སྐྱེས་བུ་ལྷག་བསམ་ཅན་ཞིག་གི་ངོ་མཚར་མཛད་རྗེས།
2022.06.25 ཁུངས། ཀློག་གྲངས། 19

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཚུལ་ཁྲིམས་དར་རྒྱས་ལགས་ཀྱི་གནས་ཚུལ་དངོས་བཀོད།

རྨ་ཆེན་གངས་རིའི་རྩེ་ལ་ཉི་འོད་ཀྱི་གཟི་བྱིན་འབར་ཞིང་། ནམ་མཁའི་དབྱིངས་སུ་སྤྲིན་དཀར་གྱི་འདབས་མ་ཕྱོགས་དང་ཕྱོགས་སུ་རྒྱུ་བའི་ཆེས་མཛེས་སྡུག་དང་བག་ཡངས་ཀྱི་དུས་ཚིགས་ཤིག་ལ།གསར་འགོད་པ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་ཐོན།རྨ་ཆེན་རྫོང་ན་ཡུལ་མགོ་ལོག་ན་སྙན་པའི་གྲགས་པ་རྒྱས་ཤིང་།སྤྱིར་བོད་ཡུལ་ན་ལེགས་བྱས་ཀྱི་གྲུབ་འབྲས་སྨིན་པའི་སྐྱེས་བུ་ཞིག་ཡོད་དེ།ཁོའི་བྱ་བཞག་རེ་རེ་སྐྱེ་བོ་སུ་ཞིག་གིས་ཐོས་ན་མི་དད་པ་མེད་ལ།མཐོང་ན་མི་དགའ་བ་མེད་པ་ཞིག་ཡིན་ཚུལ་ས་གནས་དེའི་མང་ཚོགས་རྣམས་ཀྱིས་མགྲིན་གཅིག་ཏུ་བཤད།དེ་ནས་གསར་འགོད་པ་ཁོ་རང་ཡོད་སའི་གཞིས་སྒར་ཏེ།གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་དུ་སོང་པ་ན།ཁོས་སློབ་གླིང་གི་གཡས་ཕྱོགས་སུ་ཆགས་པའི་སྒོ་བསྟེན་སྨན་ཁང་ནང་དུ་ཉམ་ཐག་ནད་པ་མང་པོ་ལ་ནད་བརྟག་སྨན་བཅོས་བྱེད་ཀྱིན་འདུགཁོ་ནི་མགོ་ལོག་པ་ཚུལ་ཁྲིམས་དར་རྒྱས་རེད།ཚུལ་ཁྲིམས་དར་རྒྱས་ཀྱིས་བྲེལ་གསེང་གི་བར་ནས་བཅར་འདྲི་དང་ལེན་བྱས་ཏེ་བཤད་རྒྱུར།

མ་གཞི་ཁོ་ནི་མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ་གྱི་སྐབས་རིམ་བྱུང་གི་དམངས་ཆེན་འཐུས་མི་ཡིན་ལ། ལྷག་པར་དུ་ད་ལོ་འཚོགས་པའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཡང་ཡིན་པས།  ཁོས་གོང་རིམ་སྲིད་ཇུས་ལ་རྒྱུས་ལོན་ཞིང་། འོག་རིམ་མང་ཚོགས་ཀྱི་སེམས་རྟོགས་ཡོད་པས། དུས་རྒྱུན་དུ་དེའི་སྐོར་ལ་དོ་སྣང་དང་མཉམ་འཇོག་བྱེད་ཀྱིན་ཡོད། ལྷག་དོན་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས་བཟུང་། ས་གནས་མང་ཚོགས་ཀྱི་འཚོ་བ་དང་རང་གི་སློབ་གླིང་གི་འགྱུར་ལྡོག་ངོས་ནས་འཕེལ་རྒྱས་བླ་མེད་བྱུང་ཡོད། དེའི་སྐོར་ནས་ཁོས་རང་གི་མྱོང་གཏམ་ངོ་མ་གླེང་བྱུང་སྟེ།

