བརྩེ་བའི་བདུད་རྩིས་མཐོ་སྒང་ཡོངས་སུ་བརླན། བདེ་སྐྱིད་འཚོ་བ་བསྐལ་བརྒྱའི་བར་དུ་བརྟན།
2022.06.30 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 15

 2016ལོའི་ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། མཚོ་འཕང་ལ་སྨི3000ཡོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བར་གཟིགས་ཞིབ་གནང་བར་ཕེབས། ཁོང་གིས་སྡེ་བ་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚོ་ཁང་པ་གསར་པའི་ནང་བསྡད་ཡོད་པ་དང་ཡོང་འབབ་བརྟན་འཇགས་ཡིན་པ། ད་དུང་ཡོངས་ཁྱབ་ཏུ་གཞི་རྩའི་སྨན་བཅོས་ཉེན་ཚབ་དང་རྒན་གསོའི་ཉེན་ཚབ་ཁྲོད་ཞུགས་ནས་འཚོ་བའི་ཆུ་ཚད་ཆེས་ཆེར་ཇེ་མཐོར་སོང་ཡོད་པར་གཟིགས་པས། སྤྱི་ཁྱབ་ཧྲུའུ་ཅིས་དགའ་སྤྲོའི་ངང“ཁྱེད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ད་དུང་ཡུན་རིང་པོ་ཡོད”ཅེས་གསུངས།

ལོ་ངོ་དྲུག་གི་རིང་། འབྲི་ཆུའི་འགོ་ཁུངས་སྡེ་བའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས། སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་སེམས་ཟབ་མོ་དེ་དཔའ་ངར་ཆེན་པོས་འབྱོར་འབྲིང་གི་ལམ་བུའི་ཐོག་མདུན་སྐྱོད་བྱེད་པའི་དུང་བརྡ་ཞིག་ཏུ་འགྱུར་བར་བྱས།

ལོ་ངོ་དྲུག་གི་རིང་། བརྩེ་བའི་བརླན་པའི་ས་བོན་ལ་རེ་བའི་མྱུ་གུ་སྨིན་ཞིང་།  འབྲི་ཆུའི་འགོ་ཁུངས་སྡེ་བའི་མི་དམངས་ཀྱིས་ཕུགས་བསམ་སེམས་ལ་ཉར་ནས། ཞུམ་པ་མེད་པར་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་མདུན་སྐྱོད་དང་། དུས་རབས་གསར་པར་བྱས་རྗེས་འཇོག་བཞིན་ཡོད།

རེ་སྒུག་དྲག་པོ་དང་མངགས་བཅོལ་ཟབ་མོ་ནི། ལང་ལོང་དུ་བཞུར་བའི་འབྲི་ཆུའི་རླབས་རྒྱུན་དང་མཚུངས་ལ། ཡངས་ཤིང་རྒྱ་ཆེ་བའི་ཐོ་སྒང་ལ་གསོན་ཤུགས་དང་རེ་བ་བསྩལ་བས། གནས་འདིར་འཚོ་བའི་མི་རྣམས་ལ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བསྐལ་བརྒྱའི་བར་དུ་བརྟན་པར་བྱས་ཡོད།

དཔྱིད་ཀྱི་དུས་སུ་གྲུ་ཆར་ངང་གིས་འཇོ། བདེ་སྐྱིད་འཚོ་བ་བསྐལ་བརྒྱའི་བར་དུ་བརྟན།

ལོ་ངོ70ལ་སླེབས་པའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཀུན་དགའ་རྣམ་རྒྱལ་གྱིས་ལོ་དྲུག་སྔོན་གྱི་མི་སེམས་འགུལ་བའི་དུས་དེ་ནམ་ཡང་བརྗེད་ཐབས་མི་འདུག  

སྤྱི་ཁྱབ་ཧྲུའུ་ཅི་རླངས་འཁོར་ནས་བབས་རྗེས།  ངས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅིར་ཁ་བཏགས་ཕུལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ངའི་ལག་པར་འཇུས་ནས། ངས་སྡེ་བའི་གནས་ཚུལ་འགྲེལ་བཤད་བྱས་པར་ཞིབ་ཏུ་གསན་པར་མ་ཟད།  ད་དུང་ཡག་པོ་བཤད་སོང་ཞེས་ང་ལ་བསྔགས་བརྗོད་ཀྱང་གནང་།

