ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྐུལ་སྤེལ་བྱེད་པའི་ཐུན་མོང་སློབ་སྦྱོང་ཐེངས་བཞི་བཅུ་པ་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ནི་དམངས་སེམས་ཞེས་པའི་ཆབ་སྲིད་ཆེ་ཤོས་འདིར་འབྲེལ་བས། ཕམ་མི་ཆོག་པ་དང་གཏན་ནས་ཕམ་མི་རུང་བའི་ཆབ་སྲིད་ཀྱི་འཐབ་རྩོད་ཆེན་མོ་ཞིག་ཡིན། གནས་བབ་གསར་པའི་འོག་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་ངོས་ཟིན་ཇེ་ཟབ་ཏུ་གཏོང་དགོས་ལ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུང་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྐུལ་སྤེལ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་སྟེ། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་དགོས།
ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་གྱོད་དོན་ལྟ་སྐུལ་དོ་དམ་ཁང་གི་ཀྲུའུ་རིན་ལིའུ་མེ་ཕིན་གྱིས་གནད་དོན་འདིའི་ཐད་ནས་འགྲེལ་བཤད་བརྒྱབ་པ་དང་བྱ་བའི་གྲོས་གཞི་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ནན་ཏན་གྱིས་འགྲེལ་བཤད་ལ་ཉན་པར་མ་ཟད་གྲོས་བསྡུར་བྱས།
ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རང་ཉིད་གསར་བརྗེ་བྱེད་ཕོད་པ་ནི་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཁྲོད་གསོ་སྐྱོང་བྱས་པའི་སྤྱོད་ལམ་མངོན་གསལ་ཡིན། ལོ་རྒྱུས་ཀྱི་དུས་སྐབས་སོ་སོར། ཏང་གིས་ཏང་གཟབ་ནན་གྱིས་སྐྱོང་བ་དང་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱས། དུས་རབས་གསར་པར་སླེབས་རྗེས། ང་ཚོས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་སྤེལ་བྱེད་པར་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་རབ་དང་རིམ་པ་བཏོན་ནས། ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ“ཁྱོན་ཡོངས་བཞི”ཡི་འཐབ་ཇུས་བཀོད་སྒྲིག་གི་ནང་དུ་བརྩིས་ཏེ། རང་ངོས་གསར་བརྗེ་ལ་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ཚད་ལས་བརྒལ་བའི་ནུས་ལྡན་གྱི་ཐབས་ལམ་ཞིག་རྙེད། ཏང་གིས་སྔར་བྱུང་མ་མྱོང་བའི་རུལ་སུངས་ལ་རྒོལ་བ་དང་སྲིད་གཙང་དར་སྤེལ་གཏོང་བའི་འཐབ་རྩོད་བརྒྱུད་དེ། མི་དམངས་མང་ཚོགས་ལ་ཤ་ཁྲག་ལྟར་འབྲེལ་ཞིང་མི་དམངས་ཀྱི་སེམས་གཏིང་ནས་བརྩི་བཀུར་བྱེད་པའི་ལོ་རྒྱུས་རང་འགུལ་ཐོབ་ཅིང་། ཏང་ཡོངས་ཀྱིས་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་དང་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། མི་དམངས་ཀྱི་