ཏང་གི་འཐུས་མི་ཚུལ་ཁྲིམས་དར་རྒྱས་ལགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པའི་ཚུལ།

  ཚུལ་ཁྲིམས་དར་རྒྱས་ཀྱིས་སྤྱི་ལོ་ཉིས་སྟོང་གཉིས་ལོར་མགོ་ལོག་ཁུལ་དུ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་བཙུགས་ཤིང་། སློབ་གླིང་དེའི་ཁྲོད་དུ་བོད་ཡུལ་གྱི་ས་ཆ་སོ་སོ་རུ་ལང་ཚོའི་རྡོག་པ་ལ་ཁ་ཕྱོགས་བོར་བའི་ན་གཞོན་གྱི་སྐོར་དང་། སྐྱབས་དང་དཔུང་གིས་དབུལ་བའི་དྭ་ཕྲུག་མང་པོ་གཞི་གཅིག་ཏུ་བསྡུས་ནས། ཁོ་ཚོའི་མ་འོངས་པ་ལ་རྨི་ལམ་གྱི་གཤོག་པ་བསྩལ། ཁོས་དེ་ལྟར་གཞན་དོན་གྱི་ལས་ཀ་འདི་ལ་འཇུས་མགོ་རྩོམ་དུས་ནི་ཏག་ཏག་རང་ཉིད་ཀྱི་མི་ཚེ་ལ་ཁོ་ལག་རྫོགས་པའི་དུས་སྐབས་ཤིག་ཡིན་ནའང་། དཔལ་འབྱོར་གྱི་རྨང་གཞི་མེད་པའི་མི་ཕོ་ཁེར་ཧྲང་ངེ་བ་ཞིག་ལ་མཚོན་ན། རང་གི་ལྟོ་རྒྱབ་ལས་འགོངས་པའི་རླབས་ཆེན་གྱི་འཕྲིན་ལས་འདི་ལྟ་བུ་ཞིག་ལ་འཆར་གཞི་འཐེན་དུས། རང་གི་སེམས་ཀྱི་བཀོད་པའི་རྗེས་ལ་ལག་པས་མི་ཆོད་པའི་ཚད་ཡིན་ནའང་། ལྷག་བསམ་ལ་དཔའ་གདེངས་ཀྱིས་ཕྱུག་ཅིང་སྙིང་སྟོབས་ལ་གོ་ཆ་སྤྲས་པའི་མི་ཕོ་འདིས། ཕལ་བའི་འདོད་ཧམ་གྱི་འཚོ་བ་རྒྱང་དུ་དོར་ཞིང་། ཁྱིམ་སྲིད་ཀྱི་ལས་དོན་མཐའ་དག་གུད་དུ་བསྐྱུར་ནས། བདག་མེད་དྭ་ཕྲུག་དང་དབང་བོ་སྐྱོན་ཅན་སོགས་ལ་སྐལ་ལྡན་རྗེས་སུ་འཛིན་པའི་གསོ་རིག་གི་སློབ་གཉེར་བྱེད་པའི་གོ་སྐབས་ཤིག་སྐྲུན། ཁོས་སྐབས་དེར་རང་ཉིད་ཀྱིས་དཀའ་ལས་མྱངས་ཚུལ་སྐོར་ནས་བཤད་རྒྱུར།