ཀུན་དགའ་རྣམ་རྒྱལ་གྱིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླེང་མོལ་གནང་བའི་སྐད་ཆའི་ཚིག་འབྲུ་རེ་རེ་བཞིན་ཚང་མ་སེམས་སུ་བཟུང་ཡོད་པར་མ་ཟད། ད་དུང་ངའི་ལག་པར་འཇུས་བའི་ཕྱག་ཟུང་ནི་དྲོད་ཁོལ་ལྡན་པ་ཞིག་ཡིན་པའང་དྲན་ཡོང་ཟེར།

ཀུན་དགའ་རྣམ་རྒྱལ་དང་འདྲ་བར། སྡེ་མི་ཧྲིན་ཀེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་ཁོ་དང་གླེང་མོལ་གནང་བའི་གནས་ཚུལ་དེར་ཕྱིར་དྲན་ཞིག་བྱས་ན་ཁ་སང་བྱུང་བའི་གནས་ཚུལ་ཞིག་དང་འདྲ།

སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་འདིར་བཞུགས་ནས་ཚང་མ་དང་གླེང་མོལ་གནང་། ཁྱེད་ཀྱིས་བལྟས་དང་སྒྲོག་ཙེ་དང་རྐུབ་སྟེགས་འདི་དག་ད་དུང་སྔར་གྱི་གནས་སུ་བཞག་ནས་ཡོད། ང་ཚོའི་འབྲི་ཆུའི་འགོ་ཁུངས་སྡེ་བའི་ད་ལྟའི་འཚོ་བ་སྐྱིད་པོ་འདི་འདྲ་ཞིག་ཡོད་པ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད། སྔོན་ཆད་བཤད་ལ་མི་མཁས་པའི་ཧྲིན་ཀེ་ཡིས་ད་ལྟ་བཅར་འདྲི་དང་ལེན་བྱེད་སྐབས་བྱང་ཆ་ལྡན་པ་ཞིག་ཏུ་གྱུར་འདུག

རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ལུགས་བཟོ་བཀོད་ཀྱི་འགྲུལ་ཁང་ནང་། ཧྲིན་ཀེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཁོ་ཚོ་དང་ལྷན་དུ་བཞུགས་ཡོད་པའི་འདྲ་པར་མང་པོ་བཞག་འདུག

ངས་སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་ང་ཚོ་སྐྱེ་ཁམས་གནས་སྤོ་མ་བྱས་སྔོན་ལ་དམར་ཆུ་གཙང་པོའི་འགྲམ་དུ་གཞིས་ཆགས་ནས། གུར་ཕུབ་པ་དང་རྩྭ་ཐང་དུ་ཉལ་བ་ཡིན། དེ་ནས་རྒྱལ་ཁབ་ཀྱིས་བསྐྲུན་པའི་ཁང་པ་གསར་པའི་ནང་སྤར་བ་ནས་བཟུང་། ཉལ་ཁྲིའི་ཐོག་ཏུ་ཉལ་ཐུབ་པ་བྱུང་ལ། ད་དུང་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཀྱང་ཆ་ཚང་ཡོད་པས། ད་ལྟའི་འཚོ་བ་འདི་ལོ་ངོ་བཅུའི་ཡར་སྔོན་དང་བསྡུར་ན་ངོ་མ་བློ་ལ་ཤོང་དཀའ་བ་ཞིག་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཐུགས་བདེ་བོ་ཡོང་ཆེད། ཧྲིན་ཀེ་ཡིས་ད་དུང་དཔང་ཡིག་དང་བྱང་བུ། རང་ཁྱིམ་གྱི་རྩྭ་ཐང་དཔང་ཡིག་དང་། སྨན་བཅོས་ཉེན་ཚབ་བྱང་བུ། བུ་མོ་དབྱང་མཚོའི་ནགས་སྲུང་དོ་དམ་པའི་གདན་ཞུའི་གན་རྒྱའི་ཡི་གེ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ལ་བསྟན།

ངའི་སྐད་ཆར་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅིར་དགའ་སྤྲོ་སྐྱེས་ཤིང་།  ཁོང་གིས་ང་ཚོར་ཁྱེད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ད་དུང་ཡུན་རིང་པོ་ཡོད། ཁྱེད་ཚོ་ནད་མེད་ཚེ་རིང་ཡོང་བར་ཤོག་ཅེས་གསུངས་བྱུང་།

