གྲོང་གསེབ་དར་སྤེལ་ཁྲོད་ཀྱི་སོ་རྒྱག་སྡེ་བའི་རྣམ་པ་གསར་བ།
2022.07.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 17


སྙན་སྒྲོན་པ། བརྩེ་ལྡན་གྱི་ཉན་མཁན་རྣམ་པ། ཐེངས་འདིའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབང་གྲགས་ཚེ་རིང་དང་འབྲུག་ལྷ་རྒྱལ། བསྟན་འཛིན། གཡང་འབུམ་རྒྱལ། ནོར་བུ་མཚོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་ཞེས་པར་ཉན་རོགས།

སྙན་སྒྲོན་པ།རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ་ལྷག་གི་རྒྱང་སྐྱོད་ཀྱི་བཤུད་ལམ་རིང་མོར་ཕྱི་མིག་བལྟས་ན། ལྗིད་ཏིག་ཏིག་གི་ལོ་རྒྱུས་ཀྱི་ཤོག་ལྷེ་རེ་རེ་ངོས་ན་རྔུལ་ཆུ་དང་ཁྲག་དྲོན་གྱིས་བྲིས་པའི་རྨད་བྱུང་བྱ་གཞག་རེ་རེས་ང་ཚོ་མི་རིགས་ང་དྲུག་གིས་གྲུབ་པའི་ཀྲུང་ཧྭའི་བུ་རབས་ཚ་རྒྱུད་ཀྱི་འཚོ་གཞེས་ཐད་བདེ་སྐྱིད་ཀྱི་ས་བོན་བསྐྲུན་པའི་རླབས་ཆེན་གྱི་བྱུང་བ་རྟོགས་ཐུབ།  ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་ཞིང་ལས་དང་ཞིང་སྡེ། ཞིང་པ་བཅས་ཀྱི་གནད་དོན་ནི་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པའི་རྩ་བའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པར་བསྟན་པ་དང་། གནད་དོན་དེ་ཐག་གཅོད་ཡག་པོ་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་དགོས་པ་བསྟན་ཡོད།  ད་ལྟ་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གྲོང་གསེབ་དར་སྤེལ་གྱི་རླབས་ཆེན་འཆར་འགོད་རིས་སུ་བཀོད་དེ། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཚད་གཞི་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བར་དཀའ་བ་བརྒྱ་ཕྲག་ལྷུར་ལེན་གྱིས་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་བཞིན་མཆིས།    དེ་བཞིན་དུ་སྡེ་བ་སོ་སོའི་ཏང་ཡོན་ལས་བྱེད་པ་དང་ན་གཞོན་འཇོན་ཐང་ཅན་སྐོར་ཞིག་གིས་ཀྱང་།  སྔོན་ཐོན་གྱི་བསམ་བློ་དང་ཕུགས་བསམ་དང་བརྩོན་འགྲུས་ལ་བརྟེན་ནས། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་བའི་འཚོ་བའི་བཤུད་ལམ་དུ་རྒྱང་སྐྱོད་བྱེད་པར་ཡིད་དབང་འཕྲོག་པའི་མཚོ་སྔོན་པའི་གཏམ་རྒྱུད་འབྲི་བཞིན་མཆིས།

