མཐོ་སྒང་གི་ཞིང་ཕྱུགས་ཐོན་ལས་ཁྱུ་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་།
2022.07.06 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 21

 ཐུན་མོང་མ་ཡིན་པའི་ས་ཁོངས་ཀྱི་ཁྱད་ཆོས་དང་།  སྐྱེ་ཁམས་ཀྱི་དགེ་མཚན་ཕུན་སུམ་ཚོགས་པའི་མཚོ་སྔོན་དུ། ནོར་གནག་དང་། བོད་ལུག ལོག་དཀར།  ནས།  ཉ།  འཕང་འབྲས་སོགས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་ལས་ཀྱི་མིང་གྲགས་ཆེ་བའི་ཐོན་རྫས་མི་ཉུང་བ་ཞིག་བསྐྲུན་པ་དང་བསྟུན་ནས།   མི་སྔར་ལས་མང་པོ་ཞིག་གིས་མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ལ་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད།   སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆེར་སོང་བ་དེས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་འགན་ལེན་བྱེད་ཀྱི་ཡོད།  ཁྱད་ལྡན་ཐོན་ལས་ཀྱི་ཁྱུ་ཚོགས་འཕེལ་རྒྱས་གཏོང་རྒྱུ་ནི“མཚོ་སྔོན་རྟགས་ཅན”གྱི་སྤུས་རྟགས་བསྐྲུན་པའི་སྟོབས་ཤུགས་གཙོ་བོ་ཡིན་ལ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོམ་སྟབས་གལ་ཆེན་ཞིག་ཀྱང་རེད།

2020ལོར་མཚོ་སྔོན་གྱི་ནོར་གནག་ཐོན་ལས་ཁྱུ་ཚོགས་དེ་ཞིང་ལས་ཞིང་སྡེ་པུའུ་དང་། ནོར་སྲིད་པུའུ་ཡིས་ཆོག་མཆན་བཀོད་ནས་འཛུགས་སྐྲུན་བྱས་པའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་ལྔ་བཅུའི་གྲས་ཀྱི་གཅིག་ཡིན་ལ།  དེ་ནི་མཚོ་སྔོན་གྱིས་འཛུགས་སྐྲུན་བྱས་པའི་ཐོན་ལས་ཁྱུ་ཚོགས་ཐོག་མ་ཡིན་པ་རེད།

2021ལོར་མཚོ་སྔོན་གྱི་བོད་ལུག་ཡང་རྒྱལ་ཁབ་ཀྱི་རུ་ཁག་ནང་ཚུད་དེ། མཚོ་སྔོན་གྱི་བོད་ལུག་ཐོན་ལས་འཕེལ་རྒྱས་ལ་གསོན་ཤུགས་བསྩལ་བ་རེད།

ད་ལོར་མཚོ་སྔོན་གྱི་ལོག་དཀར་ཐོན་ལས་ལ་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ཁྲོད་ཞུགས་པའི་གོ་སྐབས་བྱུང་ནས།  མཚོ་སྔོན་རྟགས་ཅན་གྱི་སྤུས་རྟགས་བསྐྲུན་པར་མུ་མཐུད་དུ་ཤུགས་སྣོན་བྱེད་རྒྱུ་ཡིན་པ་རེད།  གྲུབ་འབྲས་དེ་དག་ལས་མདོ་དབུས་མཐོ་སྒང་གི་ཞིང་ཕྱུགས་ཐོན་ལས་ཁྱུ་ཚོགས་ལ་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་པ་མཚོན་ཐུབ་པར་མ་ཟད།  མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་གནད་འགག་གི་དུས་སུ་སླེབས་པའང་ཤེས་ཐུབ།

མཚོ་སྔོན་གྱི་ལོག་དཀར་དང་ནོར་གནག བོད་ལུག་བཅས་ཀྱི་ཐོན་ལས་ལ་འཕེལ་རྒྱས་ཆེན་པོ་འབྱུང་བཞིན་ཡོད།

རྐང་འཛིན་ཁེ་ལས་སྟེ་མདོ་ལ་རྫོང་གི་ནོར་ལུག་གི་ཤ་དང་ཐོན་རྫས་ལས་སྣོན་ཁེ་ལས་ཆེ་ཤོས་ཤིག་ཡིན་པའི་མཚོ་སྔོན་མདོ་ལ་དབྱི་ཏཱ་ཤ་རིགས་ལས་སྣོན་ཚད་ཡོད་ཀུང་སིས། ས་གནས་འབྲོག་པ་མང་ཚོགས་ཀྱིས་ནོར་གནག་གསོ་སྤེལ་བྱེད་པར་མ་མཐའི་འགན་སྲུང་གི་ནུས་པ་འདོན་གྱིན་ཡོད་པ་རེད།   ཀུང་སི་དེས་ཁྲོམ་ར་རྒྱ་བསྐྱེད་ཆེད།  ཕྱུགས་ལས་ཐོན་རྫས་ལས་སྣོན་གྱི་ཐོན་ལས་སྦྲེལ་ཐག་བསྐྲུན་ནས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་བཏང་བ་དང་།  ཚོང་གཉེར་གྱི་དཔེ་དབྱིབས་གསར་སྐྲུན་བྱས་པས།  མདོ་ལའི་ཞིང་ཕྱུགས་ཐོན་རྫས་འཛད་སྤྱོད་ཁྲོམ་རར་ཁས་ལེན་གང་ལེགས་ཐོབ་པར་མ་ཟད། ས་གནས་ཀྱི་ཞིང་ཕྱུགས་ཐོན་ལས་ཀྱི་སྦྲེལ་ཐག་ཆགས་པར་སྐུལ་ཁྲིད་བྱས་པ་དང་།  རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཡང་འཕར་སྣོན་བྱུང་ཡོད།

ང་ཚོས་ལོ་རེར་ཆ་སྙོམས་ཀྱིས་ནོར་གནག་ཁྲི་གཉིས་ལྷག་ཉོ་གི་ཡོད།    གཙོ་བོ་ཀུང་སི་དང་མཉམ་ལས་ཁང་། རོང་འབྲོག་ཁྱིམ་ཚང་།  ལས་སྣོན་སྤུས་ལེགས་བཅས་མཉམ་འབྲེལ་གྱི་བྱེད་ཐབས་ལ་བརྟེན་ནས། རྫོང་ཁོངས་ཀྱི་གསོ་སྤེལ་མཉམ་ལས་ཁང་བར་སྐྱེ་ལྡན་ནོར་ལུག་གི་ཤ་བསྡུ་ཉོ་བྱེད་པའི་གྲོས་མཐུན་བཀོད་པ་ཡིན་ལ། དེ་ནས་བསྡུ་ཉོ་རིན་གོང་ཇེ་མཐོར་གཏོང་བ་དང་སྐྱེལ་འདྲེན་གྱི་འགྲོ་སོང་སྣ་ཚོགས་ཐག་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས།  རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མཐོར་བཏང་བ་ཡིན་ཞེས་མཚོ་སྔོན་མདོ་ལ་དབྱི་ཏཱ་ཤ་རིགས་ཐོན་རྫས་ཚད་ཡོད་ཀུང་སིའི་སྤྱིའི་ལས་འཛིན་པ་ཡེ་མེན་ལུའུ་ཡིས་དེ་ལྟར་བཤད།     ཁོས་མུ་མཐུད་དུ་བཤད་རྒྱུར། ང་ཚོས་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་སྒོས་རྒྱལ་ནང་གི་ཁྲོམ་ར་གསར་སྤེལ་བྱས་པར་མ་ཟད།  རང་རྒྱལ་ཤར་རྒྱུད་ས་ཁུལ་གྱི་ཁྲོམ་ར་ཆེན་པོར་ཡོང་སུ་ཁྱབ་པར་བྱས་ཡོད་ཟེར།

ཉེ་བའི་ལོ་འགའི་རིང་།  མཚོ་སྔོན་ཞིང་ཆེན་གྱིས་ནོར་གནག་ཐོན་ལས་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་དང་བསྟུན་ནས། ནོར་གནག་དེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་སུ་གྱུར། ད་ལྟ་མཚོ་སྔོན་གྱི་ནོར་གནག་གསོ་སྤེལ་དང་།  ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་མ་ལག་ཐོག་མར་གྲུབ་ཏེ། ནོར་གནག་གི་འབྲེལ་ཡོད་ཐོན་རྫས་རིགས200ལྷག་ཏུ་བསླེབས་པར་མ་ཟད།  རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།  ད་ལྟའི་བར་དུ། རྒྱལ་ཁབ་རིམ་པའི་རྐང་འཛིན་ཁེ་ལས6དང་། ཞིང་ཆེན་རིམ་པའི་ རྐང་འཛིན་ཁེ་ལས7། གྲོང་ཁྱེར་རིམ་པའི་རྐང་འཛིན་ཁེ་ལས14། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང129བཅས་ནོར་གནག་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་ཡོད་ལ། དེ་དག་གིས་ཐད་ཀར་རོང་འབྲོག་ཁྱིམ་ཚང་ཁྲི་གཅིག་སྟོང་གཅིག་ལྷག་ལ་སྐུལ་འཁྲིད་བྱས་ཏེ།    རོང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་སྟོང་གཅིག་བརྒྱད་བརྒྱ་ལྷག་ཇེ་མང་དུ་སོང་ཡོད།