སྡེ་བའི་རྣམ་པ་གསར་བསྒྱུར་དང་། བདེ་སྐྱིད་འཚོ་བའི་རི་མོ་བྲིས། ད་ལྟའི་འབྲི་ཆུའི་འགོ་ཁུངས་སྡེ་བའི་དྲང་མོའི་ལམ་དང་གྲལ་འགྲིག་པའི་སྡེ་མིའི་སྡོད་ཁང་གཙང་ཞིང་དག་ལ། གསར་དུ་སྒོ་ཕྱེ་བའི་ཟ་ཁང་དང་། ན་གཞོན་ལས་བསྐྲུན་སྲང་ལམ། མི་རིགས་རྒྱན་གོས་ཚོང་ཁང་། གསར་དུ་བསྐྲུན་པའི་སྡེ་བའི་ལོ་རྒྱུས་ཁང་སོགས་ཀྱི་རྣམ་པ་གསར་པ་རེ་རེའི་ཐོག་ནས། གནས་སྤོར་བྱས་ནས་གསར་དུ་བཙུགས་པའི་སྡེ་བ་འདིས་ཏང་གི་དྲིན་ཚོར་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལ་ཡིད་ཆེས་ཇེ་བརྟན་དུ་ཕྱིན་པ་མཚོན་ཡོད།

གློག་དྲ་ས་འོག་ཏུ་སྦས་ཏེ།  སྡེ་བའི་མི་རྣམས་ཀྱིས་བདེ་འཇགས་ཀྱིས་གློག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། ས་འོག་ཆུའི་སྦུག་ལམ་བསྒྱུར་བཀོད་བྱས་པས་དགུན་ཁར་ཆུ་སྦུག་བཀད་ནས་ཆུ་ཕྱིར་ཤོར་བར་སེམས་ཁྲལ་མེད་ལ། རང་བྱུང་སོལ་རླངས་ཁྱིམ་ཚང་དུ་འཐེན་ཡོད་པས།  སྡེ་མི་ཚོས་རྡོ་སོལ་སྤྱོད་པའི་དུས་རབས་རྩ་བ་ནས་མཇུག་རྫོགས།  ལེགས་བགྲུབ་བྱུང་ཟིན་པའམ་ཡང་ན་ལག་བསྟར་བྱེད་བཞིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་དག་ནི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།

མ་འོངས་པར། འབྲི་ཆུའི་འགོ་ཁུངས་སྡེ་བས་ད་དུང་མཐོ་སྒང་གི་ཁྱད་ལྡན་བོད་ལུགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཡུལ་སྐོར་གྲོང་ཚོ་འཛུགས་བསྐྲུན་དང་། གདང་ལ་གྲོང་རྡལ་གྱིས་ཀྱང་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་བ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས། ཐོན་ལས་གྲུབ་ཆ་སྣ་མང་ཅན་མངོན་འགྱུར་ཡོང་བར་བྱེད་པ་ནི་འབྲོག་པའི་སྣེ་ཁྲིད་ནས་བདེ་སྐྱིད་གྱི་བགྲོད་ལམ་ཐོག་སྐྱོད་པའི་སྒུལ་ཤུགས་གསར་པར་གྱུར་ཡོད།

དྭངས་གཙང་ཆུ་བོ་ཤར་ཏུ་འབབ་པའི་སླད། རང་ཡུལ་དྲན་གདུང་ཟབ་ཀྱང་གནས་སྤོར་བྱས།

མི་ནི་རི་བོའི་འདབས་རོལ་དུ་འཚོ་བ་སྐྱེལ་བཞིན་ཡོད་རུང་། སེམས་པ་ད་དུང་རི་བོའི་ཕང་བ་རུ་འཁོར་ཡོད།  སྐྱེ་ཁམས་གནས་སྤོ་བྱས་པའི་སྡེ་བ་ཞིག་ཡིན་པའི་ངོས་ནས། ལོ་ངོ་བཅུ་ལྷག་རིང་། འབྲི་ཆུའི་འགོ་ཁུངས་སྡེ་བའི་མི་དམངས་རི་ནས་བབས་ཀྱང་། རྒྱང་རིང་གི་རི་ཀླུང་དང་རྩྭ་ཐང་ནི་སྔར་བཞིན་སེམས་ཀྱི་ཟབ་ས་ན་ཆགས་པའི་ཕ་ཡུལ་དེ་ཡིན།

