སྤྱི་ཁྱབ་ཧྲུའུ་ཅིའི་སྐྱེ་ཁམས་དགོངས་པ་རྩྭ་ཐང་ཡོངས་ལ་ཁྱབ།
2022.07.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 9

སྙན་སྒྲོན་པ། བརྩེ་ལྡན་གྱི་ཉན་མཁན་རྣམ་པ། ཐེངས་འདིའི་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ནན་མོ་བྱེད་ཅེས་པའི་བསྟུད་འགོད་ལེ་ཚན་ནང་དུ་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབང་གྲགས་ཚེ་རིང་དང་འབྲུག་ལྷ་རྒྱལ། བསྟན་འཛིན། གཡང་འབུམ་རྒྱལ། ནོར་བུ་མཚོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ། ཁ་ཡིག་ལ་སྤྱི་ཁྱབ་ཧྲུའུ་ཅིའི་སྐྱེ་ཁམས་དགོངས་པ་རྩྭ་ཐང་ཡོངས་ལ་ཁྱབ་ཅེས་པར་ཉན་རོགས།

སྙན་སྒྲོན་པ།  ཉིས་སྟོང་ཉེར་གཅིག་ལོའི་ཟླ་དྲུག་པའི་ཚེས་བརྒྱད་ཉིན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྟེ། མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་སྣ་མང་རང་བཞིན་གྱི་སྲུང་སྐྱོབ་བྱ་བར་ཡུལ་དངོས་སུ་རྟོག་ཞིབ་མཛད།  སྤྱི་ཁྱབ་ཧྲུའུ་ཅིས་སྔ་གཞུག་ཏུ“མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཡིན”པར་བསྟན་ཞིང་།  ཁོང་གིས་ལོ་གསར་ཤིས་ཚིག་ཁྲོད་“རླབས་སྔོན་ལང་ལོང་གཡོ་བའི་མཚོ་སྔོན་པོ”ཞེས་གསུངས་པ་ནི་མཚོ་སྔོན་ཁྲི་གཤོག་རྒྱལ་མོས་སྤྱི་ཁྱབ་ཧྲུའུ་ཅིར་བཞག་པའི་བག་ཆགས་ཆེས་ཟབ་མོ་དེ་ཡིན་ཀྱང་སྲིད། མཚོ་སྔོན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིས་བསྟན་པའི་ཁ་ཕྱོགས་བཞིན་དུ་སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ལངས་གནས་མཐོར་འདེགས་དང་དངོས་གཉེར་མཉམ་ལས་ཀྱི་བྱེད་ཐབས་སྤྱད་དེ་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་བྱེད་ཐབས་ནུས་ལྡན་བཏོན། ང་ཚོ་གསར་འགོད་པ་གུང་ཧོ་རྫོང་རྟ་ནག་མ་གྲོང་རྡལ་དུ་ཐོན་དུས། དབྱར་ཟླ་དྲུག་པའི་ཉི་འོད་ལམ་ལམ་གྱི་འོག་ན་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་མཐིང་མདོག་གིས་འཁྱིལ་བའི་མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཏང་དར་དམར་པོས་རུ་སྣེ་དྲངས་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་དང་འཕྲད། མ་གཞིར་ཚོགས་པ་དེ་ནི་རྟ་ནག་མ་གྲོང་རྡལ་རྒྱབ་ལུང་སྡེ་བའི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ཚོགས་པ་རེད། ང་ཚོ་གསར་འགོད་པས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རྟ་ནག་མ་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ས་གནས་རང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་ཐབས་སྐོར་ལ་རྒྱུས་ལོན་བྱས་པར། རྟ་ནག་མ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཚེ་དབང་གིས་འདི་ལྟར་བཤད།