རྐང་འཛིན་ཁེ་ལས་ཀྱིས་སྣེ་འཁྲིད་བྱེད་པ་ལས་གཞན། ནོར་གནག་སྤུས་ལེགས་གསོ་སྤེལ་ནི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཐབས་ལམ་གལ་ཆེན་གྲས་ཀྱི་གཅིག་ཡིན།

ཕྱུགས་ཟོག་གི་གཟན་ཆས་སྡེབ་སྒྲིག་ནས་རྒྱུད་བཟང་གསོ་སྤེལ་དང་རིམས་ནད་སྔོན་འགོག  ནུས་ལྡན་གསོ་སྤེལ།  གཟན་རྩྭ་འདེབས་པ་བཅས་ཀྱི་འགག་རྩའི་ལག་རྩལ་མགྱོགས་མྱུར་ངང་དོན་འཁྱོལ་བྱས་པས།  མདོ་ལ་རྫོང་གི་རྫ་དམར་སྐེ་ཡུལ་ཚོའི་ཧི་ཏུང་སྡེ་བའི་ནོར་གནག་ཐོན་ལས་ཀྱི་ཡོང་འབབ་འཕར་སྣོན་དང་ཕན་འབྲས་ཇེ་མཐོར་སོང་ཡོད།  ཧི་ཏུང་སྡེ་བའི་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཀའོ་ཧྲིག་ཡོན་གྱིས་བཤད་རྒྱུར།  ང་ཚོས་སྤུས་ལེགས་གསོ་སྤེལ་གྱི་ལག་རྩལ་ནང་འདྲེན་དང་ཚན་རིག་ལྟར་གསོ་སྤེལ་བྱེད་པ།  ཐོན་སྐྱེད་ཀྱི་སྦས་ཤུགས་སྔོག་འདོན་ལ་ཤུགས་སྣོན་བྱེད་པ། ནོར་གནག་གསོ་སྤེལ་གྱི་ལག་རྩལ་ཁྱབ་གདལ་དང་ཐོན་སྐྱེད་རྒྱུ་ཆ་ལེགས་སྒྲིག་བཅས་བྱས་ནས།   ནོར་གནག་ཐོན་ལས་དེ་མཉམ་ལས་ཁང་འཕེལ་རྒྱས་གཏོང་བའི་ཁྱད་ལྡན་ཐོན་ལས་སུ་མངོན་འགྱུར་བྱས་ཡོད་ཟེར།

ཤེས་གསལ་ལྟར་ན། ནོར་གནག་ཐོན་ལས་ལ་ལག་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་ཆེད། མཚོ་སྔོན་གྱིས་མཚོ་སྔོན་ཞིང་ཆེན་གྱི་དྲ་སྦྲེལ་རྣམ་པའི་མཐོ་སྒང་གི་ཁྱད་སྟོབས་རིག་ལྡན་ཞིང་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་མོའི་ལས་སྟེགས་བསྐྲུན་པར་མ་ཟད།  ཞིང་ཆེན་ཕྱུགས་སྨན་སློབ་གླིང་དང་། ཞིང་ཆེན་ཕྱུགས་ལས་སྤྱིའི་ས་ཚིགས། ཞིང་ཆེན་ཏ་ཐུང་ཕྱུགས་ར་སོགས་ཞིང་ཆེན་རིམ་པའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་ལས་ཁུངས་ལ་བརྟེན་ནས་ནོར་གནག་དང་བོད་ལུག་ཐོན་ལས་ལག་རྩལ་གཞན་བསྒྱུར་གྱི་ལྟེ་བའི་ལས་སྟེགས་བཙུགས།  དེ་ལ་ཞིང་ཆེན་རིམ་པའི་ཐོན་ལས་ལག་རྩལ་གཞན་བསྒྱུར་རྟེན་གཞི5དང་། ཐོན་ལས་ལག་རྩལ་དཔེ་སྟོན་རྟེན་གཞི27། རྫོང་འབྲེལ་ཐོན་ལས་གཙོ་བོ4། ཐོན་ལས་ལག་རྩལ་མཛུབ་སྟོན་རྫོང14བཅས་ཡོད་པས། རྒྱལ་ཡོངས་ཀྱི་ཚན་རིག་དང་མཐུན་པའི་སྒོ་ནས་ནོར་གནག་རྒྱུད་སྤེལ་དང་གསོ་སྤེལ་གྱི་ལྟ་ཞིབ་ཚད་ལེན་ཉམས་ཞིབ་ས་ཚིགས་ཐོག་མར་གྱུར་ཡོད།

