མི་རིགས་སོ་སོ་མཉམ་དུ་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པར་མཐུན་རྐྱེན་བསྐྲུན་དགོས།
2022.07.11 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 11

རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཤུགས་ཆེན་པོས་ཁྱབ་གདལ་དུ་གཏོང་བ་དེ་སྐད་བརྡའི་བར་ཆད་སེལ་བ་དང་སྤྱི་ཚོགས་ཀྱི་བརྗེ་རེས་ལ་སྐུལ་འདེད་གཏོང་བར་ཕན་པར་མ་ཟད།  ཆབ་སྲིད་དང་དཔལ་འབྱོར། རིག་གནས་འཛུགས་སྐྲུན་དང་སྤྱི་ཚོགས་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན།

ཉེ་ལམ།  ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་གཞི་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གསོ་སྦྱོང་འཛིན་གྲྭའི་སློབ་མ་བཞི་བཅུ་ལྷག་ཙམ་གྱིས་རྫོང་ཏང་ཨུ་ཏང་གི་སློབ་གྲྭའི་སློབ་སྟོན་ཚན་ཁག་གི་གསོ་སྦྱོང་ཚོད་ལྟ་ལེགས་གྲུབ་བྱུང་སྟེ་སྐོར་ཐེངས་དང་པོའི་མཐར་ཕྱིན་སློབ་མར་གྱུར།

གཟའ་འཁོར་གཅིག་རིང་གསོ་སྦྱོང་བྱས་པ་བརྒྱུད་བུ་མོ་ཚེ་རིང་ལ་མྱོང་ཚོར་ཟབ་མོ་བྱུང་། མོའི་གྲུབ་འབྲས་ཆེ་ཤོས་ནི་མི་རྣམས་ལ་གདོང་གཏོད་དུས་རང་ཉིད་ལ་གདེང་ཚོད་ཆེན་པོ་ཡོད་པ་དེ་རེད། ཐེངས་དེར་ཁོ་མོས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུ་དེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ཐོག་ནས་བཀླགས་པ་དང་མ་གཞིར་སྒྲ་གདངས་དེ་ཙམ་ཚད་ལྡན་མིན་ཀྱང་མི་རྣམས་ཀྱིས་གསལ་པོ་ཞིག་གོ་ཐུབ་ཀྱི་ཡོད།

ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྟེང“དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་དགོས”ཞེས་དང“རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་དང་དེང་རབས་དཔལ་ཡོན་སློབ་གསོ་ལ་ཤུགས་སྣོན་རྒྱག་པ། མི་རིགས་སོ་སོ་མཉམ་དུ་           དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏང་དགོས”ཞེས་ནན་གྱིས་བསྟན་ཡོད།

སྡེ་མི་རྣམས་ཀྱི་ཐོན་སྐྱེད་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་འཚོ་བའི་སྤུས་ཚད་ཉིན་རེ་བཞིན་ཇེ་ལེགས་སུ་སོང་བ་དང་མཉམ་དུ། རང་སྟེང་གི་བྱ་བའི་ཆུ་ཚད་མཐོ་རུ་གཏང་རྒྱུ་དེ་གཞི་རིམ་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ལྡོག་ཏུ་མེད་པའི་བླང་བྱ་ཞིག་ཏུ་གྱུར་ཡོད།  གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་ཇེ་བརྟན་དུ་གཏོང་བ་དང་ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་ལ་འབྲེལ་འདྲིས་བྱེད་པའི་ཟམ་པ་ལྟ་བུ་ཞིག་ཡིན་པའི་ངོས་ནས། སྤྱི་སྐད་བཤད་པའི་ཆུ་ཚད་ངེས་ཅན་ཞིག་ཡོད་རྒྱུ་དེ་ནི་གོང་རིམ་གྱི་གནས་ཚུལ་གཞི་རིམ་ལ་སྒྲོག་པ་དང་གཞི་རིམ་གྱི་གནས་ཚུལ་གོང་རིམ་ལ་ཞུ་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་རྣམས་ལ་མཚོན་ན་ཉིན་རྒྱུན་གྱི་བྱ་བའི་ཁྲོད་དུ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད།

སྡེ་བ་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རིན་ཡིན་པའི་བུ་མོ་ཚེ་རིང་གིས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་ཁོས་སུན་ཡུལ་ཚོ་ཚ་ཧན་སོས་སྡེ་བར་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་བཞིན་ཡོད། ནམ་རྒྱུན་དུ་ཡིག་ཆ་གལ་ཆེན་བརྒྱུད་སྒྲོག་དང་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་ཐེངས་རེ་ལ། མོས་ཡིག་འབྲུ་རེ་རེ་བཞིན་སྡེ་བའི་ནང་གི་བུད་མེད་ཚོར་ཡིག་སྒྱུར་བྱས་ནས་ཁོ་ཚོས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་འཕྲོད་བསྟེན་བདེ་ཐང་། བུད་མེད་ཀྱི་ཁེ་དབང་སོགས་འབྲེལ་ཡོད་ཤེས་བྱ་ཇི་མ་ཇི་བཞིན་ཤེས་རྟོགས་འབྱུང་ཐུབ་པ་བྱེད་ཀྱི་ཡོད།

