དབུལ་ཕོངས་སྡེ་བ་ཞིག་གི་དངོས་བྱུང་གཏམ་རྒྱུད།
2022.07.05 ཁུངས། ཀློག་གྲངས། 26

    “ད་ལོའི་ཟླ་བཞི་བའི་ནང་ཧྲང་ཧེ་གྲོང་ཁྱེར་དུ་པྲོག་གསར་གློ་ཚད་རིམས་ནད་མཆེད་པ་ཛ་དྲག་ཡིན་པའི་གནས་ཚུལ་དྲ་ལམ་སོ་སོ་ནས་གསལ་བོར་མཐོང་རྗེས།ངའི་སེམས་ཡུན་རིང་ཞིག་ལ་བདེ་ལ་འབབ་མི་ཐུབ་པར་ཉིན་རྒྱུན་ཧྲང་ཧེའི་རིམས་ནད་གནས་ཚུལ་ལ་དོ་ཁུར་བྱས་པ་ཡིན།རྒྱུ་མཚན་ནི་ང་རང་དངོས་སུ་ཧྲང་ཧེ་འགྲོ་མ་མྱོང་ལ།ཡུལ་དེ་ན་གཉེན་ཉེ་སྤུན་ཟླ་གཅིག་ཀྱང་མེད་མོད།འོན་ཀྱང་སྔོན་ཆད་ང་ཚོའི་འཚོ་བ་དབུལ་ཕོངས་ཐབས་རྡུགས་ཡིན་དུས་ཧྲང་ཧེ་མི་དམངས་ཀྱིས་རོགས་སྐྱོར་ཆེན་པོ་ལ་བརྟེན་ནས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་འདི་འདྲ་རོལ་ཐུབ་པ་བྱུང་།ངོ་མ་ང་རང་ཉིད་ལ་མཚོན་ན་ཚེ་འདིར་ཧྲང་ཧེ་མི་དམངས་ལས་ལྷག་པའི་དྲིན་ཆེན་ཞིག་ཡོད་མི་སྲིད།ཧྲང་ཧེ་མི་དམངས་སྔ་མོ་ནས་རིམས་ནད་ལས་ཐར་བར་སྨོན།”ཞེས་པའི་ཁ་བརྡ་ཐུང་ངུ་འདི་ནི་རྒན་པོ་བསྟན་གྲགས་ཀྱིས་གསར་འགོད་པར་བརྗོད་པའི་སྙིང་གཏམ་དྲོན་མོ་ཡིན་ལ།མཐོ་སྒང་གི་འབྲོག་མི་ཕལ་བ་ཞིག་གིས་ཧྲང་ཧེ་མི་དམངས་ལ་ཕུལ་བའི་རྒྱང་རིང་གི་སྨོན་འདུན་ཞིག་ཀྱང་ཡིན།

དུས་རབས་གསར་བའི་བདེ་སྐྱིད་ཀྱི་ལམ་བུ།

ད་ལོ་རང་ལོ་ལྔ་བཅུ་ལ་སོན་པའི་བསྟན་གྲགས་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆད་ཡུལ་ཚོའི་ཆ་ཆུ་ནག་སྡེ་བའི་འབྲོག་མི་ཕལ་བ་ཞིག་ཡིན་ཞིང་།ཁོ་ཚང་ལ་བཟའ་མི་ལྔ་ཡོད་པ་དང་།བྱིས་པ་གསུམ་པོ་སློབ་གྲྭར་འགྲིམ་བཞིན་ཡོད་ལ།སྔོན་ཆད་ལྟ་བུར་མཚོན་ན་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ལྔ་བཅུ་ལྷག་ཡོད་པའི་ལྕགས་ཁང་རྙིང་བ་དེ་ནི་ཁོ་བཟའ་མི་གང་བོས་སྐྱིད་སྡུག་གི་འཚོ་བ་རོལ་སའི་གནས་མལ་གཅིག་པུ་ཡིན་ཞིང་།སྒྲ་སྡུད་འཕྲུལ་ཆས་དང་འོ་བཤིག་འཕྲུལ་ཆས་གཉིས་ནི་ཁྱིམ་ཚང་དེའི་ནོམ་པ་རྩ་ཆེན་དང་ཡོ་བྱད་ཉག་གཅིག་ཡིན།