2004ལོའི་ཟླ11པར། ཕ་ཡུལ་གྱི་ཉམས་ཞན་པའི་སྐྱེ་ཁམས་སྲུང་སྐྱོབ་བྱ་ཆེད། གདང་ལ་གྲོང་རྡལ་གྱི་ཕྱུགས་ལས་སྡེ་བ6གི་འབྲོག་ཁྱིམ128མི་རབས་ནས་མི་རབས་བར་གཏན་སྡོད་བྱས་མྱོང་བའི་རྩྭ་ཐང་དང་ཁ་བྲལ་ཏེ། ན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་གསར་དུ་བསྐྲུན་པའི་འབྲི་ཆུའི་འགོ་ཁུངས་སྡེ་བར་གནས་སྤོར་བྱས་པ་ནས་བཟུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཀྱང་འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་མི་རྣམས་ཀྱི་སེམས་སུ་ཟུག་ཡོད།

རི་ནས་གནས་སྤོས་ནས་ཡོང་སྐབས། ང་ལོ་བཅུ་ལ་བུད་མ་ཐག་ཡིན། ལོ་དེ་དག་རིང་ནོར་ལུག་ལ་གཟན་རྩྭ་ཟ་རྒྱུ་མི་འདང་བས། ཕ་མས་ལུག་དེད་ནས་གནས་གང་སར་འགྲོ་དགོས་ཀྱི་ཡོད། ཀརྨ་ཆོས་སྒྲོན་གྱི་ཕྱིར་དྲན་ཁྲོད། རི་ཁའི་རྩྭ་ས་ནི་མ་གཞི་ནས་སྐྱ་སྒང་སྒང་ཡིན་ལ། ལོ་ན་ཆུང་བའི་ཁོ་མོས་སྐབས་དེ་དུས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དེ་འདྲའི་བཟང་པོ་མེད་པ་ཤེས་ཀྱི་མི་འདུག

ད་སྐབས། ཀརྨ་ཆོས་སྒྲོན་ནི་སྡེ་བའི་ནང་གི་བརླན་ས་ལྟ་སྲུང་པ་ཞིག་ཏུ་གྱུར་ཡོད། ལོ་གཅིག་གི་དུས་ཚིགས་བཞིའི་ཆར་རླུང་ལ་འཛེམ་པ་མེད་པར་ཁོ་མོས་འགན་ཁུར་པའི་ལྟ་སྲུང་ཁུལ་དུ་སྐོར་ཞིབ་བྱེད་བཞིན་ཡོད།

ཟླ་རེའི་སྐོར་ཞིབ་ཐེངས་རེ་ནི་ལེ་བར420ཕ་རོལ་གྱི་ཐོག་ཐོག་ཆུ་བོའི་དཀྱིལ་ཁུལ་དུ་བསྐྱོད་པ་དང་། གནས་དེ་ནི་འབྲི་ཆུའི་འབྱུང་ཁུངས་སུ་གཏོགས་ལ། རི་རྒྱ་བསྡམས་པའི་གནས་ཡིན། ཀརྨ་ཆོས་སྒྲོན་གྱིས་བྱ་བ་སྒྲུབ་ཐེངས་རེར་རྩྭ་ཐང་གཏོར་བརླག་བྱས་པའི་གནས་ཚུལ་ཡོད་མེད་ལ་ལྟ་བ་དང་། ད་དུང་དུས་ལྟར་འགྱུར་ལྡོག་ཆེ་བའི་གནམ་གཤིས་ལ་དོ་སྣང་བྱས་ཏེ།  རི་སྐྱེས་སྲོག་ཆགས་ཀྱི་འགྲོ་འོང་ཟིན་ཐོར་ལེགས་པར་འདེབས་དགོས།