ཁོ་ལ་མི་ཡུལ་གྱི་ཉམ་ཆུང་དག་གི་ཕ་མ་བྱེད་པའི་བློ་གཤོག་ཅིག་ཡོད། ཁོ་ལ་ཁྱིམ་སྲིད་ཀྱི་སྒེར་དོན་སྤོང་བའི་གཏོང་ཕོད་ཅིག་ཡོད། ཁོ་ལ་གཞན་ཕན་གྱི་འཕྲིན་ལས་གཉེར་བའི་སྙིང་རྗེ་ཞིག་ཡོད། ཁོ་ལ་འཚོ་ཚིས་ངན་ངོན་དང་ལེན་བྱེད་པའི་དཀའ་ཐུབ་ཅིག་ཡོད། ཁོ་ལ་བཟང་གི་དགེ་ཁ་གཞན་ལ་སྟེར་བའི་ལྷག་བསམ་ཞིག་ཡོད། ཁོ་ལ་ངན་གྱི་གཏེ་ཁ་རང་གིས་ཁུར་བའི་བཟོད་པ་ཞིག་ཡོད། རྒྱུ་རྐྱེན་དེའི་དབང་གིས་ཁོའི་ཉེ་འཁོར་ན་ཡོད་པའི་མི་བུ་ཀུན་གྱིས་ཁོ་ལ་བརྩི་མཐོང་ཆེན་པོ་བྱེད་ལ། ལྷག་པར་དུ་རང་གི་ཆུང་མས་ཁོའི་སེམས་གཤིས་ཡག་པོ་དེ་ལ་ནམ་ཡང་གོང་བཀུར་དང་རྒྱབ་སྐྱོར་བླ་མེད་བྱེད་ཀྱིན་མཆིས། ཁོའི་ཆུང་མའི་མིང་ལ་ཐར་འཛོམས་ཟེར་ཞིང་། ཕ་ཡུལ་མགོ་ལོག་པད་མའི་ཕྱོགས་ཀྱི་ལས་བྱེད་ཁྱིམ་ཚང་ཞིག་ནས་འཚར་ལོངས་བྱུང་པ་རེད། མོས་རང་གི་ཁྱོ་ག་ལ་སེམས་གཤིས་ཡག་པོ་ཡོད་པ་དང་། སེམས་གཤིས་ཡག་པོ་དེ་ལ་བརྟེན་ནས་ཁོས་སྒྲུབ་བཞིན་པའི་བྱ་བ་ཚང་མའང་ཡག་པོ་ཏག་ཏག་ཡིན་པས། ཁྱིམ་ཚང་གི་འཚོ་བ་ཞན་ལ། དུས་ད་ལྟའང་ཁོ་བཟའ་ཟླ་གཉིས་ལ་འདུག་སའི་ཁང་བ་ལེགས་པོ་ཞིག་ཀྱང་མེད་པར། སྔར་བཞིན་སློབ་གྲྭའི་ནང་བྱིས་པ་ཚོ་དང་མཉམ་དུ་སྡོད་དགོས་མོད། སེམས་ངོ་མ་སྐྱིད་པོ་འདུག་ཟེར། མོས་མི་ལོ་ཉི་ཤུའི་ཡར་སྔོན་གྱི་བྱ་བ་ཀུན་ལ་ཕྱིར་དྲན་བྱེད་ཞོར་དུ་བཤད་རྒྱུར།