ཚེ་དབང་གི་སྐད་ཆ།   ང་ཚོ་རྟ་ནག་མ་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་དེ། རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཚུལ་བཤད་པ་དང་། སྤྱི་ཁྱབ་ཧྲུའུ་ས་གནས་འདིར་ཕེབས་དུས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གསུངས་ཡོད་པ་ལྟར་ང་ཚོས་ཀྱང་མང་ཚོགས་སྐུལ་སློང་བྱས་པས། མང་ཚོགས་མང་པོ་ཞིག་གིས་དུས་བཅད་ལྟར་ཁོར་ཡུག་སྲུང་སྐྱོབ་བྱ་བ་ལེགས་པོར་སྒྲུབ་བཞིན་ཡོད། དེ་ལྟར་ཁོར་ཡུག་སྲུང་སྐྱོབ་བྱས་ན་ད་ལྟ་མཚོ་མོའི་ཁ་ཞེང་རྒྱས་ཏེ་རྟ་རྒྱུག་ཐང་ཡང་མཚོ་ནང་དུ་ཐུབ་ཡོད་པ་དང་། མཚོ་ནང་གི་ལྕགས་ར་སོགས་གཙང་སྤྲ་བྱས་པས་རྫོང་རིམ་པའི་བསྟོད་བསྔགས་ཐོབ་ཡོད། དེ་ལྟར་མཚོ་སྔོན་མོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་སྣོན་བྱས་པས་ད་ལྟ་མཚོ་འགྲམ་གྱི་རྩྭ་སའི་རྒྱུ་སྤུས་ཀྱང་ཇེ་ལེགས་སུ་སོང་ཡོད།

སྙན་སྒྲོན་པ།   མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཡིན་པ་དང་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས་ཡིན་ལ། མཚོ་སྔོན་གྱི་ཆེས་ཆེ་བའི་སྦས་ཤུགས་དེ་ཡང་སྐྱེ་ཁམས་ཡིན་ཞེས་པའི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་ཀྱི་དགོངས་དོན་ལྟར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་བླང་བྱ་ནན་མོ་བཏོན་པས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྡེ་བ་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཀྱང་རང་གི་ཕ་ས་ཕ་ཡུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱེད་པར་རང་གི་སྟོབས་ཤུགས་འབུལ་བཞིན་འདུག  དེའི་སྐོར་ནས་རྒྱབ་ལུང་སྡེ་བའི་སྡེ་དཔོན་འཇིགས་མེད་རྣམ་རྒྱལ་གྱིས་ང་ཚོར་འདི་ལྟར་བཤད། 

འཇིགས་མེད་རྣམ་རྒྱལ་གྱི་སྐད་ཆ། ང་རྟ་ནག་མ་གྲོང་རྡལ་རྒྱབ་ལུང་སྡེ་བའི་ཡིན། ང་ཚོའི་སྡེ་བར་ཁོར་སྲུང་པ་མི་བདུན་ཅུ་ལྷག་ཡོད། ཁོ་ཚོས་གཟའ་འཁོར་རེ་རེའི་གཟའ་ལྷག་པ་དང་པ་སངས་གཉིས་ལ་ལམ་འགྲམ་དང་མཚོ་མོའི་འགྲམ་རྒྱུད་བཅས་སུ་བདག་བྱེད་བཞིན་ཡོད། དེ་ལྟར་བྱས་ན་མང་ཚོགས་གཞན་ལ་ཡང་སྐུལ་མ་ཐེབས་ནས་གད་སྙིགས་སྣ་ཚོགས་གང་སར་མི་འཕེན་པས་སྔོན་ཆད་དང་བསྡུར་ན་ཁོར་ཡུག་གི་གནས་བབ་ཧ་ཅང་ལེགས།

སྙན་སྒྲོན་པ། སྡེ་བ་སོ་སོའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་རེ་རེ་ནི་རང་ཉིད་ཀྱི་ལག་སྲུང་ལ་བརྟེན་ནས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་ལ་མཛེས་སྡུག་གི་རིམ་མོ་འབྲི་མཁན་རེ་རེ་རེད། ང་ཚོ་རྟ་ནག་མ་གྲོང་རྡལ་རྒྱབ་ལུང་སྡེ་བའི་ཁོར་ཡུག་འཕྲོད་བསྟེན་ཕྱོགས་བསྡུས་བཅོས་སྐྱོང་ཚོགས་པ་དང་འཕྲད་དུས། ཁོ་ཚོ་མི་རེ་རེས་ཁུག་མ་ཆེན་པོ་རེ་བཟུང་ནས་ཞིབ་ཚགས་དང་གོ་རིམ་ལྡན་པའི་ངང་མཚོ་མོའི་འགྲམ་རྒྱུད་ཀྱི་མི་གཙང་བའི་གད་སྙིགས་སྣ་ཚོགས་འཛེམ་དོགས་མེད་པར་འཐུ་བཞིན་འདུག ཁོ་ཚོའི་གདོང་གི་འཛུམ་མདངས་རེ་རེ་མཐོང་དུས། ཁོ་ཚོར་མཚོན་ན་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་དངོས་སུ་ལག་བསྟར་བྱེད་པའི་ཆེས་གཟི་བརྗིད་ལྡན་པའི་བྱ་གཞག་ཅིག་ཏུ་བརྩི་བཞིན་པའི་སྣང་བ་ཞིག་དབང་མེད་དུ་སྟེར་གྱིན་འདུག   བཀྲ་ཤིས་རྒྱལ་ནི་མི་སྣ་དེ་དག་གི་གྲས་ཀྱི་གཅིག་ཡིན་ཞིང་། ཁོའི་གདོང་ལ་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་ཏེ་འདི་ལྟར་བཤད།