ཆུ་འཐུང་ཡང་ཆུ་མགོའི་བཀའ་དྲིན་མི་བརྗེད། ཕ་མེས་ཀྱི་ལག་ནས་འབྲི་ཆུ་འབྱུང་ཁུངས་སྲུང་སྐྱོབ་བྱེད་པའི་འགན་ལྗིད་མོ་རྒྱུན་འཛིན་བྱེད་པ་དང་། ང་ཚོས་ངེས་པར་དུ་སྲུང་སྐྱོབ་ལེགས་པོ་བྱེད་དགོས་ཏེ། ང་ཚོ་འདིར་ཡོད་པའི་མི་དང་མི་རབས་འདིའི་ཆེད་དུ་མ་ཟད། སྨད་རྒྱུད་ཀྱི་མི་དང་མི་རབས་རྗེས་མའི་ཆེད་དུ། དྭངས་ཤིང་གཙང་བའི་ཆུ་བོ་གཅིག་དུས་གཏན་དུ་ཤར་ཕྱོགས་སུ་འབབ་པར་བྱེད་པ་དང་།  མི་རབས་རྗེས་མར་རང་བྱུང་ཤུལ་བཞག་བརྒྱུད་སྤྲོད་ལེགས་པོ་བྱེད་པའི་ཁས་ལེན་མངོན་འགྱུར་བྱེད་དགོས་ཞེས་འབྲི་ཆུའི་འགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བས་དེ་ལྟར་བཤད། སྡེ་བའི་ཁྱིམ་ཚང་སོ་སོར་ཧ་ལམ་སྐྱེ་ཁམས་ལྟ་སྲུང་པ་རེ་ཡོད། མི་རབས་གཉིས་ལ་སྐྱེ་ཁམས་ལྟ་སྲུང་པའི་འགན་ཁུར་པའི་ཁྱིམ་ཚང་ཡང་མི་ཉུང་བ་ཞིག་ཡོད།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་བྱེད་པ་ནི་ཏང་ཀྲུང་དབྱང་གི་གཏན་ལ་ཕབ་པའི་སྲིད་ཇུས་ཆེན་པོ་ཞིག་ཡིན། སྐྱེ་ཁམས་གནས་སྤོ་ནི་སྲིད་ཇུས་འདི་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ངེས་པར་དུ་རྩ་འཛུགས་ལག་བསྟར་ཡག་པོ་བྱེད་དགོས།

མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ལ་དམིགས་བསལ་ཡིན་པས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་ཀྱི་འགན་ཁུར་ལྗིད་མོ་ངེས་པར་དུ་ཕྲག་ཏུ་ལེན་དགོས།

ལག་མཐིལ་གྱི་དྲོད་ཁོལ་ད་དུང་ཡལ་མེད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་སྔར་བཞིན་རྣ་ལམ་དུ་འཇགས་མེད། དེ་སྔོན་གྱི་འབྲོག་པ་ནི་སྐྱེ་ཁམས་གནས་སྤོ་བརྒྱུད་དེ་གྲོང་ཁྱེར་གྱི་གཏན་སྡོད་སྡོད་དམངས་སུ་གྱུར། འགྱུར་བཞིན་པ་ནི་འཚོ་བ་རོལ་སྟངས་ཁོ་ན་མ་ཡིན་པར། རྟ་ལྕག་སར་བཞག་པའི་འབྲོག་པ་རིམ་བཞིན་རྩྭ་ས་བེད་སྤྱོད་པ་ནས་སྐྱེ་ཁམས་སྲུང་སྐྱོབ་པ་དང་ཁེ་བཟང་མཉམ་སྤྱོད་པར་གྱུར།

གྲོང་གསེབ་དར་སྤེལ་མཛེས་རིས་གསར་པ་ཞིག རྩོལ་བརྟེན་ཕྱུག་འགྱུར་འཕྲུལ་གྱིས་རྣམ་པར་བྲིས།

འབྲི་ཆུའི་འགོ་ཁུངས་སྡེ་བའི་གྲལ་འགྲིག་པའི་ཁང་ཀླད་དམར་པོ་དང་གཞིས་གྱང་དཀར་པོའི་ར་སྐོར་ནང་དུ། ཆེས་དམིགས་བསལ་དུ་མངོན་པ་ནི་སྡེ་མི་ནོར་བུ་སེང་འབྲུག་ཚང་རེད།  སྨི་གྲུ་བཞི་མ300ལྷག་ཡོད་པའི་ཉིས་ཐོག་ཅན་གྱི་སྡོད་ཁང་ཡོད་ཅིང་། སྤྱི་ཁོག་བཟོ་སྐྲུན་སྔར་བཞིན་བོད་ལུགས་ཀྱི་ཁྱད་ཆོས་ལྡན་ཡང་། ཁྱིམ་ཆས་ཚང་མར་དེང་རབས་ཀྱི་ཁྱད་ཆོས་མངོན་ཡོད།