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་རང་འགུལ་ཐོབ།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཁྲོད་དུ་གྲུབ་འབྲས་མངོན་གསལ་བླངས་ཤིང་ཉམས་མྱོང་གལ་ཆེན་བསགས། གཅིག་ནི་ཏང་གིས་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པའི་རུལ་སུངས་ལ་རྒོལ་བའི་བྱ་བའི་གནས་སྟངས་འཛུགས་སྐྲུན་བྱས་ནས། ཏང་ཀྲུང་དབྱང་གི་གཅིག་གྱུར་མགོ་ཁྲིད་དང་རིམ་པ་སོ་སོའི་ཏང་ཨུས་གཅིག་གྱུར་འཆར་འགོད་ཀྱིས་བཀོད་འདོམས་བྱེད་པ་དང་། སྒྲིག་ཨུ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་མཐུན་སྦྱོར་བྱེད་པ། འགན་ནུས་སྡེ་ཁག་གིས་སྤུས་མཐོའི་མཉམ་སྒྲུབ་བྱེད་པ། མི་དམངས་མང་ཚོགས་དེའི་ནང་དུ་ཞུགས་ནས་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རུལ་སུངས་ལ་རྒོལ་བའི་བྱ་བའི་སྒྲིག་སྲོལ་དང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། གཉིས་ནི་ཡན་ལག་གི་བཅོས་ཐབས་ནས་མགོ་བཙུགས་ཏེ། རྩ་བ་ནས་བཅོ་བ་དེ་ཡན་ལག་ནས་བཅོ་བའི་ཁྲོད་ཚུད་དུ་བཅུག་ནས། ཏང་ཡོན་ལས་བྱེད་པར་བཀུར་ཞིང་སྐྲག་པའི་དབང་གིས“མི་ཕོད་པ”དང་ལམ་ལུགས་ཀྱི་དབང་གིས“མི་རུང་བ”གོ་རྟོགས་ཀྱི་དབང་གིས“མི་འདོད་པ”བཅས་བྱེད་དགོས། གསུམ་ནི་དུས་དང་རྣམ་པ་ཀུན་ཏུ་གཟབ་ནན་གྱི་བྱེད་ཕྱོགས་གཙོ་བོ་གཡོ་འགུལ་མེད་པ་རྒྱུན་འཁྱོངས་བྱེད་པ་དང་། བཟོད་སྒོམ་སྤུ་ཙམ་མེད་པའི་རྣམ་འགྱུར་གྱིས་རུལ་སུངས་ལ་ཆད་གཅོད་དང་། མཐའ་གཅིག་ཏུ་འཕར་ཚད་བཀག་འགོག་དང་བསགས་ཚད་ཉུང་འཕྲི་བྱས་ནས། ཏང་གི་གཞུང་ལུགས་དང་ལམ་ཕྱོགས་ཀྱི་བྱེད་ཕྱོགས་སྲིད་ཇུས་དོན་འཁྱོལ་ལག་བསྟར་བྱེད་པར་བཀག་འགོག་དང་། ཏང་གི་སྲིད་སྐྱོང་གཞི་རྩར་གནོད་སྐྱོན་ཚབས་ཆེན་བཟོས་པའི་རུལ་སུངས་གནད་དོན་གཟབ་ནན་གྱིས་ཞིབ་བཤེར་ཐག་གཅོད་བྱེད་ཅིང་། ཏང་ལ་མངོན་བརྩི་ལྐོག་འགལ་བྱེད་པའི་ངོ་གཉིས་མ་དང་། རང་ཚོད་མི་ཟིན་པའི་རུལ་སུངས་བྱེད་མཁན་མཐའ་གཅིག་ཏུ་གཙང་སེལ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་རུལ་སུངས་ལ་རྒོལ་བའི་བྱ་བ་གཏིང་ཇེ་ཟབ་ཏུ་བཏང་སྟེ། རྣམ་འགྱུར་མི་འགྱུར་བ་དང་ཆོད་སེམས་མི་འཕྲི་བ། ཚད་གཞི་མི་ལྷོད་པ་བྱེད་དགོས། བཞི་ནི་རུལ་སུངས་འགོག་བཅོས་ཀྱི་ལམ་ལུགས་གཟེབ་དྲ་དམ་པོར་བསྡམས་ཏེ། ཅུང་འཐུས་ཚང་བའི་ཏང་ནང་ཁུལ་གྱི་སྒྲིག་སྲོལ་མ་ལག་དང་རུལ་སུངས་ལ་རྒོལ་བའི་བཅའ་ཁྲིམས་མ་ལག་ཅིག་ཆགས་པར་བྱས་ནས། ལམ་ལུགས་ཀྱི་བཙན་ཤེད་རང་བཞིན་ཇེ་དྲག་ཏུ་གཏོང་བ་དང་། “ཚུལ་མིན་ཡན་གར་གཏོང་བ”འགོག་ཅིང་། སྒྲིག་བསྟར་ཁྲིམས་བསྟར་འབྲེལ་མཐུད་ཀྱིས་ཕྱོགས་བསྡུས་ནུས་ཕྱོད་ཇེ་དྲག་ཏུ་བཏང་ནས། ཁྲིམས་སྲོལ་ལམ་ལུགས་ཚང་མ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། ལྔ་ནི་རུལ་འགོག་གི་བསམ་བློའི་ཆུ་རགས་བསྐྲུན་ཏེ། ཕུགས་བསམ་དང་དད་འདུན་ལ་བརྟེན་ནས་རྩ་མཁྲེགས་རྨང་བརྟན་དུ་གཏོང་བ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲ་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱིས་གཞུང་དྲང་གཤིས་ཡག་ཅན་སྐྱོང་བ། བསམ་པའི“ཀལ”ཁ་གསབ་དང་བསམ་བློའི“རྣམ་ཤེས”བརྟན་པོར་བཟོས་ནས། བསམ་བློ་དང་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་པོར་བསྐྲུན་དགོས། དྲུག་ནི་དབང་ཤུགས་འཁོར་རྒྱུག་གི་ཚོད་འཛིན་དང་ལྟ་ཞིབ་ཇེ་དྲག་ཏུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་ལམ་ལུགས་བཅོས་བསྒྱུར་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་བྱེད་ཤུགས་ཁྱོན་ཡོངས་སུ་ཁེབས་པ་དང་གཞུང་ཞབས་མི་སྣའི་ལྟ་རྟོག་ཀུན་ལ་ཁེབས་པ་མངོན་འགྱུར་བྱེད་པ། ཏང་གི་རང་ངོས་ལྟ་ཞིབ་དང་མང་ཚོགས་ཀྱི་ལྟ་ཞིབ་ཇེ་དྲག་ཏུ་གཏོང་བ། གནད་དོན་རྙེད་པ་དང་དག་ཐེར་ལ་སྐུལ་འདེད། བཅོས་བསྒྱུར་ལ་སྐུལ་བ། ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་འབྲེལ་མཐུད་བྱས་ཏེ། ཏང་ཡོན་ལས་བྱེད་པས་དྲང་གཞག་གིས་དབང་ཆ་སྤྱོད་པ་དང་ཁྲིམས་ལྟར་དབང་ཆ་སྤྱོད་པ། དག་གཙང་སྒོས་དབང་ཆ་སྤྱོད་པ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རུལ་སུངས་ནི་ཏང་ནང་ཁུལ་གྱི་རྒྱུ་རྐྱེན་ངན་པ་སྣ་ཚོགས་ཡུན་རིང་པོར་བསགས་ཤིང་ཐག་གཅོད་མ་བྱས་པ་ལས་ཕྱིར་མངོན་པ་ཞིག་ཡིན་ཞིང་། རུལ་སུངས་ལ་རྒོལ་བ་ནི་ཏང་གི་སྔོན་ཐོན་རང་བཞིན་ཉམས་ཞན་ཅན་དུ་གཏོང་བ་དང་ཏང་གི་དག་གཙང་རང་བཞིན་ལ་གནོད་པའི་ནད་གཞི་དང་འཐབ་རྩོད་བྱེད་པ་དེ་རེད། འཐབ་རྩོད་འདིའི་རིགས་ནི་ཧ་ཅང་རྙོག་འཛིང་ལྡན་ལ་དཀའ་ཚེགས་ཆེ་བས། ཕྱི་སྣུར་དང་མགོ་གཏན་ནས་སྒུར་མི་རུང་བར། ངེས་པར་ཐོག་མཐའ་བར་གསུམ་དུ་གནད་དོན་ལ་དྲང་བོར་བལྟ་བའི་བློ་སྤོབས་དང་གྲི་ཁ་ནང་ལ་བསྐོར་བའི་བརྟན་ཚུགས་བཟུང་ནས། བློ་ཐག་རྦད་ཆོད་ཀྱིས་དུག་སྐྲན་རྩ་སེལ་དང་དུག་ཁུངས་གཙང་སེལ། དུག་རྒྱུན་གཙང་གཅོད་བཅས་བྱས་ཏེ། ནམ་ཡང་འགྱུར་བ་མེད་པའི་ཏང་གཤིས་ལ་བརྟེན་ནས་གསར་བརྗེའི་མངའ་ཐང་ནམ་ཡང་རང་མདངས་བརྟན་པར་ཁག་ཐེག་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་བླངས་ཤིང་ཁྱོན་ཡོངས་ནས་སྲ་བརྟན་དུ་བཏང་ཡོད་ནའང་། གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན། ང་ཚོས་རུལ་སུངས་ཀྱི་སྲ་མཁྲེགས་རང་བཞིན་དང་གནོད་སྐྱོན་རང་བཞིན་ལ་བག་ལྷོད་མི་རུང་བར། ངེས་པར་དུ་