བཀྲ་ཤིས་རྒྱལ་གྱི་སྐད་ཆ།ང་རང་རྒྱབ་ལུང་སྡེ་བའི་ཁོར་སྲུང་མི་སྣ་ཞིག་ཡིན། ཉིས་སྟོང་བཅུ་བཞིའི་ལོ་ནས་བཟུང་ཚོགས་པ་འདིར་ཞུགས་པ་ཡིན། རྟ་ནག་གྲོང་རྡལ་གྱི་རྒྱབ་ལུང་སྡེ་བ་འདི་མཚོ་ཁར་ཐག་ཉེ་བས་དབྱར་དུས་འགྲུལ་བ་མང་པོ་ཡོང་གི་ཡོད་པས་གད་སྙིགས་མང་པོ་ཡོད་ནི་རེད།  དེ་བས་ང་ཚོས་རང་གི་མིག་ལ་གཅེས་སྤྲས་བྱེད་པ་བཞིན་དུ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་པས་དེ་ལ་ཕན་འབྲས་ཆེན་པོ་ཐོབ་ཡོད། གོང་རིམ་གྱིས་ཀྱང་ང་ཚོ་མི་རེར་ལོ་རེ་ལ་སྒོར་མོ་ཁྲི་གཉིས་དང་སྟོང་གཅིག་དང་དྲུག་བརྒྱ་སྟེར་བཞིན་ཡོད་པས་དེ་ཡང་རང་གི་འཚོ་བའི་ཁ་སྣོན་ལ་དངོས་གནས་ཕན་ཐོགས་ཀྱི་ཡོད།

སྙན་སྒྲོན་པ།  ང་ཚོ་དབྱར་ཟླ་དྲུག་པའི་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་ལང་ལོང་གཡོ་བའི་མཐིང་མདོག་གི་རླབས་རྒྱུན་དང་འགྲོགས་ནས། གཤོག་འགྱུར་གྱི་སྟངས་སྟབས་སྒྱུར་བཞིན་གསུངས་སྙན་གྱིས་མི་སེམས་འགུག་པའི་བགྲང་གིས་མི་ལང་པའི་བྱ་རིགས་སྣ་ཚོགས་ཀྱི་འཕུར་ལྡང་གི་གར་མཛེས་པའི་སྟབས་ལ་རོལ་བཞིན་མུ་མཐུད་དུ་མདུན་ཕྱོགས་སུ་བསྐྱོད་པ་ན། མི་རིང་བའི་ས་རུ་ཡང་བསྐྱར་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་དང་འཕྲད་བྱུང་། རྒྱུས་ལོན་ཅུང་ཙམ་བྱས་པར་ཁོ་ཚོ་ནི་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་སྤྲེལ་ནག་གྲོང་རྡལ་ལོའུ་སེ་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་རེད། ཁོ་ཚོར་ཡང་ས་གནས་མང་ཚོགས་ཀྱིས་གྲུབ་པའི་སྟོབས་དང་ལྡན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རུ་དཔུང་ཞིག་ཡོད་པ་དང་། ལོ་འདི་དག་གི་རིང་ལ་སྤྲེལ་ནག་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་བ་དེར་ངེས་ཤེས་སྔར་ལས་གསལ་བོ་འདྲོངས་ཡོད་དེ། གནས་ཚུལ་དེའི་སྐོར་ནས་སྤྲེལ་ནག་གྲོང་རྡལ་གྱི་གྲོང་གཙོ་གཞོན་པ་རྡོ་རྗེ་གཅོད་པ་ཡིས་བཤད་རྒྱུར།