ང་ཚོ་གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་གསེར་ཆེན་རི་བོའི་ཕྱོགས་སུ་བསྐྱོད་པ་ན། དཔང་མཐོ་བའི་གསེར་ཆེན་རི་བོའི་འདབས་རོལ་ཏུ་ཆབ་འགག་གསེར་གཞོང་རིང་མོ་ལྷོད་ཀྱིས་ཆགས་ཤིང་། ཨ་མ་ཀླུ་མོའི་ཁོང་གསེང་ནས་བརྡོལ་བའི་ཆུ་ཕྲན་སྔོན་མོ་དེས་ཆབ་འགག་གསེར་གཞོང་རིང་མོའི་དུས་རབས་གསར་བའི་བདེ་སྐྱིད་ཀྱི་འཚོ་བ་དབྱངས་སུ་གྱེར་བཞིན་རྒྱང་ནས་རྒྱང་དུ་བཞུར་བཞིན་འདུག ལྷུང་ལྷུང་འབབ་པའི་ཆུ་ཕྲན་དེའི་འགྲམ་གྱི་རྣང་ཞིང་དག་གི་དབུས་ན་ལས་ལ་བྲེལ་བཞིན་པའི་ཞིང་པ་རྣམས་ཀྱི་གདོང་ལ་སྤྲོ་དགའི་འཛུམ་གྱིས་ཁེངས་ཤིང་། ཡིད་སེམས་སྤྲོ་བའི་ལས་གླུ་སྣ་ཚོགས་ཤིག་ངག་ནས་རང་དགར་གྱེར་བཞིན་རང་རང་གི་ལས་ཀར་འབད་བཞིན་འདུག  ང་ཚོས་མཐོང་ལམ་དུ་མངོན་པའི་སྣོད་བཅུད་ཀྱི་མཛེས་པ་རེ་རེ་ལ་ཡིད་སེམས་གཡེང་ཞོར་ཆབ་འགག་གསེར་གཞོང་རིང་མོའི་སོ་རྒྱག་སྡེ་བའི་ཕྱོགས་སུ་བསྐྱོད། རྒྱུས་ལོན་བྱུང་བ་ལྟར་ན་སོ་རྒྱག་སྡེ་བ་ནི་ཞིང་ལས་གཙོར་བཟུང་སྟེ་ཞིང་ཕྱུགས་གཉི་ཀ་གཉེར་བཞིན་པའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་དེའི་ཞིང་སའི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་སྟོང་ཚོ་ལྔ་དང་ཉིས་བརྒྱ་གྱ་དགུ་ལྷག་དང་མི་རེ་ལ་ས་མུའུ་བཞི་དང་གྲངས་ཆུང་གསུམ་ལྷག་ཐེམ་ཞིང་། སྡེ་བའི་རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི་བརྒྱད་དང་ཉིས་བརྒྱ་དོན་གཅིག་ཡོད་པ་དང་།  དེའི་ནང་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་སྤྱིའི་རྒྱ་ཁྱོན་ལ་ས་མུའུ་ཁྲི་ལྔ་དང་སྟོང་དགུ་བརྒྱ་དང་བཞི་ཡོད།  སྡེ་བ་དེའི་བྱིས་པའི་སློབ་ཞུགས་ཀྱི་ཚད་གཞི་བརྒྱ་ཆའི་བརྒྱ་ལ་སླེབས།  སྡེ་བར་ཏང་ཡོན་ཉེར་བཞི་ཡོད་ལ་ཁོ་ཚོས་དུས་དང་རྣམ་པ་ཀུན་ཏུ་སྡེ་བའི་བྱ་བ་སྣ་ཚོགས་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་བཞིན་འདུག

ང་ཚོ་ཐོག་མར་སོ་རྒྱག་སྡེ་བའི་འདབས་ཀྱི་ཆབ་ཆ་ནས་ཅང་ཤེས་བར་གྱི་གཞུང་ལམ་གཡོན་འགྲམ་དུ་ཡོད་པའི་ཆབ་འགག་ཚོང་དོན་ཚད་ཡོད་ཀུང་སིའི་ཁྱད་ལྡན་ཐོན་རྫས་ཚོང་གཉེར་ཐོན་ལས་གླིང་དུ་ཐོན། རྒྱུས་ལོན་བྱུང་བ་ལྟར་ན་ཐོན་ལས་གླིང་དེས་སོ་རྒྱག་སྡེ་བའི་དམངས་ཀྱི་འཚོ་བ་དང་གྲོང་གསེབ་དར་སྤེལ་བྱ་བའི་ཐད་དཔལ་འབྱོར་གྱི་ཕན་ནུས་མི་ཉུང་བ་ཞིག་ཐོན་བཞིན་ཡོད་དེ། དེའི་སྐོར་ནས་ཐོན་ལས་གླིང་དེའི་འགན་འཛིན་པ་བསོད་ནམས་རིན་ཆེན་གྱིས་བཤད་རྒྱུར།