    ཚུལ་ཁྲིམས་དར་རྒྱས་ནི་མགོ་ལོག་དགའ་བདེ་ས་ཆ་ནས་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་ཕ་མ་དང་མཉམ་དུ་འཚོ་བ་རོལ་བའི་གོ་སྐབས་མ་བྱུང་པས། ཁོའི་ཨ་མྱེས་ཀྱིས་གཉོར་སྐྱོང་བྱས་ཏེ། ལོ་བདུན་གྱི་སྟེང་ནས་ཨ་མྱེས་ཀྱི་མདུན་ནས་ཡི་གེ་འབྲི་ཀློག་ཙམ་སྦྱངས་ཤིང་། ལོ་དགུའི་སྟེང་སྡེ་བའི་སྨན་པ་རྒན་པ་ཞིག་གི་མདུན་ནས་གསོ་རིག་ལ་སློབ་སྦྱོང་བྱས་ཏེ། སྨན་སྣ་ངོས་འཛིན་དང་རྩ་མདོ་ཆུ་མདོ་ཙམ་རེ་སྦྱང་རྒྱུའི་གོ་སྐབས་བྱུང་། ཕྱིས་སུ་ལོ་བཅུ་དྲུག་གི་སྟེང་ནས་དམག་གི་ཁྲོད་དུ་ཞུགས་ཤིང་། དེ་རུ་དམག་སྦྱོང་དང་རྒྱ་ཡིག་སྦྱོང་བ་སོགས་ཀྱི་གོ་སྐབས་སྣ་ཚོགས་རེག་བྱུང་པས། དེ་ནི་ཁོ་ལ་མཚོན་ན་མི་ཚེའི་ལམ་བུའི་སྟེང་ལ་མཐུན་རྐྱེན་སྣ་གཅིག་གི་རྨང་གཞི་བཏིངས་པ་རེད། ལོ་ངོ་གསུམ་བཞི་ལྷག་གི་རྗེས་ནས། ཁོ་རང་དགའ་བདེ་རྫོང་དྲག་ཆས་པུའུ་རུ་བྱ་བ་བགོས་མོད། ཁོས་རང་གི་དགའ་ཕྱོགས་དང་མོས་འདུན་ལྟར་དུ་མགོ་ལོག་ཁུལ་རིམས་འགོག་ས་ཚིགས་ལ་བྱ་བ་སྤར་ཞིང་། མི་ཚེ་གང་བོ་གསོ་རིག་གི་བྱ་གཞག་ཁྲོད་ནས་གཞན་ཕན་གྱི་ལས་དོན་ལ་བསྟིམས་པའི་ཆོད་སེམས་བཅངས། དེ་ནས་རིམ་གྱིས་མི་ལོ་དུ་མ་འདས་རྗེས། ཁོ་རང་གིས་སྒེར་བཙུགས་སྒོ་བསྟེན་སྨན་ཁང་ཞིག་བཙུགས་ཤིང་། འཚོ་བའི་ཆ་རྐྱེན་ཡང་ཅུང་ཇེ་ལེགས་སུ་གྱུར་མོད། རང་ཉིད་ལ་བཀའ་དྲིན་ཆེ་བའི་ཨ་མྱེས་གློ་བུར་དུ་འདས་པས། ཉིན་མཚན་ཀུན་ཏུ་ཨ་མྱེས་ཀྱི་དྲན་གདུང་ཇེ་ལྕི་ནས་ཇེ་ལྕིར་་གྱུར་ལ། ཨ་མྱེས་ཀྱི་ལོ་མཉམ་ཡིན་པའི་ལོ་ལོན་བརྒྱད་ལྷག་གཉོར་སྐྱོང་བྱས།

མི་ཞིག་གི་བསམ་བློའི་འཕེལ་འགྱུར་ནི་སྐབས་ལན་རེར་རྐྱེན་དང་སྣ་དུ་མ་ལ་རག་ལས་ཏེ། རྒྱུ་རྐྱེན་ལ་ཤས་ཀྱི་དབང་གིས་མི་ཞིག་གི་བསམ་པའི་ཁྱེར་སོ་ལ་འགྱུར་བ་བྱུང་ཞིང་། བསམ་པའི་ཁྱེར་སོ་ལ་འགྱུར་ལྡོག་བྱུང་པའི་དབང་གིས། མི་བུ་གང་དེའི་ལས་དབང་ལའང་འགྱུར་ལྡོག་སྣ་ཚོགས་འབྱུང་གིན་ཡོད། ཚུལ་ཁྲིམས་དར་རྒྱས་ཀྱིས་རང་གི་ཨ་མྱེས་དྲན་པའི་གདུང་བའི་དབང་གིས་ལོ་ལོན་བརྒྱད་གཉོར་སྐྱོང་བྱས་ཤིང་། ལོ་ལོན་དེ་དག་ཚེ་ལས་འདས་རྗེས། སྔར་བཞིན་རང་གི་བསགས་དངུལ་ཉུང་ཙམ་ཡོད་པ་དེ་དག་བདག་མེད་དྭ་ཕྲུག་དག་ལ་སློབ་གསོའི་བདེ་ཐང་གི་འཚར་ལོངས་སྐྲུན་རྒྱུའི་ཐད་ཕུལ་བས། ཁོའི་འཛུགས་གཉེར་བྱས་པའི་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ནས་སློབ་མ་སྟོང་གཉིས་ལྷག་མཐར་ཕྱིན་ལ། ད་ལྟ་མཐར་ཕྱིན་སློབ་མ་ཚོས་བོད་ཡུལ་གྱི་ས་ཆ་སོ་སོ་ན་ལས་ཀ་གཉེར་བཞིན་ཡོད། སློབ་མ་དེ་དག་ལ་མཚོན་ན་ཚུལ་ཁྲིམས་དར་རྒྱས་ནི་རང་གི་ཕ་མ་ཡིན་པའི་འདུ་ཤེས་འཛིན་བཞིན་ཡོད་ལ། གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ནི་རང་གི་ཡུལ་ཡིན་པའི་འདུ་ཤེས་བཅངས་ཡོད།

