སྐྱེ་ཁམས་སྲུང་སྐྱོབ་ལས་འཕྲོས་པའི་བདེ་སྐྱིད་ཀྱི་འོད་སྣང་།
2022.07.05 ཁུངས། ཀློག་གྲངས། 21

 དབྱར་འགོ་མའི་དུས་ཚིགས་ཀྱི་འགྱུར་བ་མིག་གིས་འཚོས་ཤིང་། མཛེས་པ་སེམས་ཀྱིས་ཚོར་བཞིན་མགོ་ལོག་རྩྭ་ཐང་ཆེན་མོའི་ཁིས་ཆེན་སྒྲོག་གུ་རྟོལ་རྟོལ་དང་ཐང་ཆེན་ཤོག་སྐྱ་ལྟེབས་ལྟེབས་བྱས་ཏེ་དུས་ཚོད་གཉིས་ཙམ་ལ་བསྐྱོད་མཐར། གཞི་ནས་སྨར་འབྲིང་ཁོག་ཅེས་པའི་ལུང་རྒན་ཆེན་པོ་ཞིག་གི་ཉག་ཁར་སླེབས་བྱུང་ལ། ཉག་ཁ་དེ་ནས་རྒྱང་ལྟ་བྱས་ཚེ། སྨར་འབྲིང་ལུང་པའི་ཉིན་སྲིབ་ཡོངས་སུ་སྔོ་རྩྭས་ཁེབས་ཏེ་ས་ནག་ལག་མཐིལ་ཙམ་ཡང་མཐོང་རྒྱུ་མེད་པར་ཡོད་ཚད་ལྗང་ལྡེམ་མེར་མངོན་འདུག རྒྱུས་ལོན་བྱས་པ་ལྟར་ན། ལུང་རྒན་དེ་ནི་སྔོན་ཆད་རྩྭ་ཆུ་གཉིས་འཛོམས་ཀྱི་འབྲོག་པའི་དབྱར་ས་ཞིག་ཡིན་ལ། རྗེས་སུ་ནམ་ཟླའི་འགྱུར་ལྡོག་སོགས་རྒྱུ་རྐྱེན་མི་ཉུང་བ་ཞིག་གི་དབང་གིས་ཡུལ་དེར་ས་ནག་ཏུ་གྱུར་ཏེ་འབྲོག་པ་མང་ཚོགས་འཚོ་ཐབས་བྲལ་ནས་གནས་གཞན་ཏུ་སྤར་སོང་བ་དང་། ད་ལྟ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ས་ནག་བཅོས་སྐྱོང་བྱེད་བཞིན་པའི་སྒང་ཡིན། སྔར་གྱི་གཞུང་ལམ་ལས་ལོགས་སུ་གྱེས་པའི་ལམ་རྙིང་ཞིག་དེད་ནས་སྤྱི་ལེ་བཅུ་ལྷག་ཙམ་ལ་སོང་མཐར་སྤང་ཁུག་ཅིག་ན་སྔོ་ཡུག་ཡུག་གི་ལྗང་མྱུག་སྟུག་པོས་ས་གཞི་ཁེབས་འདུག་ལ། པིར་མཁན་གྱིས་སྨྱུག་རྩེ་ལས་བཞེངས་པ་ལྟ་བུའི་ལྗང་མདོག་གི་ཡུལ་ལྗོངས་ལྟ་ན་སྡུག་པ་དེས་གསར་འགོད་པ་ཚོའི་དབྱར་ཉི་ཐག་ཚད་ཅིག་གི་འགྲུལ་བཞུད་ཀྱི་ངལ་དུབ་ཡོད་ཚད་སྐད་ཅིག་ཉིད་ལ་སངས་པར་བྱས་སོང་། དེའི་དཀྱིལ་དུ་གསལ་ལྷང་ངེར་མིག་ལམ་དུ་མངོན་འོངས་པ་ནི་བསིལ་རླུང་གིས་གཡོ་ཙམ་གཡོ་ཙམ་བྱེད་པའི་རྒྱལ་དར་དམར་པོ་དེ་རེད། རྒྱལ་དར་དམར་པོ་འདིས་མ་ཁྱབ་ས་ཞིག་མཐོ་སྒང་འདི་ན་ཧ་ལམ་མེད་པ་འདྲ་སྟེ། རི་ཆུ་ནགས་གསུམ་དང་རྩི་རྡོ་བྲག་གསུམ་སོགས་མདོར་ན་ལྗང་མདོག་གི་འཇིག་རྟེན་ཆུང་ཆུང་འདིའི་ཆེས་མཐའ་མཇུག་གི་སོ་སྲུང་བ་ལྟ་བུར་གྱུར་ཡོད། རྒྱལ་དར་ལྷབ་ལྷུབ་བསྐྱོད་པ་ནི་ཡུལ་ཕྱོགས་འདིའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་ཡིན་ལ། རྒྱལ་དར་ལྷབ་ལྷུབ་བསྐྱོད་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དྲོན་མོས་མཐོ་སྒང་གི་གཞི་ལ་དྲོད་ཁོལ་བསྐྱལ་པ་མཚོན་ཐུབ།སྤང་ཁུག་དེའི་འདབས་རོལ་དུ་ས་དུམ་བུ་དུམ་བུ་བྱས་ནས་མཐོ་སྒང་ལ་འཚམས་པའི་རྩྭ་རིགས་སྣ་ཚོགས་ཚོད་འདེབས་བྱས་ཡོད་ལ། སྨར་འབྲིང་ཡུལ་ཚོའི་སྲིད་གཞུང་གི་འགོ་གཙོ་འབྲུག་འབུམ་བྱམས་ཀྱིས་ཡུལ་དངོས་ནས་གསར་འགོད་པར་གནས་དེར་རྩྭ་བཏབ་པའི་ལོ་རྒྱུས་བཤད་བྱུང་།