ལོ་འགའི་རིང་ལ། བོད་ལུག་ཐོན་ལས་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་གི་ལུག་ནག་གིས་ཡུལ་དེའི་འབྲོག་པ་མང་ཚོགས་ལ་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་ཡོད།   འབྲོག་པའི་མིག་ནང་གི“མུ་ཏིག་ནག་པོ”དེ་ད་ལྟ་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་ཧྥང་ཡུན་མཚོན་རྟགས་ཁས་ལེན་ཚོགས་པའི་སྐྱེ་ལྡན་ཐོན་རྫས་ཀྱི་ཁས་ལེན་ཐོབ་པར་མ་ཟད།   རྒྱལ་ཁབ་ས་གཤིས་ཀྱི་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་སུ་གྱུར་ཡོད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་ཞོལ་མ་ཡུལ་ཚོའི་གཉན་གྲགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་གསོ་སྤེལ་བྱེད་པའི་བོད་ལུག་གིས་ལོ་རེར་མཉམ་ལས་ཁང་ལ་སྒོར་ས་ཡ་གཅིག་ལྷག་གི་ཁེ་སྤོགས་བསྐྲུན་བཞིན་ཡོད།

བོད་ལུག་ནི་མདོ་དབུས་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྒོ་ཟོག་རིགས་ཤིག་ཡིན་ཞིང་། ཞིང་ཆེན་ཡོངས་ཀྱི་བོད་ལུག་གསོ་སྤེལ་བྱེད་ཚད་དུས་ཡུན་རིང་བོར་བྱེ་བ་གཅིག་དང་ས་ཡ་གཉིས་ཡན་ཟིན་པ་དེས། རྒྱལ་ཡོངས་ཀྱི40%ཟིན་ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་འདེགས་སྐྱོར་ཐོན་ལས་དང་རྨང་གཞིའི་ཐོན་ལས་ཤིག་ཡིན་ལ། རྒྱལ་ཡོངས་ཀྱི་བོད་ལུག་ཐོན་ཁུལ་གཙོ་བོ་ཡང་ཡིན་པས།  མཚོ་སྔོན་གྱི་ཕྱུགས་ལས་འཕེལ་རྒྱས་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པ་དང་།  མདོ་དབུས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཐད་ནུས་པ་གལ་ཆེན་འདོན་གྱིན་ཡོད།

2021ལོའི་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་ནང་། བོད་ལུག་སོགས་ཐོན་ལས་སྤུས་ལེགས་ངང་འཕེལ་རྒྱས་བཏང་སྟེ།  ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་པའི་བླང་བྱ་བཏོན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་སྟེང་།  བོད་ལུག་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཕྱུགས་ཐོན་ལས་གཙོ་གནད་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་ཆེན་པོ་བཅུ་དང་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཆེན་པོ་བཞིའི་ཚོང་རྟགས་གྲས་སུ་བཞག

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དེ་ལྟར་བོད་ལུག་ཐོན་ལས་ལ་མཐོང་ཆེན་ཚད་མེད་གནང་བ་དེས། བོད་ལུག་ཐོན་ལས་སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་དགེ་མཚན་བཟང་པོ་ཞིག་འདོན་སྤྲོད་བྱས་པར་མ་ཟད། ཐོན་ལས་ལྗང་མདོག་ཅན་དང་སྤུས་ལེགས་ཅན། ཚོང་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

