ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་མདོ་ལ་རྫོང་གི་ཁྱིམ་ཚང་མང་པོར་ཁྱབ།
2022.06.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 3

“ཨ་ནེ། ཁྱོད་རང་སྔོན་ཆད་སྡོད་སའི་ཁང་པ་ཇི་འདྲ་ཞིག་ཡིན་པ་དང་། ཟ་མ་ཇི་འདྲ་ཟས་མྱོང་བ་དྲན་ནམ”ཞེས་གསར་འགོད་པས་དྲིས་པར།

“དེ་བརྗེད་ག་ལ་ཐུབ་སྟེ། ད་ལྟ་ཐོག་ཁང་ནང་དུ་བསྡད་ཡོད། སྔོན་ཆད་ཡིན་རྒྱུ་ན་བསམ་ཡང་མི་ཕོད་པ་ཞིག་རེད། སྐབས་དེར། ཕོ་བ་འགྲངས་ཐུབ་སོང་ན་དེ་ལས་ལྷག་པ་ཞིག་མི་འདུག”ཅེས་བཤད།

“འཚོ་བ་སྡུག་པོ་ཕར་འདས་སོང་། ད་ལྟའི་ཞིང་པ་རྣམས་ཟས་གོས་ཐད་སེམས་ཁྲལ་མེད་ལ་ད་དུང་ཡངས་ཤིང་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཐོག་ཁང་ནང་སྡོད་ཐུབ་པ་བྱུང་ཡོད། ཐེངས་འདིའི་ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་དུའང་མི་དམངས་བདེ་སྐྱིད་ལྡན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མྱུར་དུ་འཛུགས་སྐྲུན་བྱེད་དགོས་པ་དང་། སློབ་གསོ་དང་། སྨན་བཅོས། ད་དུང་རྒན་པ་ཚོས་ཆེས་སེམས་ཁུར་བྱེད་པའི་རྒན་གསོ་སོགས་སྤྱི་པའི་ཞབས་ཞུའི་ཆུ་ཚད་སྔར་ལས་ཇེ་བཟང་དུ་བཏང་ན་རྒན་པ་རྣམས་སྔར་ལས་བདེ་སྐྱིད་ཡོང་ཐུབ”ཅེས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་དགེ་རྒན་མཱ་ཕྱུག་ཧྭ་ཡིས་ཡུལ་སྐད་ཀྱི་ལམ་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།

བསྟུད་མར་ཉིན་འགའི་རིང་ལ། ཡུལ་ཚོ་དང་གྲོང་རྡལ་ནས་སྡེ་བའི་བར། རྫོང་ཐད་གཏོགས་ལས་ཁུངས་ནས་སློབ་གྲྭའི་བར། བར་དམ་ཆུ་བོའི་འགྲམ་རྒྱུད་ནས་འབྲོང་ལུང་གི་འབྲོག་ཁུལ་སོགས་སུ་གཏིང་ཟབ་ལ་གོ་བདེ་བའི་སྒོ་ནས་སྒྲོག་འགྲེལ་མང་པོ་བྱས་པ་དང་། གསོན་ཉམས་དོད་པའི་དཔེ་མཚོན་རེ་རེ་དང་། ངང་རྒྱུད་རིང་ལ་ཞིབ་ཚགས་ལྡན་པའི་སྒོ་ནས་ལན་འདེབས་པ་སོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དེ་དབྱར་གྱི་ཉི་འོད་བཞིན་མདོ་ལའི་རྩྭ་ཐང་ཡོངས་སུ་ཁྱབ་ཅིང་། མདོ་ལ་རྫོང་གི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་སེམས་ལ་འབབ་པར་བྱས།

འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་བཤད་པ་དང་། གོ་བདེ་བ་དང་། སེམས་ལ་འཛིན་པ། སེམས་ལ་བརྟན་པོར་ངེས་ཐུབ་པ་བཅས་བྱས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་གྲོལ་རྗེས། མདོ་ལ་རྫོང་གིས་སེམས་ཞིབ་མོས་བཀོད་སྒྲིག་དང་། གསར་སྐྲུན་འདེགས་སྐྱོར་བྱས་ཏེ། ནང་དོན་ཕུན་སུམ་ཇེ་ཚོགས་དང་རྒྱ་སྐྱེད་དུ་བཏང་བ་དང་། རྫོང་རིམ་པའི་འགོ་ཁྲིད་པའི་སྣེ་ཁྲིད་འོག་རང་སོ་སོའི་འབྲེལ་གཏུག་བྱ་ཡུལ་གྱི་ཡུལ་ཚོ་དང་གྲོང་རྡལ་དང་ཁག་བགོས་དོ་དམ་ལས་རིགས་སྡེ་ཁག་དུ་སྒྲོག་འགྲེལ་ཟབ་མོ་བྱས། རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྫོང་ཏང་ཨུའི་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་སོགས་འཇོན་ཐང་ལྡན་པའི་སྟོབས་ཤུགས་སྐོང་འཐེན་བྱས་ནས་གྲུབ་པའི་སྒྲོག་སྦྱོང་ཚོགས་པས་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་བདུན་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་དང་ཟུར་ཁྲིད་བྱས་པ་དང་། རིམ་པ་མང་བ་དང་ཟུར་ཚད་མང་པོ་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་འགྲེལ་བཤད་ཟབ་མོ་བྱས་ཏེ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་དུས་ཚོད་དང་པོའི་ནང་གཞི་རིམ་གྱི་ཏང་ཡོན་མང་ཚོགས་ཀྱི་སེམས་ལ་བརྒྱུད་སྒྲོག་བྱས་པ་དང་། རྫོང་ཡོངས་ཀྱི་གོང་འོག་ཀུན་ཏུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་པ་རེད།