ཁོས་ད་ལྟ་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་གི་སློབ་གཙོ་ལ་ལོ་ན་གཞོན་པའི་མཐར་ཕྱིན་སློབ་མ་དགྲ་འདུལ་ཚེ་རིང་བཞག་འདུག སློབ་གཙོ་དགྲ་འདུལ་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། ང་ནི་འབྲོག་ཁྱིམ་ཕལ་བ་ཞིག་གི་བུ་ཁེར་སྐྱེས་ཡིན་པས། སྤྱིར་ན་སློབ་མཐར་ཕྱིན་རྗེས་ཕྱིར་རང་གི་ཕ་ཡུལ་དུ་སོང་ནས་ཕ་མ་གཉོར་བ་དང་ཁྱིམ་ཚང་སྐྱོང་རྒྱུའི་འགན་ཁུར་ཡོད་མོད། དགེ་རྒན་ལགས་ནི་ངའི་ཕ་མ་དང་དབྱེར་མེད་ལ། སློབ་གླིང་འདིའི་དོ་དམ་ཕྱོགས་ནས་རང་གིས་ནུས་པ་ཙམ་འདོན་ཐུབ་ཚེ། ངས་གཅིག་ནས་དགེ་རྒན་ལ་བཀའ་དྲིན་ཙམ་ཞུ་ཐུབ་སོང་པ་རེད་ལ།གཉིས་ནས་གཞན་ཕན་གྱི་ལས་དོན་ཙམ་རེ་སྒྲུབ་ཐུབ་སོང་པ་རེད་བསམ་གྱིན་ཡོད་ཅེས་ཟེར། ཁོས་མུ་མཐུད་དུ་བཤད་རྒྱུར།

འདི་ནི་དྭ་ཕྲུག་ཅིག་གིས་མི་ཡུལ་ལ་སྐྲུན་པའི་བྱམས་སེམས་ཀྱི་དྲོད་ཁོལ་རེད་ལ། སྨན་པ་ཞིག་གིས་ངོས་དོན་གྱིས་སྐལ་ལྡན་རྗེས་སུ་བཟུང་བའི་གཡུ་ཐོག་པའི་དགོངས་པ་དོན་སྨིན་བྱུང་ཚུལ་ཡང་ཅི་ལ་མིན། ཚུལ་ཁྲིམས་དར་རྒྱས་ཀྱིས་བོད་ཡུལ་ས་ཕྱོགས་ཀུན་ན་བདག་མེད་དུ་ལུས་པའི་དྭ་ཕྲུག་ཚོར་ཕ་ཁྱིམ་ཞིག་བཙུགས་ཤིང་། སྤྱི་ཚོགས་ཀྱི་གྲལ་ཟུར་ན་འཚོ་བའི་སློབ་ཆེན་ལ་མ་ཚུད་པའི་ན་གཞོན་དག་ལ་ཕུགས་བསམ་གྱི་ཐེམ་སྐས་སྐྲུན་པས། ཁོ་ནི་བོད་ཀྱི་གསོ་རིག་རྗེས་འཛིན་པའི་ཁྲོད་ཀྱི་སྨན་པའི་ཀུན་སྤྱོད་བླ་རུ་འཕགས་པའི་ལྷ་རྗེ་ཞིག་དང་། སྐབས་རིམ་བྱུང་གི་དམངས་ཆེན་འཐུས་མིར་བདམས་ཐོན་བྱུང་མཁན་ཞིག་ཡིན་པའི་ངོས་ནས། ཏང་གཤིས་ཀྱི་འོད་ཟེར་རང་ལུས་ནས་འཚེར་པའི་མ་དཔེ་གསོན་པོ་ཞིག་ཏུ་བཤད་ཆོག་པར་སྙམ། སློབ་གྲྭའི་དྭ་ཕྲུག་སློབ་མ་ཤེལ་དཀར་སྒྲོལ་མས་གཉོམ་དུང་དུང་གི་སེམས་སྒྲ་ངོ་མ་ཞིག་གསར་འགོད་པ་ལ་འདི་ལྟར་གླེང་བྱུང་སྟེ།