འབྲོག་དམངས་ཀྱི་སྡོད་ཁང་རྙིང་པ། 

 ཁོ་རང་ཆུང་དུས་སྡེ་བའི་ནང་དུ་ས་ཁང་རྙིང་བ་གྱན་འགའ་ལས་གྲུབ་པའི་སློབ་ཆུང་ཞིག་ཡོད་མོད།འོན་ཀྱང་སྐབས་དེར་རང་འགུལ་གྱིས་བྱིས་པ་སློབ་གྲྭར་སྐྱེལ་བའི་གོམས་སྲོལ་ཞིག་ཡུལ་དེར་དར་ཁྱབ་མི་ཆེ་བའི་དབང་གིས་ཁོ་རང་ཡང་སློབ་གྲྭ་འགྲིམ་པའི་སྐལ་བ་མ་ལྡན་པར་སྡེ་མི་གཞན་དག་དང་འདྲ་བར་ལུང་ཁུག་ཆུང་ཆུང་དེ་རུ་དབྱར་དགུན་སྟོན་དཔྱིད་ཀྱི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཕྱུགས་རིགས་འཚོ་སྐྱོང་གི་ལས་ལ་གཞོལ་བཞིན་མི་ཚེའི་ཕྱེད་ཀ་རིམ་གྱིས་རྫོགས།   2010ལོ་ནི་མགོ་ལོག་མི་དམངས་ལ་མཚོན་ན་བརྗེད་ཐབས་བྲལ་བའི་ལོ་ཟླ་ཞིག་དང་རྗེས་དྲན་བྱེད་འོས་པའི་དུས་བཟང་ཞིག་ཡིན་སྟེ།རྒྱུ་མཚན་ནི་ལོ་དེར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མགོ་ལོག་ས་ཁུལ་གྱི་དམིགས་བསལ་ལོ་རྒྱུས་དང་དབུལ་ཕོངས་ཀྱི་གནས་ཚུལ་ལ་དམིགས་ནས།ཆེད་དུ་ཧྲང་ཧེ་གྲོང་ཁྱེར་གྱིས་མགོ་ལོག་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་རྒྱུ་གཏན་ཕབ་བྱས་པ་དང་།དུས་དེ་ནས་བཟུང་ཧྲང་ཧེ་མི་དམངས་ཀྱིས་གཏོང་ཕོད་ཀྱི་སྤར་ཁ་ཡངས་མོར་ཕྱེས་ཏེ།མགོ་ལོག་མི་དམངས་ལ་རྒྱུ་ཤུགས་མི་ཤུགས་སོགས་ཕྱོགས་གང་ཅིའི་ཐད་ནས་རོགས་སྐྱོར་བྱེད་པའི་མཐོ་རླབས་ཤིག་རྨ་ཡུལ་རྩྭ་ཐང་དུ་འཕྱུར་བ་བསྟུན་ནས།བསྟན་གྲགས་ལྟ་བུའི་ཆ་ཆུ་ནག་སྡེ་བའི་འབྲོག་དམངས་ཕལ་ཆེར་གྱིས་ཏང་དར་འོག་གི་བདེ་སྐྱིད་ཀྱི་འཚོ་བ་རོལ་འགོ་ཚུགས་ཤིང་ཧྲང་ཧེས་ལྷག་བསམ་གྱི་རོགས་སྐྱོར་རྒྱུ་ནོར་ལོངས་སུ་སྤྱད་དེ།སྔོན་ཆད་གོས་ཀྱིས་རྒྱབ་མི་དྲོ་བ་དང་ཟས་ཀྱིས་ལྟོ་མི་འགྲེངས་པའི་ལོ་རྒྱུས་མཇུག་བསྡུས་ནས་བཀོད་ལེགས་མཛེས་ཤིང་རྒྱུ་སྤུས་མཁྲེགས་པའི་སོ་ཕག་ཁང་བའི་ནང་དུ་དེང་རབས་ཅན་གྱི་འཚོ་བ་རོལ་ཐུབ་པར་གྱུར།