        རྡོ་རྗེ་གཅོད་པའི་སྐད་ཆ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་དུ་ཕེབས་དུས་ཁོང་གིས་མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་དེ་སྐྱེ་ཁམས་ཡིན་པ་དང་མཚོ་སྔོན་གྱི་ཆེས་ཆེ་བའི་འགན་འཁྲི་དེ་སྐྱེ་ཁམས་ཡིན་ལ། མཚོ་སྔོན་གྱི་ཆེས་ཆེ་བའི་སྦས་ཤུགས་དེ་ཡང་སྐྱེ་ཁམས་ཡིན་ཞེས་གསུངས་འདུག དེ་བས་ང་ཚོ་སྤྲེལ་ནག་ཡུལ་ཚོས་ཀྱང་སྡེ་བ་སོ་སོ་རུ་ཁོར་སྲུང་མི་སྣ་དང་རྩྭ་སྲུང་། ནགས་སྲུང་སོགས་མི་སྣ་བཞི་བཅུ་ནས་ལྔ་ཅུ་བཀོད་སྒྲིག་བྱས་ཡོད་ཅིང་། ཁོ་ཚོས་ཀྱང་ཉིན་རེར་བཞིན་རང་གི་ས་གནས་སུ་སོང་ནས་གཙང་སྤྲ་བྱས་པའི་གནས་ཚུལ་དེ་ང་ཚོ་གྲོང་རྡལ་གྱི་ཚོགས་པའི་ནང་དུ་བསྐུར་བཞིན་ཡོད། དེ་ལྟར་བྱས་པས་ད་ལྟ་ས་གནས་འདིའི་བྱ་རིགས་སྣ་ཚོགས་དང་རི་དྭགས་སོགས་ཀྱི་གྲངས་ཀ་མངོན་སུམ་གྱིས་ཇེ་མང་ལ་སོང་ཡོད་པར་མ་ཟད། རི་མཐོ་ས་གཙང་ཆུ་དྭངས་པའི་རྣམ་པ་དེ་མངོན་ཡོད།

ཁོར་ཡུག་གཙང་སྤྲ་བྱེད་བཞིན་པ། 

སྙན་སྒྲོན་པ།  ས་གནས་མང་ཚོགས་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལག་ལེན་པ་དངོས་ཡིན་ཞིང་། རང་གི་འཚོ་གནས་ཀྱི་ཁོར་ཡུག་སྲུང་སྐྱོབ་བགྱིས་ཏེ་བུ་རབས་ཚ་རྒྱུད་ལ་བདེ་སྐྱིད་ལྡན་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཆེད། ལོའུ་སེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་བའི་ཁོར་ཡུག་གི་གནས་བབ་དངོས་ལ་གཞིགས་ནས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བ་རྩ་འཛུགས་ལེགས་པོ་བྱས་ཡོད། དེའི་སྐོར་ནས་ལོའུ་སེ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་ཆེན་ཐར་གྱིས་ང་ཚོར་འདི་ལྟར་བཤད།

ལྷ་ཆེན་ཐར་གྱི་སྐད་ཆ། ང་ཚོ་སྡེ་བ་ཡིན་ན་རྩ་འཛུགས་རིམ་པའི་བཀོད་སྒྲིག་ལྟར་དུ་སྐོར་ཐེངས་གསུམ་བྱས་ནས་གཟའ་འཁོར་རེ་རེར་འཁོར་ཡུག་གཙང་སྤྲ་བྱེད་བཞིན་ཡོད།  དེ་མིན་ཏང་ཡོན་རྣམས་ཀྱིས་ཁོར་ཡུག་གཙང་སྤྲ་བྱེད་པ་དང་བུད་མེད་དང་བླངས་པ་རྣམས་ཀྱིས་ཆུ་མགོར་གཙང་སྤྲ་བྱེད་པ། དེ་ལྟ་བུའི་གནས་ཚུལ་འོག་ནས་མཚོ་སྔོན་པོའི་འགྲམ་རྒྱུད་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་ཁམས་ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཐད་ལ་ཕན་འབྲས་མི་དམན་པ་བླངས་ཡོད།