སྡེ་བའི་ནང་གི་ཆེས་ཐོག་མར་ཕྱིར་སྐྱོད་ལས་བསྐྲུན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ནོར་བུ་སེང་འབྲུག་གིས་སྔ་དུས་སུ་བཟོ་སྐྲུན་གཉེར་བ་དང་། ནོར་ལུག་གསོ་བ་བཅས་བྱས་ཤིང་།  དེའི་ཁར་རྒྱལ་ཁབ་ཀྱི་དམངས་ཕན་ཁ་གསབ་སྲིད་ཇུས་བསྣན་པས། ཁོའི་ཡོང་སྒོ་རིམ་བཞིན་ཇེ་མང་དུ་སོང་བ་རེད། 2020ལོར་ཁོས་སྡེ་བའི་ནང་དུ་སྐྱེ་ལྡན་སླད་མེད་ནོར་ལུག་ཤ་ལས་སྣོན་དང་ཕྱིར་ཚོང་གི་རྟེན་གཞི་ཞིག་བཙུགས་ཏེ། མིང་དོན་མཚུངས་པའི་སྡེ་བའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར།

ཐོབ་ཐང་གསར་པ་ཡོད་རྗེས། ནོར་བུ་སེང་འབྲུག་ལ་ལས་དོན་གཉེར་བའི་སྟོབས་ཤུགས་ཀྱིས་ཁེངས།  ཕ་མེས་ཡང་མེས་ནས་འབྲོག་པ་ཡིན་པས། ཆེས་བྱང་ཆ་ལྡན་པ་ནི་ནོར་ལུག་གསོ་སྐྱོང་ཡིན། ང་ཚོ་རྩྭ་ཐང་ནས་གནས་སྤོས་ཟིན་ན་ཡང་། སྔར་བཞིན་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་བྱེད་ཆོག་ལ། ང་ཚོའི་ནོར་ལུག་གི་ཤ་ནི་ཐོག་ཐོག་ཆུ་བོའི་འགྲམ་རྒྱུད་ཀྱི་ཡིན་ལ། བྲོ་བར་འཛད་སྤྱོད་པས་དགའ་བསུ་ཐོབ་པ་དང་། འདི་ཡིས་ང་ཚོའི་ཁྱད་ཆོས་སོར་བཞག་བྱས་པར་མ་ཟད།  སྡེ་བའི་ཐུན་མོང་དཔལ་འབྱོར་གོམ་སྟབས་ཆེན་པོ་ཞིག་སྤོས།

རི་མགོ་ནས་རི་འདབས་སུ་སྤོས་པ་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ན་ཡང་། འབྲི་ཆུའི་འགོ་ཁུངས་སྡེ་བའི་མི་གཅིག་ཀྱང་སྔར་སྐྱེ་ཁམས་སྲུང་སྐྱོབ་ལ་བྱས་རྗེས་བཞག་པ་དང་བློས་བཏང་བའི་བྱས་རྗེས་སྟེང་ནས་སྒུག་བརྟེན་སློང་གསུམ་མ་བྱས།  འབྲོག་པ་ནས་སྦྱིན་བདག་ཏུ་གྱུར་པའི་ནོར་བུ་སེང་འབྲུག་ནི་འབྲི་ཆུ་འགོ་ཁུངས་སྡེ་བའི་བསྡུས་གཟུགས་ཤིག་ཡིན།

2016ལོར། བསམ་སྐྱིད་ནི་སྡེ་བའི་ནང་དུ་རེ་གཉིས་ལས་མེད་པའི་སློབ་ཆེན་སློབ་མའི་གྲས་ཤིག་ཡིན་ལ། ཁོ་མོས་གསོ་སྦྱོང་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་མི་རིགས་ལག་རྩལ་སྒྱུ་རྩལ་ཐོན་རྫས་མཉམ་ལས་ཁང་ཞིག་འཛུགས་རྒྱུ་ཐག་བཅད་པ་དང་།  ཁྱིམ་ཚང་སོ་སོས་བཟོ་ཤེས་པའི་ལག་ཤེས་བཟོ་རྩལ་མཛེས་སྤྲས་ཐོན་རྫས་ཚོང་རར་བཀྲམ།

