འོད་ཀྱི་ལང་ཚོ།
2022.06.26 ཁུངས། ཀློག་གྲངས། 10

 —ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་ཉི་མ་ལྷ་མོའི་གནས་ཚུལ་དངོས་བཀོད།  

 ཟླ་དྲུག་པའི་དགའ་བདེ་རྩྭ་ཐང་དུ་དབྱར་གྱི་དཔལ་ཡོན་རྣམ་པར་རྒྱས་པ་དང་། མུ་མཐའ་མེད་པའི་རི་ལུང་ཀུན་ཏུ་ལྗང་མདོག་གི་གསོན་ཤུགས་རྒྱས་ཤིང་། སྤང་ལྗོངས་སྔོན་མོའི་སྟེང་བག་ཡངས་སུ་རྒྱུ་བའི་རྟ་ནོར་ལུག་གསུམ་དག་རེ་ཞིག་སྔོ་རྩྭས་འགྲེངས་ཏེ་མཆོང་ལྡིང་གར་ལ་རྩེན་བཞིན་ཡོད་ལ།དགའ་བདེ་མི་དམངས་ཀྱིས་ཏང་གི་སྲིད་ཇུས་བཟང་བོ་ལོངས་སུ་སྤྱོད་བཞིན་དུས་རབས་གསར་བའི་བདེ་སྐྱིད་ཀྱི་འཚོ་བའི་ཀློང་ན་དགའ་བདེའི་དཔལ་ལ་རོལ་བཞིན་མཆིས། ང་ཚོ་བཅར་འདྲིའི་ཚན་ཆུང་དགའ་བདེ་རྫོང་མཁར་དང་བར་ཐག་སྤྱི་ལེ་དྲུག་ཅུ་ཙམ་གྱིས་ཆོད་པའི་རྐྱང་ཆད་ཡུལ་ཚོའི་ཕྱོགས་སུ་ཆས་པ་དང་། གནས་དེ་རུ་རྫོང་ཏང་ཨུས་བཀོད་སྒྲིག་ལྟར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱེད་བཞིན་མཆིས། གསར་འགོད་པ་ཡུལ་དངོས་སུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ན། ཉིན་དེར། རྫོང་ཏང་སྲིད་ཀྱི་འགོ་ཁྲིད་དང་རྫོང་ཏང་གི་སློབ་གྲྭའི་དགེ་རྒན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་མི་སྣ་བཅས་ཀྱིས་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་དང་། དེའི་ཁྲོད་ཞིང་ཆེན་ཏང་གི་འཐུས་མི་ཉི་མ་ལྷ་མོ་ལ་མཚོན་ན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བ་རྒྱལ་ཁའི་ངང་གྲོལ་རྗེས། ཕྱིར་ཕ་ཡུལ་དུ་ལོག་ནས་གཞི་རིམ་དུ་བསྐྱོད་དེ་ས་གནས་མང་ཚོགས་ལ་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་ཡོད་པས། གསར་འགོད་པས་ཁོ་མོར་བཅར་འདྲི་བྱེད་པའི་སྐལ་བ་ལྡན་སོང་།

   ཉི་མ་ལྷ་མོ་ནི1976ལོའི་ཟླ་བརྒྱད་པར་མགོ་ལོག་ཁུལ་དགའ་བདེ་རྫོང་དུ་སྐྱེས་པ་དང་། སྤྱི་ལོ2008ལོའི་ཟླ་བདུན་པར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས། ཁོ་མོ་ནི་གཞི་རིམ་དུ་མང་ཚོགས་ལ་ཞབས་ཞུ་སྒྲུབ་བཞིན་པའི་སྨན་པ་ཞིག་ཡིན་ལ།མགོ་ལོག་ཁུལ་དགའ་བདེ་རྫོང་ཁོ་ཆུ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་ཀྱང་ཡིན།ཁོ་མོས་དུས་རྒྱུན་ནད་པར་བལྟ་སྐབས་བབ་ཆགས་ཡིན་ལ། ནད་པ་རང་གི་ཉེ་མི་ལྟར་སེམས་ཁུར་ཆེན་པོ་བྱས་ཏེ། སྤྱིར་བཏང་གི་ལས་གནས་སྟེང་སྤྱིར་བཏང་མ་ཡིན་པའི་བྱ་སྤྱོད་ཀྱིས་སྨན་བཅོས་མི་སྣ་ཞིག་གིས་སེམས་ཤུགས་ཡོད་ཚད་མང་ཚོགས་ཀྱི་ཆེད་དུ་བཏོན་ནས་བླ་མེད་ཀྱི་བྱ་སྤྱོད་ཕྱིར་མངོན་བཞིན་ཡོད།

  ཁོ་མོ་ལས་ལ་བརྩོན་ཞིང་ལས་སྒོའི་ནུས་པ་འབུར་ཐོན་ཡིན་པས། ཁོ་མོས་དུས་རྒྱུན་དུ་བྱ་བའི་ཉམས་མྱོང་ཞན་པའི་ལས་གྲོགས་རྣམས་ལ་ལག་ལེན་དམར་ཁྲིད་བྱེད་བཞིན་ཡོད་ལ། འབྲོག་པ་མང་ཚོགས་ཀྱིས་ནད་ལ་སྟོན་མི་འདོད་པའི་བསམ་བློ་དེར་ཁོ་མོས་དུས་རྒྱུན་ཁ་ཏ་སློབ་གསོ་བྱས་ཏེ་ནད་ལ་སྟོན་དུ་འཇུག་པ་དང་། ཁོ་མོས་གནས་གང་དུ་དགོས་མཁོ་ཡོད་ཚེ། མོ་རང་ཐོག་མའི་དུས་ཚོད་ནང་ཁོ་ཚོའི་གམ་དུ་སོང་ནས་དོན་དག་ཐག་གཅོད་བྱེད་ཀྱིན་ཡོད། ཁོ་མོའི་དུས་རྒྱུན་གྱི་བྱ་བར་ས་གནས་མང་ཚོགས་ཀྱིས་ཁས་ལེན་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། ཁོ་མོར་ཡང་བྱ་བའི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། ལྷག་པར་དུ་ད་ལོའི་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མིར་བདམས་ཡོད། དེའི་སྐོར་ནས་ཁོ་མོས་བཤད་རྒྱུར།

 སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས་མང་ཚོགས་ཀྱི་བདེ་ཐང་གི་ཆེད་ཞབས་ཞུ་སྒྲུབ་རྒྱུ་ནི་ཁོ་མོས་དུས་ནམ་ཡང་བརྟན་སྲུང་བྱེད་པའི་བྱ་བ་ཞིག་ཡིན་ལ། ཁོ་མོ་དགའ་བདེ་རྩྭ་ཐང་གི་གནས་གང་སར་སོང་ནས་ས་གནས་མང་ཚོགས་ལ་སྲོག་སྐྱོབ་སྨན་བཅོས་བྱས་ཤིང་། རང་ཉིད་ཀྱི་བྱམས་སེམས་ལ་བརྟེན་ནས་ས་གནས་མང་ཚོགས་རྣམས་མི་འདོད་ནད་ཀྱི་སྡུག་བསྔལ་ལས་གྲོལ་དུ་བཅུག་པ་དང་། ཁོ་མོས་རྐང་རྗེས་དགའ་བདེ་རྩྭ་ཐང་གི་གནས་གང་སར་བཀོད་ཡོད་ལ། རང་ཉིད་ཀྱི་བརྩོན་པའི་རྔུལ་ཆུ་ལ་བརྟེན་ནས་གྲུབ་འབྲས་ཀྱང་མང་པོ་བླངས་ཡོད་དེ། “ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་སྔོན་ཐོན་མི་སྒེར”དང་། “ཞིང་ཆེན་ཡོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་སྟོན་མི་སྣ།” “སྐབས་བཞི་པའི་མཚོ་སྔོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་བའི་མིང་འདོན་བྱ་དགའ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་། 

   ལོ་ཉི་ཤུ་ལྷག་གི་རིང་ལ། ཁོ་མོ་གངས་ལྗོངས་མཐོ་སྒང་དུ་བསྐྱོད་དེ་ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དང་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དུ་སོང་ནས་ཐུམ་འབུའི་ནད་འགོག་བཅོས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱས་མྱོང་། མཐོ་སྒང་དུ་ཐུམ་འབུའི་ནད་འགོས་ཁྱབ་ཤིན་ཏུ་ཆེ་བས། ཐུམ་འབུའི་ནད་འགོག་བཅོས་ཀྱི་ཐད་ཁོ་མོས་ས་གནས་མི་དམངས་ལ་བྱས་རྗེས་ཆེན་པོ་བཞག་ཡོད་ལ། སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས་མང་ཚོགས་ཀྱི་བདེ་ཐང་ལ་ཞབས་འདེགས་ཞུ་རྒྱུ་ནི་མོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བྱ་བ་ཞིག་རེད། 

   མོ་རང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་ཞིག་ཡིན་པའི་ཆ་ནས་དུས་ཐོག་ཏུ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་རྒྱུ་ནི་ཕྲག་ཏུ་བབས་པའི་གཟི་བརྗིད་ཀྱི་འགན་འཁྲི་ཞིག་ཡིན། རྐྱང་ཆད་ཡུལ་ཚོ་རུ་སྒྲོག་འགྲེལ་བྱེད་པའི་ཚོགས་འདུའི་ཐོག་ཉི་མ་ལྷ་མོ་ཡིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཚོགས་འདུར་ཞུགས་པའི་བརྒྱུད་རིམ་དངོས་ལ་དམིགས་ཏེ། ཚོགས་འདུའི་དགོངས་དོན་གོ་སླ་བའི་རང་བཞིན་དང་གཟབ་ནན་རང་བཞིན། བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་བྱས་པས་མང་ཚོགས་ཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད།

སྒྲོག་འགྲེལ་ཚོགས་འདུར་ཞུགས་པའི་རྐྱང་ཆད་ཡུལ་ཚོ་ཆ་ཆུ་ནག་སྡེ་བའི་ཏང་ཡོན་ལྷ་བུ་ཡིས་བཤད་རྒྱུར།

   ཉི་མ་ལྷ་མོས་འདས་ཟིན་པའི་ལོ་ལྔའི་ནང་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི“རྒྱུན་འཁྱོངས་དྲུག་དང་གསར་གཏོད་དྲུག”གི་གྲུབ་འབྲས་དང“དགོས་ངེས་བདུན”གྱི་འཕེལ་རྒྱས་ཉམས་མྱོང་ལ་དམིགས་ནས། རྗེས་ཕྱོགས་ཀྱི་ལོ་ལྔའི་ནང་ཞིང་ཆེན་ཡོངས་ཀྱི་བྱ་བའི་སྤྱིའི་བླང་བྱ་དང“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་པ”བསྐྲུན་རྒྱུའི་འབད་འཐབ་དམིགས་འབེན་དང་།“བློ་བརྟན་འགྱུར་མེད་བརྒྱད”ཀྱི་བྱ་བའི་བཀོད་སྒྲིག་སོགས་ཀྱི་ཐད་ཁྱོན་ཡོངས་ནས་སྒྲོག་འགྲེལ་བྱས་ལ། ནང་དོན་ཕུན་སུམ་ཚོགས་པ་དང་། དོན་དངོས་དང་འབྲེལ་བ་ཟབ་པས། ས་གནས་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།

སྒྲོག་འགྲེལ་ཚོགས་འདུ་ལ་ཞུགས་པའི་རྐྱང་ཆད་ཡུལ་ཚོ་ཆ་ཆུ་ནག་སྡེ་བའི་ཏང་ཡོན་དཔུང་རྒྱན་རྡོ་རྗེ་ཡིས་བཤད་རྒྱུར།

   ཚོགས་ཞུགས་མི་སྣས་འཐུས་མི་ཉི་མ་ལྷ་མོའི་སྒྲོག་འགྲེལ་ལ་ནན་ཏན་གྱིས་ཉན་རྗེས། གཅིག་རྗེས་གཉིས་མཐུད་ངང་འཐུས་མི་ཉི་མ་ལྷ་མོའི་སྒྲོག་འགྲེལ་ལས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ཡང་དག་པར་ཁོང་དུ་ཆུད་པ་བྱ་རྒྱུར་མཛུབ་ཁྲིད་རང་བཞིན་གྱི་ནུས་པ་ཆེན་པོ་ལྡན་པ་དང་། རྗེས་ཕྱོགས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་བྱ་བ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། འབད་འབུངས་ཧུར་ཐག་བྱས་ནས་དགའ་བདེ་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གྲོང་གསེབ་དར་སྤེལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བཅས་ཀྱི་ཆེད་དུ་ནུས་པ་ཆེན་པོ་འདོན་རྒྱུ་ཡིན་ཟེར། དགའ་བདེ་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་རིན་ཆེན་རྒྱ་མཚོས་བཤད་རྒྱུར།

  གཞི་རིམ་གྱི་ཏང་གི་འཐུས་མི་ཞིག་དང་འཕྲོད་བསྟེན་ལས་དོན་པ་ཞིག་ཡིན་པའི་ཆ་ནས། འཐུས་མི་ཉི་མ་ལྷ་མོ་ཡིས་དུས་དང་རྣམ་པ་ཀུན་ཏུ་རང་འཁྲིའི་ལས་འགན་ཕྲག་ཏུ་འཁུར་ནས། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་དྲིལ་སྒྲོག་ཡག་པོ། སྒྲོག་འགྲེལ་ཡག་པོ་བཅས་བྱས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཏེ་བྱ་བ་དངོས་ཀྱི་ཁྲོད་ལག་བསྟར་བྱེད་པ་དང་། དངོས་ཐོག་བདེན་འཚོལ་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོར་བརྟེན་ནས་ལེགས་སྐྱེས་འབུལ་ཕོད་པ་དང་། ཕ་ཡུལ་གྱི་མང་ཚོགས་ལ་རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཞབས་འདེགས་སྒྲུབ་བཞིན་ཡོད།

  

 གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།

 རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

 དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།