཡོད་ཚད་ལ་བཀའ་དྲིན་ཆེ། བསོད་ནམས་ཚེ་རིང་གིས་སེམས་འགུལ་ཐེབས་ཞོར་དུ་དེ་ལྟར་བཤད།  སྤྱི་ཁྱབ་ཧྲུའུ་ཅིའི་མཛའ་བརྩེའི་གསུང་བཤད་དེ་ང་དང་ཡུལ་མི་ཚོས་ནམ་ཡང་བརྗེད་མི་སྲིད།  ཏང་བཀའ་དྲིན་ཆེ། སྤྱི་ཁྱབ་ཧྲུའུ་ཅི་བཀའ་དྲིན་ཆེ། ང་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེ་ཇེ་བཟང་རེད། སྤྱི་ཁྱབ་ཧྲུའུ་ཅི་ཡང་བསྐྱར་བོད་མཁར་རྐང་ཚ་དང་ངའི་ཁྱིམ་དུ་ཕེབས་པར་དགའ་བསུ་ཞུ་ཞེས་བཤད།

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།