བསོད་ནམས་རིན་ཆེན།ཐོན་ལས་གླིང་འདི་ཉིས་སྟོང་བཅུ་བདུན་ལོར་བཙུགས་པ་དང་། འདིའི་ནང་དུ་གཙོ་བོ་ནོར་ལུག་གི་ཤ་བསིལ་སྐམ་བྱེད་པའི་ཐོན་རྫས་རིགས་ལྔ་ལྷག་ཐོན་སྐྱེད་བྱེད་བཞིན་ཡོད། ཐོན་རྫས་འདི་དག་ཕྱིར་འཚོང་བྱས་པའི་ཡོང་སྒོ་ལོ་རེ་ནས་ལོ་རེར་ཇེ་བཟང་རེད། ལོ་མཇུག་ལ་ཡོང་སྒོ་དེ་དག་གི་ཁྲོད་ནས་སྒོར་མོ་འབུམ་གཅིག་སྡེ་མི་རྣམས་ལ་བགོ་བཤའ་རྒྱག་བཞིན་ཡོད།  དེ་མིན་ཐོན་ལས་གླིང་འདིའི་ནང་གི་ལས་བཟོ་པ་བརྒྱ་ཆའི་བརྒྱད་ཅུ་རང་སྡེ་བའི་ནང་གི་མི་ཡིན་པ་དང་། ཁོ་ཚོ་ཚང་མར་ལོ་རེར་སྒོར་མོ་འབུམ་གཉིས་ནས་གསུམ་ལྷག་གི་ཟླ་ཕོགས་སྟེར་བཞིན་ཡོད་པས། ཐོན་ལས་གླིང་འདིས་ང་ཚོ་སོ་རྒྱག་སྡེ་བ་ཕྱུག་འགྱུར་ལམ་དུ་བསྐྱོད་པར་སྣེ་ཁྲིད་ཀྱི་ནུས་པ་ཐོན་བཞིན་ཡོད།

སྙན་སྒྲོན་པ། དཔལ་ལྡན་སྟག་ལྷ་ནི་སོ་རྒྱག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་རེད། ཁོ་དང་ཁ་བརྡ་བྱས་པའི་བརྒྱུད་རིམ་ཁྲོད།  ཁོ་ནི་ཏང་གི་དར་ཆའི་འོག་ཏུ་འཚར་ལོངས་བྱུང་བའི་ཏང་ཡོན་ཞིག་ཡིན་པར་མ་ཟད། བསམ་བློ་དང་ཀུན་སྤྱོད་གང་ཅིའི་ཐད་ནས་ཀྱང་ཏང་གི་ཡང་དག་པའི་སྲིད་ཇུས་དང་བསྟུན་ནས།   དུས་དང་རྣམ་པ་ཀུན་ཏུ་སོ་རྒྱག་སྡེ་བའི་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་གསར་བ་ཉིན་རེ་བཞིན་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཐད་ལ་འབད་བརྩོན་ཆེན་པོ་བྱེད་བཞིན་ཡོད་པ་དང་།  ད་ལྟ་ཁོ་རང་སོ་རྒྱག་སྡེ་བའི་མ་འོངས་པའི་འཚོ་བ་གསར་བར་རེ་བས་ཁེངས་བཞིན་འདི་ལྟར་བཤད།

ཐོན་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་བཞིན་པ། 

དཔལ་ལྡན་སྟག་ལྷ། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་བཟང་པོའི་བཀའ་དྲིན་གྱིས་ང་ཚོ་མི་དམངས་མང་ཚོགས་ཀྱི་འཚོ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་པ་དང་།  ཞིང་ཕྱུགས་ལས་རིགས་ཀྱང་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་། དེ་མིན་སྡེ་བའི་ཁྱིམ་ཚང་རེ་རེའི་སྡོད་ཁང་དང་གཞི་མ། རྒྱ་སྒོ་སོགས་ལའང་སྔོན་ཆད་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གྲོང་གསེབ་དར་སྤེལ་གྱི་སྲིད་ཇུས་དངོས་འབེབས་བྱས་པ་དང་བསྟུན་ནས་ང་ཚོས་སྡེ་བའི་མང་ཚོགས་རྣམས་ཀྱི་ཡོང་སྒོ་མུ་མཐུད་དུ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་ཕྱིར་དུ།  ད་ལྟ་སྡེ་བའི་ནང་དུ་ཕྱུགས་ལས་མཉམ་ལས་ཁང་ཞིག་འཛུགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད། རྗེས་ཕྱོགས་སུ་ངེད་སྡེ་བའི་མི་དམངས་མང་ཚོགས་ཀྱི་འཚོ་བ་དེ་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་སུ་འགྲོ་བར་ང་ལ་ཡིད་ཆེས་ཡོད།