“སྐྱོད་ལམ་གསར་བར་ཞུགས་ཏེ། དུས་རབས་གསར་བར་འབད་པས་བསྐྱོད། ‘ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བདུན’ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱས་ནས་དམ་འཛིན་ལྷོད་མེད་བྱེད་དགོས་པ་མ་ཟད། ལག་ལེན་གསར་པའི་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས། ” ང་ཚོར་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་དགོས་པ་དང་། འཕེལ་རྒྱས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས་བློ་གཅིག་སེམས་གཅིག་དང་། གོ་སྐབས་དམ་འཛིན་བྱས་ནས་ཏང་གི་འཐུས་མིའི་ཚོགས་ཆེན་གྱིས་ཇུས་འགོད་བྱས་པའི་བརྗིད་ཆེའི་འཆར་གཞི་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བར་བྱས་ཏེ། མཛེས་པའི་མཁར་དམར་རྩྭ་ཐང་གི་ནམ་མཁའ་དུས་རྟག་ཏུ་སྔོ་ཞིང་། དྭངས་གཙང་གི་ཆུ་མོའི་བཞུར་རྒྱུན་རིང་བ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་སོང་ཡོད།”མཚོ་སྔོན་དང་ཀན་སུའུ་ཡི་འབྲེལ་མཚམས་སུ་གནས་པའི་མཁར་དམར་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་མཱ་ཆིན་ཁྲོན་སྒྲོག་འགྲེལ་བྱེད་སྐབས་སེམས་འགུལ་ཆེན་པོ་ཐེབས་བཞིན་འདུག