ཚུལ་ཁྲིམས་དར་རྒྱས་ལ་སྔ་ཕྱིར་རྒྱལ་ཡོངས་ཕུལ་བྱུང་དམངས་སྒྲུབ་སློབ་གསོ་པ་དང་རྒྱལ་ཡོངས་གྲངས་ཉུང་མི་རིགས་གསོ་རིག་བྱ་བའི་སྔོན་ཐོན་མི་སྒེར། ཞིང་ཆེན་རིམ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན། ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་མི་སྒེར་གྱི་མཚན་སྙན་སོགས་ཐོབ་མྱོང་པ་མ་ཟད། ཁོང་གིས་བཙུགས་པའི་གངས་ལྗོངས་དར་རྒྱས་ཀུན་ཕན་སྨན་རྩིས་སློབ་གླིང་ལའང་མགོ་ལོག་ཁུལ་གྱི་སྐབས་རིམ་བྱུང་གི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་མཚན་སྙན་ཐོབ་ཡོད།

བཅར་འདྲི་མཇུག་རྫོགས་རྗེས། གསར་འགོད་པ་ལྷག་བསམ་གྱིས་ཕྱུག་པའི་སྨན་པ་ཚུལ་ཁྲིམས་དར་རྒྱས་དང་ཁ་བྲལ་སྐབས། ཁོས་སྨན་ལྭའི་ཕུ་ཐུང་ཡར་བརྫེ་བརྫེ་ཙམ་བྱས་རྗེས། སྨན་ཁང་གི་ཚོམས་ཆེན་དུ་སོང་ནས། “ནད་པའི་ཡང་ལྕི་ལྟར་གྲལ་བསྒྲིགས་ནས་ཤོག་དང་། ད་ནི་ངས་ཁྱེད་ཅག་ལ་ནད་བརྟག་སྨན་བཅོས་བྱེད་ཆོག་”ཟེར། སྲིད་པའི་རྨ་ཆེན་གངས་རི་སྔར་བཞིན་བརྟན་བརླིང་གི་ཁྲོད་ན་བརྗིད་ཆགས་གེར་འགྱིང་འདུག་ལ། གངས་འདབས་ན་གཞན་དོན་ལ་བྲེལ་བའི་ཚུལ་ཁྲིམས་དར་རྒྱས་ནི་སྨན་མཆོག་ཨ་རུ་རྣམ་རྒྱལ་དང་འདྲ་བར་རི་ཀླུང་འདིའི་ཁུལ་དུ་གཞན་ཕན་དང་བསིལ་དྲོད་ཀྱི་སྡེབས་ཁ་སྣ་ཚོགས་ཀྱི་སྨན་དྲིའི་ཁྲོད་ན་ཤིག་ཤིག་འདུར་བཞིན་གདའ། །

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

དོ་དམ་པ། བསོད་ནམས་དོན་གྲུབ།

ལྟ་སྐུལ་བ།དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།