སྙན་སྒྲོན་པ། ཉེ་བའི་ལོ་ཤས་རིང་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་བར་བཀོད་སྒྲིག་ཞིབ་ཚགས་དང་བླང་བྱ་ནན་མོ་བཏོན་པ་དང་།  མི་དམངས་མང་ཚོགས་ཀྱིས་རང་གི་འཚོ་གནས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་རིམ་བཞིན་མཐོར་འདེགས་བྱུང་སྟེ།  ས་གནས་ཀྱི་འབྲོག་པ་མང་ཚོགས་མང་པོ་ཞིག་བསྐལ་བརྒྱར་ཕན་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་གཞག་རླབས་ཆེན་དེའི་ཁྲོད་དུ་ཞུགས་པ་ནས་བཟུང་། ལོ་རེ་རེར་མཚོ་མོའི་ཁ་ཞེང་ཆེ་རུ་རྒྱས་ནས་དེ་ལ་འཁོར་བའི་སྤུ་སྡུག་བྱ་རིགས་སྣ་ཚོགས་ཀྱི་གསུང་སྐད་སྙན་མོས་མི་སེམས་ལ་དགའ་བའི་ལོངས་སྤྱོད་སྩོལ་ཞིང་། མཐིང་མདོག་གི་སྤང་ཐང་དང་དྭངས་གཙང་གི་ཆུ་མོ་སོགས་མཛེས་པའི་རི་མོ་ཡིས་ཕྱོགས་ཀྱི་མགྲོན་པའི་མིག་དབང་ཅིག་ཅར་དུ་འཕྲོག་པར་བྱེད། དེའི་སྐོར་ནས་ལོའུ་སེ་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་མི་མགོན་པོ་ཚེ་བརྟན་གྱིས་བཤད་རྒྱུར།

མགོན་པོ་ཚེ་བརྟན་གྱི་སྐད་ཆ། ང་རང་ལོའུ་སེ་སྡེ་བའི་ཁོར་སྲུང་པ་ཞིག་ཡིན་ལ་སྡེ་བ་འདིར་ང་ཚོ་ཁོར་སྲུང་པ་མི་བཞི་བཅུ་ཞེ་བརྒྱད་ཙམ་ཡོད། ང་ཚོས་གཙོ་བོ་རི་ཆུ་ནགས་གསུམ་དང་རྩ་ལུང་རི་ལུང་ལ་བདག་སྐྱོང་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག  ང་ཚོས་ཀྱང་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་ཧུར་བརྩོན་གྱིས་བསྒྲུབས་པས་ད་ལྟ་སྔོན་ཆད་དང་བསྡུར་ན་རི་ཆུ་ནགས་གསུམ་གྱི་རྣམ་པ་ཉམས་དགའ་བར་གྱུར་ཡོད།

སྙན་སྒྲོན་པ། ཕྱི་དྲོའི་ཉི་འོད་ཀྱིས་དབང་ཕྱོགས་ལྷུན་པོའི་ཕང་བ་རུ་མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་མཛེས་པ་ལ་ཞེན་ཆགས་ཀྱི་ཕྱི་མིག་འཕེན་བཞིན། ནུབ་ཕྱོགས་ཆུ་ལྷའི་ཕང་པར་ཡིབ་ལ་ཉེ་དུས། ཏང་དར་དམར་པོ་ལྷབ་ལྷུབ་བསྐྱོད་པའི་རུ་དཔུང་ཞིག་གིས་ཉིན་གཅིག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་དེ་རེ་ཞིག་མཚམས་བཞག་སྟེ་རང་ཡུལ་འགྲིམ་པའི་ལམ་ལ་ཆས་གྲབས་བྱེད།  ཁོ་ཚོ་ཡང་སྤྲེལ་ནག་གྲོང་རྡལ་དཀར་ལྷ་སྡེ་བའི་མི་གྲངས་བརྒྱ་ཕྲག་གཅིག་ཙམ་གྱིས་གྲུབ་པའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་རེད། ཁོར་ཡུག་སྲུང་སྐྱོབ་ཚོགས་པ་དེ་ལའང་རང་གི་འཚོ་གཞེས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་ཡིད་དབང་འཕྲོག་པའི་གཏམ་རྒྱུད་མང་པོ་ཞིག་ཡོད་ཀྱང་། དུས་ཚོད་ཀྱི་བྲེལ་བའི་ཁྲོད་ནས་དཀར་ལྷ་སྡེ་བའི་སྡེ་དཔོན་ཤེས་རབ་རྡོ་རྗེ་ཡིས་ཁོར་ཡུག་སྲུང་སྐྱོབ་ཀྱི་གྲུབ་འབྲས་སྐོར་གྱི་གནས་ཚུལ་ཐུང་ངུ་ཞིག་ང་ཚོར་འདི་ལྟར་བཤད།