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་མཐའ་འཁྱོལ་བྱེད་དགོས། རུལ་སུངས་བྱེད་མི་ཕོད་ཅིང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་སྤེལ་བྱེད་པ་དང་། ངེས་པར་དུ་གསུམ་ཀས་མཉམ་དུ་ཤུགས་འདོན་ཞིང་ཕྱོགས་གཅིག་ལ་ཤུགས་འདོན་པ། ཕྱོགས་བསྡུས་ཤུགས་འདོན་བཅས་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པའི་འཇིགས་ཟིལ་ཕན་ནུས་དང་རུལ་སུངས་བྱེད་མི་རུང་བའི་བཙན་དྲག་རང་བཞིན་གྱི་ལམ་ལུགས་ཀྱི་ཚོད་འཛིན། རུལ་སུངས་བྱེད་མི་འདོད་པའི་བསམ་པའི་སློབ་གསོའི་ལེགས་བབ་བཅས་གཞི་གཅིག་ཏུ་སྦྲེལ་ནས། བྱེད་ཐབས་སོ་སོ་སྲིད་ཇུས་ཀྱི་ཁ་ཕྱོགས་སྟེང་ཕན་ཚུན་གཞོགས་འདེགས་བྱེད་པ་དང་། ལག་བསྟར་གྱི་བརྒྱུད་རིམ་ཁྲོད་ཕན་ཚུན་སྐུལ་སྤེལ་བྱེད་པ། བྱ་བའི་ཕན་ཕྱོད་ཀྱི་སྟེང་ནས་ཕན་ཚུན་གཅིག་གྲོགས་གཅིག་ཏུ་འགྱུར་བར་བྱེད་པ་བཅས་ལ་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གིས་རུལ་སུངས་ལ་རྒོལ་བའི་བྱ་བར་གཅིག་བསྡུས་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཏང་གི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ལེགས་ཆ། ལམ་ལུགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་བྱེད་པ་དང་། རིམ་པ་སོ་སོའི་ཏང་ཨུ་ཡིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁྲི་དང་ལྷག་པར་དུ“མགོ་ཁྲིད་དང་པོ”འགན་འཁྲི་པ་དང་པོ་ཡིན་པའི་འགན་འཁྲི་ལག་བསྟར་བྱེད་པ། འབྲེལ་ཡོད་འགན་ནུས་སྡེ་ཁག་གི་ལྟ་སྐུལ་དོ་དམ་ལས་འགན་རྒྱུན་མཐུད་དུ་དངོས་འབེབས་བྱེད་པ། སོ་སོས་རང་འགན་གཙང་སྒྲུབ་བྱེད་པ་དང་གཅིག་གྱུར་མཐུན་སྦྱོར་གྱིས་ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲིའི་རྣམ་པ་འཐུས་ཚང་དུ་གཏོང་དགོས། རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དེ་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན་དང་སྒྲིག་སྲོལ་འཛུགས་སྐྲུན། ལམ་ལུགས་འཛུགས་སྐྲུན་སོགས་དང་མཉམ་དུ་འབྲེལ་མཐུད་བྱེད་དགོས་ལ། ཆབ་སྲིད་ལྟ་སྐུལ་དང་བསམ་པའི་སློབ་གསོ། རྩ་འཛུགས་དོ་དམ། སྤྱོད་ཚུལ་བཅོས་སྐྱོང་། སྒྲིག་ལམ་ལག་བསྟར་བྱེད་པ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཀྱིས་རུལ་སུངས་སྔོན་འགོག་བྱེད་པའི་བྱ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དུ་བཅུག་སྟེ། སྤྱི་པའི་དམག་འཐབ་ལེགས་པོར་རྒྱག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། བཟོད་སྒོམ་ཏོག་ཙམ་ཡང་མི་བྱེད་པའི་སད་རྟོགས་དང་བཟོད་སྒོམ་གཏན་ནས་མི་བྱེད་པའི་ཤུགས་ཚད་ཀྱིས། ཁྱབ་ཁོངས་སོ་སོའི་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཅིག་གྱུར་འཆར་འགོད་སྒོས་སྐུལ་སྤེལ་བྱས་ཏེ། ཡང་དང་བསྐྱར་དུ་འཕར་བའི་གནད་དོན་རྙིང་བ་དག་རིམ་བཞིན་ཇེ་ཉུང་དུ་བཏང་སྟེ་སླར་མི་འཕར་བར་བྱེད་པ་དང་། གསར་དུ་བྱུང་བའི་གནད་དོན་གསར་པ་དག་རྒྱ་ཁྱབ་ཏུ་འགྲོ་མི་ནུས་པར་བྱེད་དགོས། མཐའ་གཅིག་ཏུ་འཕར་ཚད་ཚོད་འཛིན་དང་བསགས་ཚད་གཙང་སེལ་བྱེད་དགོས། རུལ་སུངས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་འཕེལ་ཕྱོགས་གནད་ཁེལ་ཁོང་དུ་ཆུད་པར་བྱས་ཏེ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལྷུ་མཚམས་ལ་དམིགས་ནས། བློ་བརྟན་འགྱུར་མེད་ཀྱིས“སྟག་གསོད་པ”དང“འབུ་སྦྲང་གསོད་པ”“ཝ་མོ་རྔོན་པ”བཅས་བྱེད་དགོས་ལ། ཉེན་ཁའི་མངོན་མེད་རྐྱེན་ངན་ཆེ་བའི་ལས་རིགས་རང་བཞིན་དང་མ་ལག་རང་བཞིན་གྱི་རུལ་སུངས་མཐའ་གཅིག་ཏུ་གཙང་སེལ་བྱས་ནས། རུལ་སུངས་ཀྱི་ཉེན་ཁ་དང་དེ་འབྲེལ་རང་བཞིན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉེན་ཁ་ནུས་ལྡན་གྱིས་འགོག་ཟོན་དང་སེལ་བར་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས། རང་སྟེང་གི་ཆབ་སྲིད་སྐྱེ་ཁམས་གནས་ཚུལ་ལ་དབྱེ་ཞིབ་ཟབ་མོ་བྱེད་པ་དང་། རུལ་སུངས་ཀྱི་འབུར་ཐོན་མཚོན་རྟགས་དང་གཙོ་གནད་ཁྱབ་ཁོངས། འབྱུང་སླ་བའི་ལྷུ་མཚམས་བཅས་གནད་ཁེལ་དུ་བཙལ་ཏེ། ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་གཅིག་བསྡུས་བཅོས་སྐྱོང་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དང་ཕན་འབྲས་དངོས་ཐོན་པར་འབད་བརྩོན་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མགོ་ཁུངས་ནས་བཟུང་སྟེ། དབང་ཆར་དོ་དམ་དང་དཔོན་པོར་བཅོས་སྐྱོང་བྱེད་པའི་སྒྲིག་སྲོལ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ལ། སྔར་ལས་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་གྱི་སྒོ་ནས་རུལ་སུངས་ཀྱི་གནད་དོན་འགོག་ཟོན་དང་བཅོས་སྐྱོང་བྱེད་དགོས། རུལ་སུངས་སུ་འགྱུར་བའི་གོ་སྐབས་ཇེ་ཉུང་དུ་གཏོང་བར་ཤུགས་བཏོན་ནས། སྲིད་ཇུས་གཏན་འབེབས་དང་ཇུས་གཅོད་གོ་རིམ། ཞིབ་བཤེར་མཆན་འགོད་ཀྱི་ལྟ་སྐུལ་དོ་དམ། ཁྲིམས་འཛིན་ཁྲིམས་བསྟར་སོགས་གནད་འགག་གི་དབང་ཆ་དམ་འཛིན་བྱས་ནས།