སྒྲོག་འགྲེལ་ལ་ཉན་རྗེས། ཡུལ་དངོས་མང་ཚོགས་ཀྱི་འཐུས་མི་དང་ལས་བྱེད་པའི་འཐུས་མི་རྣམས་ཀྱིས་གྲོས་སྡུར་མང་པོ་བྱས། “ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་ཧ་ཅང་ཆ་ཚང་བ་དང་། ཁ་གསལ་བོ་ཡིན་པ་རེད། ཏང་གི་སྲིད་ཇུས་བཟང་པོས་ང་ཚོའི་འཚོ་བ་ཇེ་བཟང་ནས་ཇེ་བཟང་དུ་བཏང་བར་བཀའ་དྲིན་ཆེ་ཞུ། དེ་རིང་གི་སྒྲོག་འགྲེལ་གྱིས་ང་ཚོ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་མང་པོ་ཞིག་ཤེས་སུ་བཅུག་པས། ཕན་པ་མང་པོ་ཐོབ་སོང་། ང་ཚོ་མ་འོངས་པར་སྔར་ལས་བརྟན་པོའི་དད་སེམས་དང་ཡིད་ཆེས་ཀྱིས་ཁེངས་ཡོད”ཞེས་མཁར་དམར་གྲོང་རྡལ་མཁར་དམར་སྡེ་བའི་ཧྲུའུ་ཅི་དང་པོ་སྐལ་བཟང་ཉི་མས་དེ་ལྟར་བཤད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མདོ་ལ་རྫོང་གིས་ཁྱབ་ཁོངས་མི་འདྲ་བ་དང་རིམ་པ་མི་འདྲ་བར་དམིགས་ནས་སྒྲོག་བཤད་བྱས་པ་དང་། ད་ལོའི་འཕེལ་རྒྱས་དང་འགྱུར་ལྡོག་དང་དམངས་ཕན་སྲིད་ཇུས་སྣ་ཚོགས། གྲོང་གསེབ་དར་སྤེལ་སོགས་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་དག་ལ་དམིགས་ནས་ཁྱབ་ཁོངས་དབྱེ་ནས་སྒྲོག་འགྲེལ་བྱས་པ་དང་། དོན་དངོས་དང་རིགས་པའི་གཞུང་ལུགས་ལ་མཐོང་ཆེན་བྱས་ནས་མང་ཚོགས་ཀྱི་སྐད་ཆའི་ལམ་ནས་མང་ཚོགས་སེམས་འགུལ་ཐེབས་སུ་བཅུག་ལ། དཀའ་གནད་སེལ་ཞིང་སེམས་ལ་འབབ་པ་ཞིག་ཡིན་པས། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་གཏིང་ཟབ་ཅིང་། སེམས་ལ་འབབ་པ་ཞིག་རེད།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་དབྱང་ཧྲིན་ཧའེ་ཡིས་སྒྲོག་འགྲེལ་མཇུག་སྒྲིལ་རྗེས་མདོ་ལ་རྫོང་རེ་བའི་ཉི་འོད་གཅེས་སེམས་སྤྱི་ཕན་མཐུན་ཚོགས་ཀྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་མཐུན་ཚོགས་ཀྱི་ཏང་ཡོན་དང་མཉམ་དུ་དང་བླངས་པ་ཚོའི་སྣེ་ཁྲིད་དེ་སྤྱི་ཚོགས་རོགས་སྐྱོར་དང་། དཔལ་ཡོན་གསར་སྐྲུན། དང་བླངས་ཞབས་ཞུ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ནས་གཅེས་སེམས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར། སྡོད་ཁུལ་གྱི“སློབ་ཐུན་ཐུང་ངུ”སློབ་འགོ་རྩོམ་རྒྱུ་ཡིན་པ་ཐོས་པ་ན།  ཏང་ཡོན་རྒན་པ་ཝུའུ་ཀྲི་ཧྥུའུ་ཡིས་ཆེད་དུ“ཏང་བཙུགས་ནས་ལོ་ལྔ་བཅུ་འགོར་བའི་གཟི་བརྗིད” དྲན་གསོ་རྟགས་མ་བྲང་ཁར་བཏགས་ནས་སྔ་མོར་ཐང་ཆེན་དུ་ཐོན་འདུག ཝུའུ་ཀྲི་ཧྥུའུ་དགའ་སྤྲོའི་ངང་ནས་བཤད་རྒྱུར། “གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། ང་ཚོའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡང་མེད། སྒྲོག་འགྲེལ་ལ་ཉན་རྗེས་ང་ཚོས‘དུས་ནམ་ཡང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་པའི’ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་བརྟན་དུ་སོང་”ཞེས་བཤད།

“རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་སྡེ་བ”དང་ “ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་སྡེ་བའི”མཚན་སྙན་ཐོབ་པའི་བཙུན་མོ་གཞོང་གྲོང་རྡལ་པའེ་ཡང་ཀུག་སྡེ་བར་རི་སྔོ་ཆུ་དྭངས་ཀྱི་ཁྲོད་དུ་གྲོང་གསེབ་ཀྱི་རྣམ་པ་གཞན་དང་མི་མཚུངས་པ་ཞིག་མངོན་འདུག ཉེ་བའི་ལོ་འགའི་རིང་ལ། འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཐོན་ལས་རྒྱ་སྐྱེད་པ། ཡུལ་སྲོལ་བཟང་པོ་སྤེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སུ་བཏང་བ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྡེ་མིའི་ཡོང་སྒོ་འཕར་སྣོན་ལ་གསོན་ཤུགས་སྩོལ་ཆེད། མཉམ་དུ་ཕྱུག་འགྱུར་ཡོང་བའི་ལམ་དུ་བསྐྱོད། བཙུན་མོ་གཞུང་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲིན་འཚོ་ཡིས་བཤད་རྒྱུར། རི་སྔོ་ཆུ་དྭངས་སྲུང་ནས་ང་ཚོས་དེ་གསེར་རི་དངུལ་རིར་འགྱུར་དུ་འཇུག་དགོས། ཏང་གི་འཐུས་མིའི་ཚོགས་ཆེན་སྟེང་།‘ དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ’འཛུགས་སྐྲུན་བྱེད་པ་དེས་ང་ཚོར་སྤྲོ་སྣང་ཆེན་པོ་བསླངས་པ་དང་། ད་ལྟ་ཏང་གི་སྲིད་ཇུས་འདི་འདྲ་བཟང་པས། ཤུགས་ཡོད་ཚད་བཏོན་ནས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་ང་ཚོར་ཡིད་ཆེས་ཆེན་པོ་ཡོད་པ་དང་བྱ་བ་སྒྲུབ་པའི་སྙིང་སྟོབས་དྲག་པོ་ལྡན་ཟེར།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།