སྙན་སྒྲོན་པ།ཉེ་བའི་ལོ་ཤས་རིང་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོད་བརྒྱད་པའི་ཚུན་གྱི་ལོ་འདི་དག་གི་ནང་དུ། ཏང་དང་རྒྱལ་ཁབ་ཀྱིས་དམངས་ཕན་སྲིད་ཇུས་མང་པོ་ས་གནས་ཁག་ཏུ་ལག་བསྟར་དངོས་འབེབས་བྱས་ཏེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་གྲུབ་འབྲས་དེ་རིགས་སོ་སོའི་མི་དམངས་མང་ཚོགས་ལ་ལོངས་སྤྱོད་ཀྱི་བགོ་སྐལ་དུ་བསྩལ།  དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་ཏུ་སོ་རྒྱག་སྡེ་བར་མཚོན་ནའང་ཆུ་གློག་ལམ་གསུམ་དང་མང་ཚོགས་ཀྱི་སྡོད་ཁང་།  སྡེ་མི་རྣམས་ཀྱི་འཚོ་བའི་ཡོང་སྒོ་སོགས་ཀྱི་ཐད་སྔར་མེད་ཀྱི་འགྱུར་ལྡོག་བྱུང་ཡོད། གནས་ཚུལ་དེའི་སྐོར་ནས་རང་ས་རང་ཡུལ་ནས་འཚར་ལོངས་བྱུང་བའི་སོ་རྒྱག་སྡེ་བའི་སྡེ་མི་ཚེ་རིང་གིས་སྔོན་ཆད་ཀྱི་འཚོ་བ་དང་ད་ལྟའི་འཚོ་བའི་གནས་བབ་གཉིས་གཤིབ་བསྡུར་གྱིས་འདི་ལྟར་བཤད།

ཡུར་མ་ཡུར་བཞིན་པ། 

ཚེ་རིང་། ང་རང་སྔོན་ཆད་ནས་བཟུང་སྟེ་སྡེ་བ་འདི་རུ་ནར་སོན་པའི་མི་ཞིག་ཡིན། ང་ཚོ་སྡེ་བའི་སྔོན་ཆད་དང་ད་ལྟའི་འཚོ་བའི་གནས་བབ་གཉིས་བསྡུར་ཚེ་ད་ལྟ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། ཆུ་གློག་ལམ་གསུམ་ཁྱིམ་ཚང་རེ་རེའི་ཁྱིམ་དུ་ཐོན་ཡོད་པ་འདི་དག་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན་པས་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཞུ།

སྙན་སྒྲོན་པ།ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག སོ་རྒྱག་སྡེ་བའི་མི་དམངས་མང་ཚོགས་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་འཚམ་པ། ཡུལ་སྲོལ་ཡ་རབས་དང་བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་གྲོང་གསེབ་དར་སྤེལ་གྱི་སྤྱིའི་བླང་བྱ་གཞིར་བཟུང་ནས།  ཞིང་ལས་དང་གྲོང་གསེབ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་སུ་གཏོང་རྒྱུའི་དམིགས་འབེན་ཆེན་པོའི་ཕྱོགས་སུ་གོམ་སྟབས་སྤོ་བཞིན་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབང་གྲགས་ཚེ་རིང་དང་འབྲུག་ལྷ་རྒྱལ། བསྟན་འཛིན། གཡང་འབུམ་རྒྱལ། ནོར་བུ་མཚོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་གྲོང་གསེབ་དར་སྤེལ་ཁྲོད་ཀྱི་སོ་རྒྱག་སྡེ་བའི་རྣམ་པ་གསར་བ་ཞེས་པ་དེ་ཡིན།         ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།

                                              གསར་འགོད་པ།  དབང་གྲགས་ཚེ་རིང་། འབྲུག་ལྷ་རྒྱལ། 

                                                                                 བསྟན་འཛིན། གཡང་འབུམ་རྒྱལ། 

    ནོར་བུ་མཚོ། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།