དཀར་ལྷ་སྡེ་བའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། 

ཤེས་རབ་རྡོ་རྗེ་ཡི་སྐད་ཆ། ང་ཚོ་དཀར་ལྷ་སྡེ་བར་མཚོན་ན་སྡེ་བའི་ལས་བྱེད་པ་རྣམས་ཀྱིས་སྐད་འཕྲིན་ཀྱི་ཚོགས་པའི་ནང་དུ་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་སྐོར་གྱི་བྱ་བ་སྣ་ཚོགས་བརྡ་གཏོང་བཞིན་ཡོད།  ད་ལྟའི་མང་ཚོགས་རྣམས་ཀྱིས་ཀྱང་རང་རང་གི་ལྕགས་རའི་ནང་དང་མཚོ་མོའི་འགྲམ་རྒྱུད་གང་ཞིག་ཏུ་གད་སྙིགས་ཡོད་ན་བདག་བྱེད་བཞིན་ཡོད་པས། ད་ལྟ་ང་ཚོའི་སྡེ་བའི་ས་ཕྱོགས་ཀུན་ཏུ་གད་སྙིགས་ཅུང་ཙམ་ཡང་མེད་པའི་རྣམ་པ་མངོན་ཡོད།

སྙན་སྒྲོན་པ།  ་ཕྱི་དྲོའི་ཉི་ཟེར་གྱི་ཟེགས་མས་མཚོ་སྔོན་ཁྲི་གཤོག་རྒྱལ་མོར་མཛེས་སྡུག་གི་ཁ་དོག་གཞན་ཞིག་བསྒོས་འདུག་ལ། མཚོ་མོའི་མཁའ་དབྱིངས་ན་ལྡིང་སྐོར་བྱེད་པའི་འདབ་ཆགས་ཚོགས་ཀྱིས་སྙན་པའི་གསུང་སྐད་བར་མེད་སྒྲོག་ཅིང་། དབྱར་ཟླ་དྲུག་པའི་ལྗང་མདོག་གི་སྤང་ཐང་ན་རང་དགར་རྒྱུ་བའི་རྟ་ནོར་ལུག་གསུམ་ཕྲ་རྒྱན་བཞིན་མིག་ལ་མཛེས་པ་སོགས། ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཁོར་ཡུག་གི་མཛེས་སྡུག་དེ་མཐོང་ཚེ། མཚོ་སྔོན་ཁྲི་གཤོག་རྒྱལ་མོའི་འགྲམ་རྒྱུད་ཀྱི་རུ་སྡེ་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་གསུང་སྤྱི་བོར་བླངས་ཏེ། རི་བོ་སྔོ་ལ་ཆུ་མོ་དྭངས་པའི་ཐུན་མོང་མ་ཡིན་པའི་མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་མཛེས་པའི་རི་མོ་ཞིག སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་སྤུན་ཟླ་མི་རིགས་རྣམས་ལ་སྐྱེས་སུ་འབུལ་བཞིན་འདུག

སྙན་སྒྲོན་པ། ཉན་མཁན་རྣམ་པ། གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དབང་གྲགས་ཚེ་རིང་དང་འབྲུག་ལྷ་རྒྱལ། བསྟན་འཛིན། གཡང་འབུམ་རྒྱལ། ནོར་བུ་མཚོ་བཅས་ཀྱིས་ཡུལ་དངོས་སུ་སྒྲ་བླངས་ནས་བཀོད་པའི་ཆེད་སྒྲིག་ལེ་ཚན་ཏེ་ཁ་ཡིག་ལ་སྤྱི་ཁྱབ་ཧྲུའུ་ཅིའི་སྐྱེ་ཁམས་དགོངས་པ་རྩྭ་ཐང་ཡོངས་ལ་ཁྱབ་ཅེས་པ་དེ་ཡིན།         ཁྱེད་ཚོས་ཉན་པར་ཐུགས་རྗེ་ཆེ།

 གསར་འགོད་པ།  དབང་གྲགས་ཚེ་རིང་། འབྲུག་ལྷ་རྒྱལ། 

                                                                                 བསྟན་འཛིན། གཡང་འབུམ་རྒྱལ། 

    ནོར་བུ་མཚོ། 

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།