འབྲོག་དམངས་ཀྱི་སྡོད་ཁང་གསར་བ།

  དེང་སྐབས་བསྟན་གྲགས་ཚང་སྡོད་སའི་ཁང་བ་དེའི་རྒྱ་ཁྱོན་ལ་མུས་རྒྱ་དཔང་གྲུ་བཞི་མ་བརྒྱ་དང་སོ་གཉིས་ཡོད་ཅིང་།རང་ཉིད་ཀྱིས་སྒོར་སྐར་གང་ཡང་སྟེར་མི་དགོས་པར་རིན་མེད་དུ་བསྐྲུན་པ་མ་ཟད།ད་དུང་རྒྱུ་སྤུས་དང་ཇུས་འགོད་ནི་གྲོང་ཁྱེར་གྱི་ཐོག་ཁང་ལྟ་བུ་ཡིན་པས།གཙང་ཞིང་གྲལ་དག་པ་དང་།བོད་ལུགས་ཤིང་བརྐོས་ཀྱི་ཁྱད་ཆོས་ལྡན་པའི་འབོལ་ཁྲི་རིང་མོ་ཞིག་གིས་འགྲུལ་ཁང་ཡོངས་སུ་བཀང་ཡོད་པ་དེས་ཁྱིམ་ཚང་དེ་ལ་སྔར་ལས་མཛེས་ཉམས་ཤིག་བཏོད་འདུག་ལ།བརྙན་འཕྲིན་འཕྲུལ་ཆས་དང་གོས་འཁྲུ་འཕྲུལ་ཆས།འཁྱགས་སྒམ་སོགས་དེང་རབས་ཀྱི་ཁྱིམ་སྤྱོད་ཡོ་བྱད་དག་གིས་ཁྱིམ་ཚང་དེར་སྔར་ལས་གཟི་དཔལ་གསར་བ་ཞིག་བསྣན་འདུག  དེའི་སྐོར་བསྟན་གྲགས་ཀྱིས་རང་ཉིད་ཁ་པར་ནང་ཉར་ཚགས་བྱས་པའི་གནའ་དེང་གི་སྡོད་ཁང་འདྲ་པར་གཤིབ་སྡུར་བྱེད་བཞིན་བཤད་རྒྱུར།

  ཆ་ཆུ་ནག་སྡེ་བ་ནི་དགའ་བདེ་རྫོང་མཁར་ལས་སྤྱི་ལེ་དྲུག་ཅུ་ལྷག་གི་སར་གནས་ཤིང་།བཤད་སྲོལ་ལ་ཡུལ་དེའི་གནས་རི་འགངས་ཆེན་ཆ་ཡི་དུང་རི་མཐོན་པོའི་འདབས་རོལ་དང་ཆུ་ནག་གཙང་ཆུ་སྔོན་མོའི་འགྲམ་རྒྱུད་དུ་ཆགས་ཡོད་པས་སྡེ་མིང་ལའང་ཆ་ཆུ་ནག་ཅེས་བཏགས་པ་ཡིན་ཟེར།

  སྔོན་ཆད་ཆ་ཆུ་ནག་སྡེ་བ་ནི་ས་རྒྱ་ཆུང་ཞིང་མི་གྲངས་མང་བ།རང་བྱུང་ཐོན་ཁུངས་དཀོན་ཞིང་བསམ་བློའི་གོ་རྟོགས་དམའ་བ།ཐོན་ལས་སྣ་གཅིག་དང་སློབ་གསོ་མིང་ཙམ་ཡིན་པ་སོགས་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་གི་དབང་གིས་འབྲོག་པ་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་དུ་ཕྱུགས་ཟོག་ཁོ་ན་འཚོས་ཏེ་འཚོ་ཐབས་བྱེད་པ་ལས།ལས་རིགས་གཞན་པ་གཉེར་བའི་ལུགས་སྲོལ་ཞིག་སྔ་མོ་ནས་དར་མྱོང་མེད་སྟབས།སྡེ་བ་དེ་ལོ་ངོ་དུ་མའི་རིང་ལ་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་བ་ཅི་ཡང་མེད་པར་སྔར་བཞིན་ལུང་ཁུག་ཆུང་ཆུང་དེ་རུ་སྔར་ལྟར་སྲོལ་རྒྱུན་གྱི་བསམ་བློ་རྙིང་བ་རྒྱུན་འཛིན་བྱས་ཏེ།སྔར་ལས་ལྷག་པའི་འཚོ་བ་གསར་བ་ཞིག་རོལ་ཐབས་བྲལ།