2019ལོར་ང་ཚོས་པེ་ཅིན་དུ་ཚྭ་ཁའི་ལུག་ཤ་དང་མཚོ་སྔོན་ས་གནས་གྱི་ཁྱད་ལྡན་ཐོན་རྫས་ཕྱིར་འཚོང་ཚོང་ཁང་ཞིག་བཙུགས་པར་མ་ཟད།  པེ་ཅིན་དང་ཧྲིན་ཀྲིན་སོགས་གྲོང་ཁྱེར་གྱི་ཚོང་བའི་བར་རྒྱུན་ལྡན་གྱི་ཐོན་རྫས་འོས་སྦྱོར་དང་ཕྱིར་འཚོང་གི་འབྲེལ་བ་བཙུགས་པས།  ཚྭ་ཁའི་ལུག་ཤ་ལ་ཡུལ་དེའི་འཛད་སྤྱོད་པའི་ཁས་ལེན་གང་ལེགས་ཐོབ་ཡོད་ཅེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་ཅིན་ཐའེ་ཕྱུགས་རའི་འགན་ཁུར་བ་ཧན་ཝུན་ཅའེ་ཡིས་དེ་ལྟར་བཤད། ཁོས་མུ་མཐུད་དུ་བཤད་རྒྱུར།  ད་ལྟ་ལོ་རེར་ཚྭ་ཁའི་ལུག་ཕྱིར་འཚོང་གི་གྲངས་ཀ་ཁྲི་གཉིས་སྟོང་ལྔར་བསླེབས་ཤིང་། ཐོན་ལས་ཚན་རིག་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་སྟེ། འདེབས་འཛུགས་དང་གསོ་སྤེལ། ལས་སྣོན། འཁྱགས་ཉར། ཕྱིར་འཚོང་བཅས་གཞི་གཅིག་ཏུ་སྦྲེལ་བའི་ཐོན་སྐྱེད་བྱེད་སྟངས་ཤིག་གྲུབ་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྲོང་གསེབ་ཐོན་ལས་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲའོ་ཏི་ལིན་གྱིས་བཤད་རྒྱུར།  མཚོ་སྔོན་གྱི་བོད་ལུག་ཐོན་ལས་ཀྱི་ཁྱད་སྟོབས་མངོན་གསལ་དོད་པ་དང་།  ཐོན་ལས་གྲུབ་ཚུལ་ལུགས་དང་མཐུན་པ། འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་པ། ཁེ་ཕན་འབྲེལ་མཐུད་བྱེད་པ། གཞི་ཁྱོན་ཕན་འབྲས་མངོན་གསལ་ཡིན་པ་བཅས་ཀྱི་ཐོན་ལས་ཁྱུ་ཚོགས་གལ་ཆེན་དུ་འགྱུར་བར་ཆ་རྐྱེན་ལེགས་པོ་ལྡན་པར་མ་ཟད། ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་བ་དང་། མ་དངུལ་མ་རྐང་ལ་བསྒྱུར་བ། ཞིང་པ་རྐང་བདག་ཏུ་བསྒྱུར་བ་བཅས་བརྒྱུད་ནས། ཁེ་ཕན་མཉམ་འབྲེལ་གྱི་རྐྱེན་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།   རོང་འབྲོག་མང་ཚོགས་སྔར་ལས་མང་བར་ཐོན་ལས་ཀྱི་ཕན་འབྲས་མང་པོ་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་ཡིན་ལ། ཞིང་ཆེན་ཡོངས་སུ་ཞིང་ཕྱུགས་ཐོན་ལས་ཅན་གྱི་རྐང་འཛིན་ཁེ་ལས་དང་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ཐོན་ལས་ཅན་གྱི་མཉམ་འབྲེལ་ཚོགས་པ6དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང15།  ཚན་ཞིབ་ལས་དོན་སྡེ་ཁག3། རྒྱལ་དབང་ཞིང་ཕྱུགས་ར4བཅས་བཙུགས་ནས། བོད་ལུག་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་ཁྲོད་ཞུགས་ནས་ཁྱིམ་ཚང9250ལ་ཐད་ཀར་སྐུལ་ཁྲིད་བྱས་པ་བརྒྱུད།  བོད་ལུག་ཐོན་ལས་ཁྱུ་ཚོགས་ཀྱི་དགེ་མཚན་དང་ཕན་འབྲས་རིམ་བཞིན་མངོན་གསལ་དུ་གྱུར་ཡོད་ཟེར།