ཧི་ནན་རྫོང་ནི་མཚོ་སྔོན་དང་ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ཀྱི་རྨ་ཆུའི་ཁུགས་པ་དང་པོར་ཆགས་ཡོད།  ཁྱིམ་མཚེས་ས་ཁུལ་དག་དང་དུས་ཡུན་རིང་བོར་མཉམ་འདྲེས་འཕེལ་རྒྱས་སུ་སོང་བའི་རྒྱུད་རིམ་ཁྲོད་དུ།  དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་སོག་རིག་གནས་གྲུབ་ཅིང་།  འཚོ་བའི་གོམས་གཤིས་དང་སྐད་བརྡའི་སྦྱོར་ལུགས་དེ་ཉེ་འགྲམ་གྱི་རྩེ་ཁོག་རྫོང་དང་རྨ་ཆུ་རྫོང་སོགས་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་གྱི་ས་ཁུལ་དག་དང་འདྲ་པོ་ཡོད། གནས་དེའི་སྤྱིར་བཏང་གི་རོང་འབྲོག་མང་ཚོགས་དང་ལྷག་པར་དུ་ལོ་ན་མཐོ་བའི་མི་ཚོགས་ཀྱི་སྤྱི་སྐད་ཀྱི་ཆུ་ཚད་ཅུང་ཞན་པས།  རང་ཉིད་དང་འབྲེལ་བ་ཡོད་པའི་ཐོན་སྐྱེད་དང་འཚོ་བའི་སྐོར་གྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དུས་ཐོག་ཏུ་ཤེས་རྟོགས་འབྱུང་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།

ཉེ་ལམ། དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་སློབ་མ་བཞི་བཅུ་ལྷག་ཙམ་ཡོད་པ་དེའི་ནང་གི་མང་ཆེ་བར་རྒྱལ་ཁབ་ཀྱི་སྤྱི་སྐད་རྨང་གཞི་ངེས་ཅན་ཞིག་ཡོད། ཡིན་ནའང་ཁོ་ཚོའི་གནད་དོན་གཙོ་བོ་ནི་སྒྲ་གདངས་གནད་ལ་མི་འཁེལ་བ་དང་ཐ་སྙད་མང་པོ་མེད་པ། བརྡ་སྤྲོད་ལུགས་དང་མི་མཐུན་པ།  སྐད་ཆ་ཤོད་མི་ཕོད་པ།  རང་ཉིད་ཀྱིས་ཡག་པོ་ཤོད་མི་ཐུབ་སྙམ་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་བཅས་ལ་དམིགས་ནས།  ཐེངས་དེའི་སློབ་ཁྲིད་ཁྲོད་ཧི་ནན་རྫོང་ཆ་ཚང་སློབ་ཆུང་གཉིས་པའི་མཐོ་རིམ་དགེ་རྒན་ཅའོ་ཁྲིན་ཞང་གིས། དུས་རྒྱུན་རང་ཉིད་ཀྱིས་བྱིས་པ་རྣམས་ལ་སློབ་ཁྲིད་བྱེད་སྐབས་ཀྱི་ཉམས་མྱོང་ལེགས་ཤོས་དེ་དག་ཐེངས་དེའི་ཕོ་མོ་རྒན་གཞོན་བཞི་བཅུ་ཙམ་ལས་གྲུབ་པའི་འཛིན་གྲྭ་དེའི་ནང་དུ་བཀོལ་སྤྱོད་བྱས་པ་རེད།

གཞི་རིམ་ནས་ཡོང་བའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དེ་དག་ལ་སློབ་ཁྲིད་ཡག་པོ་བྱེད་ཆེད། ཅའོ་ཁྲིན་ཞང་གིས་སྔ་མོ་ནས་སློབ་ཁྲིད་གྲ་སྒྲིག་བྱ་བ་ལེགས་པོར་བསྒྲུབ་ཡོད། ཁོ་མོས་སློབ་ཁྲིད་གྲ་སྒྲིག་གི་ཁྲོད་དུ་གསལ་བཤད་དང་སྒྲ་གདངས་ཀྱི་བཀླགས་སྟངས་སོགས་ལས་གཞན། ད་དུང་རྣམ་པའི་གླེང་མོལ་སོགས་མཉམ་འགུལ་སློབ་ཁྲིད་ཀྱི་ནང་དོན་ཡང་འདུས་ཡོད།