ལོ་རབས་སྔོན་མའི་ཆ་ཆུ་ནག་སྡེ་བའི་ཕྱིའི་རྣམ་པ།  

ཡིན་ནའང་།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་།ཧྲང་ཧེ་གྲོང་ཁྱེར་གྱིས་མགོ་ལོག་ས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཆོད་སེམས་སྔར་ལས་ཇེ་བརྟན་དང་གོམས་སྟབས་སྔར་ལས་ཇེ་མགྱོགས།རྣམ་གྲངས་སྔར་ལས་ཇེ་མང་།མ་དངུལ་སྔར་ལས་འབོར་ཆེན་ཏུ་བཏང་མཐར།ད་ལྟ་ཆ་ཆུ་ནག་སྡེ་བའི་རྣམ་པ་ཕྱོགས་ཡོངས་ནས་འཕོ་འགྱུར་བྱུང་སྟེ།སྣུམ་ལམ་གསར་བའི་སྡེ་མཐའ་བསྐོར་ཞིང་འཐུང་ཆུ་གཙང་མ་སྒོ་ཁར་འཐེན་པ།ཨར་འདམ་གཞུང་ལམ་གང་སར་བསྐྲུན་ཞིང་ལམ་སྒྲོན་གློག་འོད་ཕྱོགས་ཀུན་འཚེར་བ།མི་སྡོད་ཁང་ཁྱིམ་བཟོ་བཀོད་ལེགས་ཤིང་ཐོན་ལས་སྣ་མང་ཀུན་གྱིས་གཉེར་བ།སློབ་སྔོན་སློབ་གསོའི་མྱུ་གུ་འབུས་ཤིང་ཏང་འཛུགས་བསམ་བློ་སྔོན་ཐོན་ཡིན་པ།མི་རིགས་མཐུན་སྒྲིལ་སེ་འབྲུ་བཞིན་ཏུ་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་ཡིན་པ་སོགས་དགེ་མཚན་སྟོང་གིས་ཕྱུག་པའི་སྡེ་བ་འདི་སྔོན་ཆད་མ་རབས་རྗེས་ལུས་སྡེ་བ་ནས་ད་སྐབས་སྙན་གྲགས་ཕྱོགས་བཅུར་རྒྱས་པའི་འབྱོར་འབྲིང་དཔེ་སྟོན་གྱི་དཔལ་ཡོན་སྡེ་བ་ཞིག་ཏུ་འགྱུར་དོན་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་བོད་འབྲེལ་སྲིད་ཇུས་བཟང་བོ་དངོས་འབེབ་དོན་སྨིན་བྱས་པའི་འབྲས་བུ་ཡིན་ལ།ཧྲང་ཧེ་གྲོང་ཁྱེར་གྱིས་ལྷག་བསམ་རྣམ་དག་གིས་ཁ་གཏད་རོགས་སྐྱོར་བྱས་པའི་གྲུབ་འབྲས་ཀྱང་ཡིན་ངེས།དེའི་སྐོར་ཆ་ཆུ་ནག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་འགུར་བྷོ་ཡིས་བཤད་རྒྱུར།

  ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དང་།ལྷག་པར་དུ་ཉེ་བའི་ལོ་གཉིས་གསུམ་ཙམ་གྱི་རིང་ལ།ཆ་ཆུ་ནག་སྡེ་བར་ཆུ་གློག་ལམ་གསུམ་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱིའི་རྣམ་པར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་གསར་བ་བྱུང་བ་མ་ཟད།འབྲོག་པ་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་དང་འདུ་ཤེས་འཛིན་སྟངས་སོགས་ཀྱི་ཐད་ལའང་གཉིད་ལས་སད་པ་ལྟ་བུའི་རྟོགས་སད་ཆེན་པོ་བྱུང་སྟེ།སྔོན་ཆད་སློབ་གྲྭ་འགྲོ་བར“རྒྱན་འཕེན་པ”ནས་ད་ལྟ་སློབ་བྱོལ་བྱས་ཚེ“མཚང་འབྲུ་བ”སོགས་སློབ་གསོའི་དགེ་མཚན་གསལ་བོར་རྟོགས་ཏེ།ད་སྐབས་ཆ་ཆུ་ནག་སྡེ་བ་ཡོངས་ལ་ཁྱིམ་ཚང་སུམ་བརྒྱ་དང་མི་གྲངས་སྟོང་གཉིས་ཡོད་ལ།དེའི་ནང་དུ་སློབ་ཆེན་སློབ་མ་བརྒྱ་ལྷག་ཡོད་པ་དང་།སློབ་གྲྭ་ཞུགས་ཚད་བརྒྱ་ཆའི་བརྒྱ་ལ་སླེབས་ཡོད།

དུས་རབས་གསར་བའི་ཆ་ཆུ་ནག་སྡེ་བའི་ཕྱིའི་བཀོད་པ།

  “གྲོང་གསེབ་དར་སྤེལ་ནི་ངེས་པར་དུ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་དགོས་ཤིང་།འབྲོག་དམངས་ཀྱི་ཁྱིམ་ཚང་ཕྱུག་དགོས་ལ།ད་རུང་ཐོན་ལས་ཀྱང་གཉེར་དགོས།”ཧྲང་ཧེས་མགོ་ལོག་ཁ་གཏད་རོགས་སྐྱོར་གྱིས་དུས་ཡུན་རིང་བོར་དམིགས་ནས་སྐབས་རེའི་ལས་གཞིའི་འཛུག་སྐྲུན་ཁྲོད་དུ་ཐོན་ལས་རོགས་སྐྱོར་གྱི་རྣམ་གྲངས་རེ་ཡོད་པར་བྱས་ཏེ།སྡེ་བར་ཐུན་མོང་གི་ཐོན་ལས་ཡོད་པ་དང་ཁྱིམ་རེར་ཡོང་སྒོ་འཕར་སྣོན་གྱི་རྣམ་གྲངས་རེ་ཡོད་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད།དེ་བས་ཧྲང་ཧེ་གྲོང་ཁྱེར་གྱིས་ཆ་ཆུ་ནག་སྡེ་བའི་ནང་དུ་སྒོ་རྩིས་ཚོང་ཁང་དང་རྒྱ་ཁོག་ཟ་ཁང་།སྣུམ་སྣོན་ས་ཚིགས་སོགས་བཙུགས་ཡོད་པ་ལས་གཞན།ད་དུང་དབུལ་སྐྱོར་གྱི་མ་དངུལ་འབོར་ཆེན་བཏང་ནས་གསར་འཛུགས་བྱས་པའི་དགའ་བདེ་རྐྱང་ཆད་ཐོན་ལས་ར་བ་ད་ལྟ་འཁོར་སྐྱོད་བྱེད་པའི་སྒང་ཡིན་ལ།དེའི་འགོ་གཙོ་ཆོས་བསམ་ནི་ཆ་ཆུ་ནག་སྡེ་བའི་འབྲོག་པ་ན་གཞོན་དཀྱུས་མ་ཞིག་ཡིན་ཞིང་།ཁོ་རང་ཉིན་གཅིག་ལའང་སློབ་གྲྭར་འགྲོ་མ་མྱོང་མོད།འོན་ཀྱང་ཚོང་ལས་གཉེར་བར་སྤྲོ་བའི་འདུན་པ་དེ་ལྷན་སྐྱེས་སུ་གྲུབ་ཡོད་པས།སྔོན་ཆད་ཕྱོགས་མར་ལ་སོང་ནས་རང་ཁ་གསོ་ཐབས་ཙམ་གྱི་ཆེད་དུ་ཚོང་ལས་ཙག་ཙིག་གཉེར་བ་དང་།རིམ་བཞིན་མཐོང་རྒྱ་ཇེ་ཆེ་དང་ཀླད་པ་ཇེ་གསལ་དུ་སོང་བ་བསྟུན་ནས།བསམ་བློ་འཁོར་ཕྱོགས་དང་འཚོ་བ་རོལ་སྟངས་བསྒྱུར་ཏེ་རང་དོན་བསྐྱུར་ནས་སྡེ་དོན་སྐྱོང་བའི་ཐད་ལ་བསམ་གཞིགས་བཏང་མཐར་ཕྱིར་རང་ཡུལ་དུ་ལོག་ནས་ཁེ་ལས་གཉེར་བར་བློ་ཐག་བཅད།