སྨར་འབྲིང་སྒང་ནི་མཚོ་འཕང་མུས་བཞི་སྟོང་ཉིས་བརྒྱ་ལྷག་ཡོད་པས། སྤྱིར་བཏང་གི་མི་ཕལ་བ་ཞིག་སྒང་དེ་ནས་དུས་ཚོད་ཕྱེད་ཙམ་ལའང་རྫ་དུག་ཕོག་ནས་འདུག་མི་བཟོད་མོད། འོན་ཀྱང་དར་ལག་རྫོང་སྨར་འབྲིང་ཡུལ་ཚོའི་ལས་བྱེད་མི་སྣ་རྣམས་ཀྱིས་དབྱང་དབུགས་དཀོན་རུང་སྙིང་སྟོབས་མི་དཀོན་པའི་དམ་བཅའ་ལ་བརྟེན་ནས་ས་ནག་བཅོས་སྐྱོང་གི་ལས་ལ་གཞོལ།

     ལོ་རབས་བརྒྱད་ཅུའི་དར་ལག་རྫོང་ནི་སྐྱེ་ཁམས་དོ་མཉམ་ཞིང་མི་རིགས་འཆམ་མཐུན་ཡིན་པ། ལྗང་མདོག་གི་ས་གཞི་མཛེས་ཤིང་ཕྱུགས་རིགས་ཀྱི་འཕེལ་ཁ་དར་བའི་ཞིང་ཆེན་ཡོངས་ཀྱི་ཕྱུགས་ལས་རྫོང་ཁག་ཀུན་གྱི་སྔོན་གྲལ་དུ་ཚུད་ཞིང་། ལས་བྱེད་མང་ཚོགས་ཚང་མས་ཡིད་སྨོན་འཆོར་སའི་རྫོང་ཁག་ཞིག་ཡིན་མོད། ནམ་ཟླའི་འགྱུར་ལྡོག་དང་རང་བྱུང་གནོད་འཚེའི་དབང་གིས་རྫོང་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ས་མུའུ་བྱེ་བ་གཉིས་ལྷག་ཡོད་པའི་ཕྱེད་ཀ་ས་ནག་ཐང་དུ་གྱུར་བ་དང་། ལྷག་པར་དུ་སྨར་འབྲིང་ཡུལ་ཚོ་ནི་རྫོང་ཡོངས་ཀྱི་རྩྭ་ས་ཉམས་ཞན་དུ་གྱུར་བ་ཆེས་ཚབས་ཆེ་བའི་ཡུལ་ཚོ་ཞིག་ཡིན་ལ། ཡུལ་ཚོ་ཡོངས་ཀྱི་རྩྭ་སའི་བརྒྱ་ཆའི་བདུན་ཅུ་ས་ནག་ཐང་དུ་གྱུར་ཏེ་མི་ཕྱུགས་གཉིས་ཀྱི་འཚོ་བ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པར་མ་ཟད། འབྲོག་ཁྱིམ་སྐོར་ཞིག་ཡུལ་དེར་འཚོ་ཐབས་བྲལ་ནས་གནས་ངེས་མེད་དུ་མི་འཁྱམས་ཐབས་མེད་བྱུང་། དར་ལག་རྫོང་སྨར་འབྲིང་ཡུལ་ཚོ་དམུ་རུ་སྡེ་བའི་ལོ་དོན་བརྒྱད་ལ་བུད་པའི་ཨ་ཁུ་དཔའ་བརྟན་ལ་མཚོན་ན་ཡང་གནས་གང་སར་འཁྱམས་མྱོང་བས། ཁོས་གནའ་དེང་ཞིབ་བསྡུར་གྱི་སྒོ་ནས་བཤད་རྒྱུར།