མཚོ་བྱང་ཁུལ་མདོ་ལ་རྫོང་དང་མཚོ་ནུབ་ཁུལ་བུའུ་ལན་རྫོང་གི་བོད་ལུག་དེ་རྒྱལ་ཡོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་སྟོབས་ཁུལ་གཉིས་དང་། རྨ་ལྷོ་ཁུལ་ཧི་ནན་རྫོང་དང་རྩེ་ཁོག་རྫོང་གི་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི། མཚོ་སྔོན་པོ་མཐའ་སྐོར་ས་ཁུལ་གྱི་གུང་ཧོ་རྫོང་དང་ཀོས་ནན་རྫོང་། ཐུན་ཏེ་རྫོང་།  ཞིན་ཧེ་རྫོང་བཅས་གྱི་བོད་ལུག་ཐོན་མཐོའི་འཁོར་སྐྱོད་འཕེལ་རྒྱས་ཁུལ་བཅས་སུ་ཕུན་སུམ་ཚོགས་པའི་རྩྭ་སའི་ཐོན་ཁུངས་དང་ཉམས་དགའ་བའི་སྐྱེ་ཁམས་ཁོར་ཡུག་ཡོད་ལ། ལྗང་མདོག་དང་སྐྱེ་ལྡན། རང་བྱུང་བཅས་ནི་བོད་ལུག་ཐོན་ལས་འཕེལ་རྒྱས་ཀྱི་ཁྱད་སྟོབས་ཡིན་པར་ཟད། ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་གྱི་ལྟེ་བར་གྱུར་ནས་མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་སྐྱེ་ལྡན་བོད་ལུག་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་སུ་གྱུར་ཡོད།

ལོ་རེའི་ཟླ7པར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་མུའུ་འབུམ་བཞི་ཙམ་གྱི་ས་ཞིང་དུ་ལོག་དཀར་མེ་ཏོག་རྣམ་པར་བཞད་དེ། རྒྱལ་ཡོངས་ས་གནས་ཁག་གི་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད།

དཔྱིད་ཀའི་ལོག་དཀར་ནི་མཚོ་སྔོན་གྱི་འབྲུ་སྣ་གལ་ཆེན་གྲས་ཤིག་ཡིན།  ལོག་དཀར་འདེབས་ཁྱོན་གྱིས་རྒྱལ་ཡོངས་ཀྱི32%ཟིན་ཞིང་། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་ཐོན་སྐྱེད་སྤྱིའི་རྒྱ་ཁྱོན་གྱི་ཉིས་ཆའི་གཅིག་ཟིན་པ་དང་། ཞིང་ཆེན་ཡོངས་ཀྱི་འབྲུ་སྣུམ་ཐོན་སྐྱེད་ཐད་ནུས་པ་གལ་ཆེན་ལྡན་པར་མ་ཟད།  རང་རྒྱལ་གྱི་ལོག་དཀར་ཐོན་སྐྱེད་ཁུལ་གཙོ་བོ་དང་། རྒྱལ་ཡོངས་ཀྱི་རྒྱུད་འདྲེས་ལོག་དཀར་འདེབས་འཛུགས་རྟེན་གཞི་ཆེན་པོ་ཡང་ཡིན་པས། སོན་བཟང་ཚོང་རར་མཁོ་སྤྲོད་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་བསླེབས་ཡོད།

2020ལོར་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་ལོག་དཀར་ཐོན་ལས་འཕེལ་རྒྱས་ཀྱི་ལག་བསྟར་བསམ་འཆར》བཏོན་པར་མ་ཟད།  ལོག་དཀར་ཐོན་ལས་དེ《མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་རིང་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་འཆར་གཞིའི》ཁྲོད་བཞག་སྟེ།  ཐོན་ལས་ལ་ཐོག་མར་རྒྱབ་སྐྱོར་བྱས་ནས་མཚོ་སྔོན་གྱི་ལོག་དཀར་ཐོན་ལས་དེ་འཕེལ་རྒྱས་མགྱོགས་པོ་བྱུང་བའི་ལམ་བུའི་ཐོག་བསྐྱོད་པ་རེད།