འབྲེལ་ཡོད་འགོ་ཁྲིད་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་ལ་རྒྱུས་ལོན་བྱེད་བཞིན་པ།

  2018ལོའི་ཡར་སྔོན་ཏུ་ཆ་ཆུ་ནག་སྡེ་བའི་ནང་དུ་ཕྱི་རོལ་དུ་ཞོར་ལས་དང་ཚོང་ལས་གཉེར་མཁན་གྱི་མི་བརྒྱད་མ་གཏོགས་མེད་མོད།འོན་ཀྱང་མིག་སྔར་གྲངས་ཀ་ལྡབ་འགྱུར་གྱིས་འཕར་ཏེ་མི་སུམ་བརྒྱ་ལྷག་ལ་སླེབས་ཡོད།དཔལ་འབྱོར་ཆ་རྐྱེན་རིམ་བཞིན་ལེགས་བཅོས་བྱུང་བ་དང་བསྟུན་ནས།སྡེ་བའི་ནང་གི་ཚོང་ལས་ལ་སྔར་ལས་གསོན་ཤུགས་རྒྱས་ཡོད་དེ།ཚེ་བྷོ་ཚང་གི་ཚོང་ཁང་ཆུང་བ་ལྟ་བུར་མཚོན་ན།རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཉི་ཤུ་མ་གཏོགས་མེད་མོད།འོན་ཀྱང་དེའི་ནང་དུ་རྒྱུན་བཀོལ་ཡོ་བྱད་དང་ཟས་རིགས་སྣ་ཚོགས།ཉེར་མཁོའི་སྨན་རྫས་སོགས་གང་མཁོ་ཐམས་ཅད་འཛོམས་ཡོད་ལ།གཞི་ཁྱོན་དེ་ལྟ་བུའི་ཚོང་ཁང་སྡེ་བའི་ནང་དུ་བཅུ་ལྷག་ཡོད་པས།ཆ་ཆུ་ནག་སྡེ་བར་ལོ་རྒྱས་སྟེང་ཐོན་ལས་མེད་པའི་སྟོང་ཆ་ཁ་སྐོང་བྱས་ཏེ།ད་ལྟ་སྡེ་བ་དེར་ཐོན་ལས་དྲུག་དང་སྤྱི་ཕན་རང་བཞིན་གྱི་ལས་རྐང་བརྒྱ་ལྷག་ཡོད་པས་གྲོང་གསེབ་དར་སྤེལ་གྱི་དཔེ་སྟོན་སྡེ་བར་གྱུར་ཡོད།

སྡེ་བའི་ཀུན་འཛོམས་ཚོང་ཁང་ཆུང་བ།

  དཔལ་རྡོར་ནི་སློབ་མཐར་ཕྱིན་རྗེས་ཕྱིར་ལོག་པའི་ཆ་ཆུ་ནག་སྡེ་བའི་ན་གཞོན་ཞིག་ཡིན་ལ།ཁོས་ད་ལྟ་དགའ་བདེ་རྐྱང་ཆད་ཐོན་ལས་ར་བའི་ནང་དུ་ཞོར་ལས་གཉེར་བཞིན་ཡོད།