  བསྡོམས་གྲངས་རགས་རྩིས་བྱས་པ་ལྟར་ན། 2021ལོར་དར་ལག་རྫོང་རྩྭ་ཐང་ས་ཚིགས་ཀྱིས་ས་ནག་ཐང་མུའུ་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་ལྷག་སླར་གསོ་བྱས་པ་དང་། རྩྭ་ས་མུའུ་བྱེ་བ་གཅིག་དང་ས་ཡ་ལྔའི་སྟེང་གི་ཨ་བྲ་མེད་པར་བཟོས་ཡོད་པས། རྨ་འབྲི་རྫ་གསུམ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་ལས་གཞི་རིམ་དང་པོ་དང་ལས་རིམ་གཉིས་པ། དེ་མིན་ཕྱུགས་སྐྱུར་རྩྭ་འདེབས་དང་སྐྱེ་ཁམས་སླར་གསོ་སོགས་ཀྱི་ལས་གཞི་ཆེན་པོ་གང་ཡིན་རུང་། གོང་རིམ་སྡེ་ཁག་གི་སྣེ་ཁྲིད་འོག ད་ལྟའི་དར་ལག་རྩྭ་ཐང་གི་ལྗང་མདོག་གི་མྱུ་གུ་རེ་རེའི་ས་བོན་ནི་འབྲེལ་ཡོད་མི་སྣའི་བརྩོན་པའི་རྔུལ་ཆུའི་ཐིག་པ་རེ་རེ་ཡིན་ཞིང་། སྨར་འབྲིང་རི་སྒང་དུ་བཞད་པའི་མེ་ཏོག་གི་འདབ་མ་རེ་རེ་ནི་ས་གནས་མང་ཚོགས་ཀྱི་དཀའ་སྡུག་གི་རྐང་རྗེས་རེ་རེ་ཡིན་ངེས། སྨར་འབྲིང་ཡུལ་ཚོའི་དམུ་རུ་སྡེ་བའི་ཧྲུའུ་ཅི་གཞོན་པ་ཆོས་གཅེས་ཀྱིས་བཤད་རྒྱུར།

   སྨར་འབྲིང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར་ནས་མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམ་པོར་དམིགས་ནས། འདུ་ཤེས་གསར་བ་དང་བསམ་བློ་གསར་བ། འཐབ་ཇུས་གསར་བ་མང་པོ་བཏོན་ཡོད་པས། དར་ལག་རྫོང་གིས་རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལ་དམ་པོར་དམིགས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་མ་ཟད། ས་ནག་བཅོས་སྐྱོང་གི་ཐད་ནུས་པ་བླ་ལྷག་ཐོན་ཡོད། དར་ལག་རྫོང་རང་བྱུང་ཐོན་ཁུངས་ནགས་ལས་རྩྭ་ཐང་ཅུའུ་རྩྭ་ཐང་ལས་བྱེད་ས་ཚིགས་ཀྱི་འགན་ཁུར་བ་རིག་གསལ་གྱིས་བཤད་རྒྱུར།

   དར་ལག་རྫོང་སྨར་འབྲིང་ཡུལ་ཚོས་སྐྱེ་ཁམས་མཛེས་སྡུག་གི་དག་ཞིང་ཞིག་སྐྲུན་ཞིང་། རྩྭ་འདེབས་ལས་དོན་ལ་ལེགས་འགྲུབ་བྱུང་ནས། ད་ལྟ་ས་གཞི་ཡོངས་སུ་ལྗང་མདོག་གིས་ཁེབས་ཤིང་། མི་ཕྱུགས་ཐམས་ཅད་སོས་དལ་བག་ཕེབས་ཀྱིས་འཚོ་བ་རོལ་བཞིན་འདུག

   གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ། 

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

དོ་དམ་པ། བསོད་ནམས་དོན་གྲུབ། 

ལྟ་སྐུལ་བ།དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།