སོན་བཟང་ཉོ་སྒྲུབ་དང་། ལས་སྣོན། ཕྱིར་འཚོང་།  སྐྱེལ་འདྲེན་བཅས་གཞི་གཅིག་ཅན་གྱི་མཚོ་སྔོན་ཧན་ཡའོ་ཞིང་ཞོར་ཐོན་རྫས་ཚད་ཡོད་འགན་ལེན་ཀུང་སིས་ལོ་གཅིག་ནང་ལོག་དཀར་ཏུན་འབུམ་གཉིས་ལས་སྣོན་བྱེད་ཀྱིན་ཡོད་ཅིང་།   དེ་ནི་མཚོ་སྔོན་ཞིང་ཆེན་གྱི་སྣུམ་རྫས་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཆེན་པོ་ཞིག་ཡིན། ད་ལྟ་ཁེ་ལས་དེས་ལྗང་མདོག་སྐྱེ་ལྡན་ལ་བརྟེན་ནས་ཐོན་སྐྱེད་བྱས་པའི་ལོག་དཀར་གྱི་སྣུམ་དེ་མཚོ་སྔོན་ནས་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ཁྲོམ་རར་བཙོང་བཞིན་ཡོད།

རྐང་འཛིན་ཁེ་ལས་ཀྱིས་སྐུལ་ཁྲིད་བྱེད་པ་ནི་མཚོ་སྔོན་གྱི་ལོག་དཀར་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཡིན།  རྐང་འཛིན་ཁེ་ལས་དང་སྡེ་བའི་སྣུམ་བཙག་ཁང་བར་མཉམ་འབྲེལ་བྱས་ནས།  གཉེར་སྐྱོང་བྱེད་སྟངས་ཁེ་ལས་ཅན་དང་གཞི་ཁྱོན་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་བས།  སྣུམ་བཙག་ཁང་གི་ཐོན་ཚད་དམའ་བ་དང་ཟས་རིགས་བདེ་འཇགས་ཚད་གཞིར་སླེབས་དཀའ་བ་སོགས་ཀྱི་གནད་དོན་ཐག་བཅད་པ་དང་།   ཞིང་པའི་ཡོང་སྒོ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས་ཏེ།  གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་དང་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་བྱས་རྗེས་མི་དམན་པ་བཞག་ཡོད།

མིན་ཡོན་རྫོང་ལེ་བར་བརྒྱའི་མེ་ཏོག་རྒྱ་མཚོའི་སྦྲང་རྩི་ཐོན་ལས་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་ལིག་ཞོ་མེན་གྱིས་གསར་འགོད་པར་བཤད་རྒྱུར། ལོ་རེར་སྦྲང་མ་གསོ་མཁན་ཁྱིམ་ཚང་མང་པོ་ཞིག་མིན་ཡོན་རྫོང་དུ་སྦྲང་མ་གསོ་རུ་ཡོང་བ་དང་། ཀུང་སིས་ཁོ་ཚོའི་ལག་ནས་མེ་ཏོག་གི་ཟེའུ་རྡུལ་བསྡུ་ཉོ་བྱས་པ་ཡིན་ལ།  མིན་ཡོན་གྱི་མེ་ཏོག་གི་ཟེའུ་རྡུལ་ལེགས་ཤོས་ལ་སྤྱི་རྒྱ་རེར་སྒོར80ཡས་མས་རེར་འཚོང་ཐུབ་ཟེར།

སྣུམ་སྤྱོད་ཀྱི་ནུས་པ་ལས་གཞན།  མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ལོག་དཀར་གསར་སྤེལ་བྱེད་པའི་ནུས་མང་བེད་སྤྱོད་བྱས་པ་བརྒྱུད།  ཐོན་ལས་སྦྲེལ་ཐག་རིང་དུ་གཏོང་བ་དང་། མཁོ་སྤྲོད་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ། རིན་ཐང་སྦྲེལ་ཐག་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ།  ལོག་དཀར་ཐོན་ལས་ལེགས་སྒྲིག་དང་ཐོན་སྐྱེད་གོ་རིམ་ལེགས་སྒྱུར་བྱེད་པ། ལོག་དཀར་ཐོན་ལས་དེ་ཡུལ་སྐོར་ལས་རིགས་དང་བཟའ་བཏུང་ལས་རིགས། བདེ་སྲུང་ལས་རིགས། གསོ་སྤེལ་ལས་རིགས། ཁོར་སྲུང་ལས་རིགས་སོགས་ལས་རིགས་སོ་སོར་འདྲེས་པར་བྱས་ནས།  སྣུམ་བཀོལ་སྤྱོད་དང་།  ལྗོངས་གཟུགས། སྦྲང་རྩི། གཟན་སྤྱོད། ལུད་རྫས་སོགས་བྱེད་ནུས་མང་པོ་གཞི་གཅིག་ཅན་དུ་འདུ་བར་འཕེལ་རྒྱས་ཆེན་པོ་བྱུང་།

ཕྱོགས་གཞན་ཞིག་ནས་སོན་བཟང་གསོ་སྤེལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོག་དཀར་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་ཀྱི་དཀྱིལ་སྙིང་ཡིན་ཞིང་། ལོ་ངོ20རིང་ལ་མཚོ་སྔོན་གྱིས་ལོག་དཀར་གྱི་སོན་སྣ24གསོ་སྤེལ་བྱས་ཤིང་།  དེའི་ནང་སོན་འདྲེས་ཀྱི་སོན་རིགས་ནི་རང་རྒྱལ་གྱི་དཔྱིད་འདེབས་ལོག་དཀར་ཐོན་སྐྱེད་ཁུལ་གྱི་སོན་སྣ་གཙོ་བོར་གྱུར་ཡོད།

ཀྲའོ་ཏི་ལིན་གྱིས་བཤད་རྒྱུར།  ང་ཚོས་ཧུའུ་ཀྲུའུ་དང་།  ཧོང་ཀྲུང་།  ཏ་ཐུང་།  མིན་ཡོན་སོགས་རྫོང་བཅུ་དང་།   རྒྱལ་དབང་ཞིང་ཕྱུགས་ར་གསུམ།  རྒྱལ་ཁབ་རིམ་པའི་རྐང་འཛིན་ཁེ་ལས་བཞི། ཞིང་ཆེན་རིམ་པ་ཡན་གྱི་རྐང་འཛིན་ཁེ་ལས་བཅུ་གསུམ།  ཞིང་ཆེན་རིམ་པ་ཡན་གྱི་ཆེད་ལས་མཉམ་ལས་ཁང་བརྒྱ་དང་བདུན་བཅུ་བཅས་ཀྱི་ཁྱབ་ཁོངས་སུ་ལོག་དཀར་ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་རྒྱུ་མ་ཟད།   ཐོན་ལས་ཁྱུ་ཚོགས་འཛུགས་པའི་ཐོན་ཁུངས་ཀྱི་ཁྱད་སྟོབས་དང་བྱེད་ནུས་གཞིར་བཟུང་སྟེ། སོན་བཟང་གསོ་སྤེལ་དང་། འདེབས་འཛུགས་རྟེན་གཞི་ལེགས་སྒྱུར།  ལས་སྣོན་དང་སྐྱེལ་འདྲེན།  ཁྲོམ་ར་གཉེར་སྐྱོང་བཅས་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ།  སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་ཚོང་རྟགས་བསྐྲུན་པ་བཅས་ལ་ཤུགས་སྣོན་བྱས་ནས། ཞིང་ལས་ཀྱི་བྱེད་ནུས་མང་པོ་འདོན་སྤེལ་བྱེད་རྒྱུ་ཡིན་ཟེར།

མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་འཛུགས་སྐྲུན་བྱེད་པའི་སྐབས་འདིར།  མཐོ་སྒང་གི་དེང་རབས་ཞིང་ལས་དར་སྤེལ་གཏོང་བར་མཚོན་ན་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གཏོང་རྒྱུ་ནི་གལ་འགངས་ཧ་ཅང་ཆེ།    མ་འོངས་པར་མཚོ་སྔོན་གྱིས་ཐོན་ཁུངས་ཀྱི་གྲུབ་ཆ་ཕྱོགས་བསྡུས་དང་། ཐོན་ལས་ཀྱི་སྦྲེལ་ཐག་རིང་དུ་བསྲིངས་ཏེ། ཞིང་ཕྱུགས་ལས་ཀྱི་ཁྱད་སྟོབས་དང་ཁྱད་ཆོས་ལྡན་པའི་ཐོན་ལས་ཁྱུ་ཚོགས་འཕེལ་རྒྱས་གཏོང་བར་འབད་འཐབ་བྱས་ནས།  མཚོ་སྔོན་གྱི་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྐྱེད་སྲིང་བྱེད་རྒྱུ་རེད།

ཡིག་སྒྱུར་བ། སྒྲོལ་མ་སྐྱིད།