འགན་འཁྲིའི་དབང་མཚམས་ནན་མོ་བྱེད་པ་དང་། བྱ་བའི་གོ་རིམ་ཚད་ལྡན་དུ་གཏོང་བ། དབང་ཆའི་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས། དབང་ཆ་སྤྱད་དེ་ཕྲ་མཐོང་དཔལ་འབྱོར་ལ་འོས་འཚམ་མིན་པའི་ཐེ་གཏོགས་བྱེད་པ་ཇེ་ཉུང་དུ་གཏོང་དགོས། རུལ་སུངས་སྐྱེ་འཕེལ་འབྱུང་བར་སྔོན་འགོག་ནུས་ལྡན་བྱེད་དགོས་ཏེ། རུལ་སུངས་ལ་རྒོལ་བའི་འགོག་མཚམས་སྔོན་དུ་བསྣུར་བ་དང་། ཉིན་རྒྱུན་གྱི་དོ་དམ་དང་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ། “རྒྱུན་རྣམ་བཞི”གནད་ཁེལ་དུ་བེད་སྤྱད་དེ། སྔ་འཛིན་ཕྲ་འཛིན་དང་རྐྱེན་རྩ་ཆུང་ཟློག དཔུང་རྒྱབ་དཔུང་གནོན་བཅས་བྱེད་དགོས། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། ཁ་གཏད་རང་བཞིན་ཡོད་པའི་ཏང་གཤིས་སློབ་གསོ་དང་ཉེན་ཟོན་སློབ་གསོ་སྤེལ་བ་དང་། རིག་གནས་དྭངས་གཙང་གིས་ལུས་སེམས་གསོ་བ་དང་། དུས་རབས་གསར་པ་དང་དུས་རིམ་གསར་པའི་བླང་བྱ་དང་མཐུན་པའི་ལས་བྱེད་པའི་དཔྱད་ཞིབ་དཔྱད་འཇོག་མ་ལག་བཙུགས་ཏེ། ན་གཞོན་ལས་བྱེད་པར་སློབ་གསོས་སྣེ་ཁྲིད་པར་གཙིགས་མཐོང་བྱེད་དགོས། རུལ་སུངས་ལ་ཉེན་བརྡ་གཏོང་བའི་ཆད་གཅོད་མཉམ་འགུལ་ནང་རྐྱེན་འཛུགས་དགོས་པ་དང་། རུལ་སུངས་བྱེད་ཐབས་སྦ་གསང་ཡིན་པ་དང་ངོ་བོ་འགྱུར་བ། གསར་བསྒྱུར་རིམ་སྤར་སོགས་ཀྱི་ཁྱད་ཆོས་གསར་པར་དབྱེ་ཞིབ་ཞིབ་འཇུག་བྱེད་པར་ཤུགས་བསྣན་ནས། དུས་ཐོག་ཏུ་ཤེས་རྟོགས་དང་རུལ་སུངས་ཀྱི་གནད་དོན་ནུས་ལྡན་གྱིས་ཐག་གཅོད་པའི་ནུས་པ་མཐོར་འདེགས་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་སྒྲིག་སྲོལ་བཅོས་བསྒྱུར་ཟབ་མོ་བྱེད་དགོས་ལ། ཏང་ནང་ཁུལ་གྱི་ལྟ་སྐུལ་ཁྲིད་ཕྱོགས་གཙོ་བོར་བཟུང་སྟེ། རིགས་སོ་སོའི་ལྟ་སྐུལ་ནུས་ཤུགས་ཧྲག་སྡེབ་དང་བྱ་བའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། དབང་ཆར་ལྟ་སྐུལ་བྱེད་པ་ཁྱོན་ཡོངས་སུ་ཁེབས་པ་དང་ཕན་ལྡན་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། དབང་ཆ་གང་འདོད་དུ་མི་སྤྱོད་པར་ཁག་ཐེག་ནན་མོ་བྱེད་དགོས། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མ་ལག་འཐུས་ཚང་དུ་གཏོང་བ་དང་། རུལ་སུངས་ལ་རྒོལ་བའི་ཁྲོད་ཀྱི་ཕྱི་ཕྱོགས་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་མགྱོགས་མྱུང་ངང་འཐུས་ཚང་དུ་གཏོང་དགོས། ལག་བསྟར་ལམ་ལུགས་གཟབ་ནན་ཡོང་བ་དང་། སྲོལ་བརྩི་སྒྲིག་སྲུང་བྱེད་པ་དེ་ཏང་ཡོན་དང་ལས་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས་སུ་འགྱུར་དུ་འཇུག་དགོས། རང་ཉིད་གསར་བརྗེ་བྱེད་པར་མི་དམངས་ལ་བརྟེན་པ་གཙིགས་མཐོང་བྱེད་དགོས་ལ། མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་ལ་བརྟེན་ནས་རང་སྟེང་གི་གནད་དོན་ཐག་གཅོད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་སྤེལ་བྱེད་པར། ངེས་པར་དུ་མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པ་ནན་འཛིན་བྱེད་དགོས། གོ་གནས་ཇི་ལྟར་མཐོ་ན་དབང་ཆ་དེ་ལྟར་ཆེ་བས། ལྷག་པར་དུ་བཀུར་ཞིང་སྐྲག་པའི་སེམས་ཡོད་དགོས་ལ། ལྷག་པར་དུ་རང་གཅུན་ནན་མོ་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་རང་ཉིད་ལ་དོ་དམ་ལེགས་པོ་བྱེད་དགོས་པར་མ་ཟད། ད་དུང་ཁྱིམ་མི་དང་གཉེན་ཉེ། ཉེ་འཁོར་གྱི་མི་དང་ཉེ་འཁོར་གྱི་བྱ་བ། གཙོ་གཉེར་དང་ལས་བགོས་ཁྱབ་ཁོངས་ཀྱི་སྣང་ཚུལ་བཅས་ལ་དོ་དམ་ལེགས་པོ་བྱེད་དགོས་ལ། སྲིད་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་དང་། གསང་གྲོས་ལྐོག་ལས་མེད་པའི་བློ་མཐུན་འབྲེལ་བ་ཆགས་པ་དང་ཁྲིམས་སྲུང་སྒྲིག་ཁུར་གྱི་གོང་འོག་རིམ་པའི་འབྲེལ་བ་ཆགས་པ། གཉེན་འབྲེལ་གསལ་དྭངས་ཀྱི་སྲིད་ཚོང་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཡར་བརྩོན་དགེ་སྒྲུབ་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་སོགས་ཀྱི་ཐད་ནས་མགོ་ལེགས་པོར་འཁྲིད་པ་དང་འགན་ལེགས་པོ་འཁུར་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་རང་གཅུན་ནན་མོ་བྱེད་པའི་ཐད་ངེས་པར་དུ་ཚད་ཐིག་མཐོ་ཤོས་རྒྱུན་འཁྱོངས་བྱེད་དགོས་ལ། ཏང་ཡོངས་ལ་བསྒྲུབ་དགོས་པར་བཏོན་པའི་བླང་བྱ་དེ་རང་ཉིད་ཀྱིས་སྔ་མོ་ནས་སྒྲུབ་པ་དང་། ཏང་ཡོངས་ལ་བསྒྲུབ་མི་རུང་བར་བཏོན་པའི་བླང་བྱ་དེ་རང་ཉིད་ཀྱིས་གཏན་ནས་བསྒྲུབ་མི་རུང་།
ཞི་ཅིན་ཕིང་གིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ཀྱི་གནས་བབ་གསར་པ་དང་འགྲན་སློང་གསར་པར་རང་འགུལ་གྱིས་གདོང་གཏད་དེ། ཏང་དོ་དམ་དང་ཏང་སྐྱོང་བའི་ཆོས་ཉིད་དང་རུལ་སུངས་ལ་རྒོལ་བའི་ཆོས་ཉིད་ལ་ངོས་འཛིན་ཚད་ཇེ་ཟབ་ཏུ་གཏོང་བ་དང་། བྱ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་སྟེ། ཏང་ནང་ཁུལ་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ལྟ་སྐུལ་རང་འགུལ་གྱིས་དང་ལེན་བྱས་ནས། རང་ཉིད་གསར་བརྗེའི་སྙིང་སྟོབས་ཀྱིས“གློག་སྒྲོན་འོག་གི་མུན་ནག”མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་བྱེད་པས་བློ་དཀར་འགྱུར་མེད་དང་སྒེར་སེམས་མེད་ཅིང་དཔའ་མི་ཞུམ་པ། ཐོག་མཐའ་བར་གསུམ་དུ་ཏང་གཤིས་ལ་བརྟེན་ནས་རང་ཚུགས་ཐུབ་པ་དང་། དྲང་གཞག་གིས་སྒྲིག་ལམ་ལག་བསྟར་དང་དབང་ཆ་གཟབ་ནན་གྱིས་སྤྱོད་པ། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་བྱས་ནས། དངོས་གནས་ཏང་ཀྲུང་དབྱང་གི་སེམས་བདེ་རུ་འཇུག་པ་དང་མི་དམངས་མང་ཚོགས་ཀྱི་ཡིད་ཚིམ་དུ་འཇུག་དགོས།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།