 གྲལ་དག་ཅིང་འཁོད་ཡངས་པའི་ཆ་ཆུ་ནག་སྡེ་བའི་གཞུང་ལམ་སྟེང་དུ་རྟགས་སྣ་ཚོགས་ཀྱི་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་ལ།ལམ་འགྲམ་གཉིས་སུ་བཀལ་བའི་སྒྲ་སྒམ་རེ་རེ་ལས་ཏང་གི་གསུང་སྐད་སྙན་མོ་བར་མེད་དུ་སྒྲོག་ཅིང་།ཨར་འདམ་དང་རྣོ་ལྕགས་ཀྱི་རྨང་གཞི་ཀུན་ལས་བཀན་ཞིང་ཧྲང་ཧེའི་བཟོ་སྐྲུན་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་གཡང་ཁང་རེ་རེའི་ནང་དུ་བདེ་སྐྱིད་ཀྱི་དགོད་སྒྲས་བར་སྣང་ཁེངས་ཤིང་།སྡེ་བའི་ཏང་དང་མང་ཚོགས་ཀྱི་ཞབས་བུ་ལྟེ་གནས་སུ་སྡེ་བའི་འགོ་ཁྲིད་དང་ཏང་ཡོན་ཚོ་མཉམ་གཅིག་ཏུ་འཚོགས་ནས་གྲངས་འཛིན་གྲོང་གསེབ་ཀྱི་བྱེད་ནུས་བེད་སྤྱོད་གང་ལེགས་བྱས་ཏེ་གཞི་གྲངས་ཆེན་མོའི་ལམ་ནས་སྡེ་མི་ཡོངས་ལ་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་སྒྲོག་འགྲེལ་དང་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་ཡོད་ལ།སྡེ་མི་དག་སྔོན་ལྟར་གྲོས་ཚོགས་ཁང་དུ་ཡོང་མི་དགོས་པར་རང་ཁྱིམ་དུ་བསྡད་ནས་སྲིད་ཇུས་ཀྱི་དགོངས་དོན་ཉམས་སུ་རོལ་ཐུབ།

  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་ལོ་ངོ་བཅུ་ནི་ཆ་ཆུ་ནག་སྡེ་བར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལམ་ཆེན་སྟེང་དཔའ་སྤོབས་ངང་མདུན་ཏུ་སྐྱོད་པའི་ལོ་ངོ་བཅུ་ཡིན་ལ།དཔལ་འབྱོར་འཕེལ་རྒྱས་ཆེས་མགྱོགས་ཤིང་སྤྱི་ཚོགས་ཡར་ཐོན་ཆེས་མངོན་གསལ་ཡིན་པའི་ལོ་ངོ་བཅུ་དང་།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྟོབས་ཤུགས་ཆེས་ཆེ་བ་དང་སྡེ་བའི་རྣམ་པ་འགྱུར་ལྡོག་ཆེས་མགྱོགས་པའི་ལོ་བཅུ།འབྲོག་དམངས་འཚོ་བའི་ཆུ་ཚད་ཆེས་མཐོར་འདེགས་དང་དངོས་ཡོད་ཁེ་ཕན་ཆེས་མང་པོ་ཐོབ་པའི་ལོ་བཅུའང་ཡིན།དེའི་སྐོར་རྐྱང་ཆད་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་འཇིགས་མེད་ཀྱིས་བཤད་རྒྱུར།

མཚོ་འཕང་ལ་མུས་བཞི་སྟོང་ལྷག་ཡོད་པའི་མཐོ་སྒང་གི་གྲུ་ཟུར་ཞིག་ན་གདོད་མའི་འཚོ་བ་རོལ་བའི་རྗེས་ལུས་སྡེ་བ་ཞིག་སྐད་ཅིག་ཉིད་ལ་འཕེལ་རྒྱས་བྱུང་སྟེ་མཚོ་འཕང་ལ་མུས་བཞི་ལྔ་ཡོད་པའི་མཚོ་འགྲམ་གྱི་སྟོབས་འབྱོར་གྲོང་ཁྱེར་ཞིག་གི་བསྡུས་གཟུགས་ལྟ་བུ་གྱུར་བ་ནི་དངོས་བྱུང་གཏམ་རྒྱུད་ཡིན་པ་ལས་རྟོག་བཟོའི་ལྷ་སྒྲུང་ག་ལ་ཡིན།དེ་བས་ཆ་ཆུ་ནག་སྡེ་བ་ལའང་རྨ་ཡུལ་རྩ་ཐང་སྟེང་གི“ཧྲང་ཧེ་ཆུང་བ་”ཅེས་བཏགས་ན་མིང་དོན་མཚུངས་པར་འདོད།

གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། 

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།