སྐབས་དེར་ལག་བཟོ་རྐྱང་པ་ཡིན་པའི་མཛེས་སྤྲས་ཐོན་རྫས་ནི་ནང་ལོག་ཚོང་རར་བྲིན་ཆེ་ལ། མཉམ་ལས་ཁང་བཙུགས་ན་བོད་ཀྱི་སྲོལ་རྒྱུན་ལག་རྩལ་སྲུང་སྐྱོབ་བྱས་ཏེ་ཉམས་སུ་མི་འཇུག་པར་མ་ཟད།  སྡེ་མི་རྣམས་ལ་དངོས་ཡོད་ཀྱི་ཡོང་འབབ་དང་ལས་བསྐྲུན་ལས་ཞུགས་བཅས་ཀྱི་ཕན་བདེ་སྐྲུན་ཐུབ་ཅེས་བསམ་སྐྱིད་ཀྱིས་དེ་ལྟར་བཤད། ལས་བསྐྲུན་གྱི་ཐོག་མའི་དུས་སྐབས་ཀྱི་དཀའ་སྡུག་བརྒྱུད་རྗེས། ད་སྐབས་ཚོང་ལས་ཅུང་ཙམ་དར་རྒྱས་ཆེ། ད་ལོར་གཞི་ཁྱོན་རྒྱ་བསྐྱེད་དེ་སྡེ་བའི་ནང་གི་བོད་རིགས་བུད་མེད་སྔར་ལས་མང་པོས་རིག་གནས་སློབ་སྦྱོང་དང་། ན་གཞོན་སྔར་ལས་མང་པོ་ཞིག་མི་རིགས་རིག་གནས་དང་དངོས་པོ་མ་ཡིན་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པའི་ཁྲོད་ཞུགས་སུ་འཇུག་པའི་འཆར་གཞི་ཡོད་ཟེར།

ལོ་འདི་འགར། བསམ་སྐྱིད་རྒྱུན་དུ་སུའུ་ཀྲོའུ་དང་ཧང་ཀྲོའུ་སོགས་གྲོང་ཁྱེར་ཆེན་མོ་དག་ཏུ་ལས་ལ་བྲེལ་ཞིང་།  ཁོ་མོས་སྔ་མོ་ནས་སྲོལ་རྒྱུན་མཛེས་སྤྲས་འདི་དག་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་འོས་སྦྱོར་བྱས་ཚར།

བཀའ་མངག་ཟབ་མོ་སེམས་གཏིང་དུ་ཉར། ལོ་དྲུག་གི་རིང་ལ། འབྲི་ཆུའི་འགོ་ཁུངས་སྡེ་བའི་སྡེ་མིས་སྤྱི་ཁྱབ་ཧྲུའུ་ཅིར་དྲིན་གཟོ་བའི་བརྩེ་བ་དེ། ལས་སྒྲུབ་ལས་བསྐྲུན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་འཐབ་བྱེད་པའི་སྟོབས་ཤུགས་སུ་བསྒྱུར། ད་སྐབས་སྡེ་མིའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་གནས་སྤར་མ་ཐག་པའི་སྐབས་ཀྱི་སྒོར་སྟོང་གཉིས་ཙམ་ནས་སྒོར་ཁྲི་གཉིས་སྟོང་གསུམ་ལྷག་ཏུ་འཕར་ཡོད།

མ་འོངས་པར་ཁ་ཕྱོགས་ཏེ། འབྲི་ཆུའི་འགོ་ཁུངས་སྡེ་བ་ནི་གསོན་ཤུགས་ཀྱིས་ཁེངས་ཤིང་རེ་བས་གཏམས་པའི་མུ་ཏིག་རྡོག་པོ་ཞིག་དང་འདྲ་བར། དུས་རབས་གསར་པའི་ཉི་འོད་ཀྱི་ཀློང་ན། མི་དམངས་ལྟེ་བ་ཡིན་པའི་རླབས་ཆེན་གཟི་འོད་འཕྲོ་བཞིན་འདུག །

རྩོམ་སྒྲིག་པ།སྒྲོལ་མ་སྐྱིད།