ངས་ཐོག་མར་སློབ་ཁྲིད་བྱེད་དུས་ཁོ་ཚོར་སློབ་སྦྱོང་ལ་སྤྲོ་སྣང་དེ་འདྲ་མེད་པར་སེམས་ཁྲལ་བྱས་པ་ཡིན། ཡིན་ནའང་ལག་ལེན་དངོས་ལ་ཞུགས་པའི་སྐབས་སུ་ངས་ད་གཟོད་དེ་ནི་རང་གི་སེམས་ཁྲལ་ལྷག་མ་ཞིག་ཡིན་པ་ཤེས་བྱུང་། ཁོ་ཚོ་མི་རེ་རེ་ཡིས་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱེད་ཀྱི་འདུག སློབ་ཁང་ནང་དུ་ཁོ་ཚོ་ཚང་མ་སློབ་མ་ཆུང་ཆུང་དག་དང་འདྲ་བར་སློབ་ཁྲིད་ཀྱི་ནང་དོན་རེ་རེ་ལ་སྤྲོ་སྣང་གིས་འཇུག་ཅིང་།  ཁོ་ཚོའི་སྤྲོ་སྣང་དང་བརྩོན་སེམས་དེས་ང་ལ་དངོས་གནས་སེམས་འགུལ་ཐེབས་སུ་བཅུག་སོང་ཞེས་དགེ་རྒན་ཅའོ་ཁྲིན་ཞང་གིས་བཤད།

དུས་ཡུན་གཟའ་འཁོར་གཅིག་རིང་གི་ལྕེ་རྩལ་སྦྱོང་བརྡར་དང་རྣམ་པའི་གླེང་མོལ། སྐབས་ཐོག་གཏམ་བཤད་བཅས་ཀྱི་སྦྱོང་བརྡར་གྱི་རིམ་པ་དེ་དག་གིས་བུ་མོ་ཚེ་རིང་ལ་བག་ཆགས་ཟབ་མོ་བཞག སྒྲ་གདངས་ཐད་ནོར་འཁྲུལ་ཡང་ཡང་བྱུང་བའི་དགོད་སྒྲའི་ཁྲོད་དུ་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱས་རྗེས། ཁོ་ཚོས་ཀློག་འདོན་ལ་བྱང་ཆ་ཆེན་པོ་ཐོན་པར་མ་ཟད། སྔོན་ཆད་བྱ་འགུལ་སྤེལ་སྐབས་དཔའ་ཞུམ་པ་དང་འཚབ་སྣང་སྐྱེས་པའི་ངང་ཚུལ་དེ་དག་ཀྱང་རིམ་གྱིས་མེད་པར་གྱུར་བ་རེད།

ད་ལྟ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས། ཚ་ཧན་སོས་སྡེ་བའི་རྨང་གཞིའི་སྒྲིག་ཆས་དང་ཐོན་ལས་ལས་གཞི་རིམ་སྤོར་སོགས་ཀྱི་འཛུགས་སྐྲུན་ལས་གཞི་ཁག་ཅིག་ཀྱང་གཅིག་རྗེས་གཉིས་མཐུད་དུ་ལག་བསྟར་བྱས་པ་དང་།  ལས་གཞི་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་སྡེ་བའམ་ཡང་ན་ཉེ་འགྲམ་ས་གནས་ཀྱི་ལག་རྩལ་མི་སྣ་དང་ཨར་ལས་མི་སྣ་ཡང་མང་པོ་ཡོད། འཁོར་སྐྱོད་མི་གྲངས་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས།  རྒྱལ་ཁབ་ཀྱི་སྤྱི་སྐད་ཡག་པོ་བཤད་ཤེས་རྒྱུ་དེ་ནི་སྡེ་བའི་ཨུ་ལྷན་གཉིས་ཀྱི་ལས་བྱེད་པ་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་མཚོན་ན་དགོས་གལ་ཆེ་བའི་བྱ་བའི་འཇོན་ཐང་གི་གྲས་ཤིག་ཏུ་གྱུར་ཡོད། རྒྱུ་མཚན་ནི་ང་ཚོའི་རྒྱུན་ལྡན་གྱི་བྱ་བའི་ནང་དུ་ཨར་ལས་རུ་ཁག་དང་བརྗེ་རེས་ཀྱི་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱེད་པའི་ལས་འགན་གལ་ཆེན་དེ་ཚུད་ཡོད་པས་ཡིན”ཞེས་བུ་མོ་ཚེ་རིང་གིས་བཤད།

མིག་སྔར་རྒྱལ་ཁབ་ཀྱི་སྤྱི་སྐད་ལ་སློབ་སྦྱོང་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏང་རྒྱུ་དེ་གྲོང་གསེབ་དང་འབྲོག་ཁུལ་གྱི་རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་ཆད་པ་ཁ་གསབ་བྱེད་དགོས་པའི་གནས་ཚུལ་ཤིག་ཏུ་གྱུར་ཡོད།  དེའི་སྐོར་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་ང་ཚོར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། དེ་བས་ཕྱིན་ཆད་རྒྱལ་ཁབ་ཀྱི་སྤྱི་སྐད་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་རྒྱུ་དེ་རྒྱུན་རྣམ་ཅན་གྱི་བྱ་བ་ཞིག་ཏུ་འགྱུར་ངེས་རེད” ཅེས་དགེ་རྒན་ཅའོ་ཁྲིན་ཞང་གིས་བཤད།

                                                                                ཡིག་སྒྱུར་བ། གཡང་འབུམ་རྒྱལ།