སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་གྱི་ཆེད་དུ།
2022.07.11 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 18

ཀྲུང་གུང་རྐང་ཚ་རྫོང་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཁྲིན་ཆིན།

“རང་འབབ་ཆུ་བཀོལ་བཞིན་ཡོད་དམ། བཙོག་ཆུ་ཅི་ལྟར་ཐག་གཅོད་བྱས་པ་ཡིན་ནམ།” “ཁྱེད་ཚོ་འཚོ་བའི་ཐད་ལ་ད་དུང་རེ་སྒུག་དང་འཆར་གཞི་ཅི་ཞིག་ཡོད་དམ།” “ང་ཚོ་ཚང་མ་ཁྱིམ་ཚང་གཅིག་གི་མི་ཡིན་པ་དང་། ང་ཚོ་ཚང་མ་ཕུ་ནུ་མིང་སྲིང་ཡིན།”“སྐྱེ་ཁམས་ནི་བང་མཛོད་ལྟ་བུ་ཡིན་ལ་རྒྱུ་ནོར་ཡང་ཡིན་པས་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས།” “ང་ཚོས་མ་འོངས་པ་སྔར་ལས་བཟང་བ་ངེས་པར་དུ་ཡིད་ཆེས་བརྟན་པོ་བྱེད་དགོས།” 2021ལོའི་ཟླ6ཚེས8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཐོ་སྒང་གི་བོད་མཁར་རྐང་ཚར་ཕེབས་པ་དང་། མཚོ་སྔོན་པོའི་འགྲམ་གྱི་ཁེར་རམ་ཐང་དུ“སྐྱེ་ཁམས་དཔལ་ཡོན། རྒྱལ་ཁབ་ཀྱི་དོན་ཆེན”ཐད་ལ་ཡང་བསྐྱར་འགྲེལ་བཤད་གསར་པ་གནང་བ་དང་། མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ“མང་ཚོགས་ལྟེ་བ་ཡིན་པའི”འཕེལ་རྒྱས་ཀྱི་འདུ་ཤེས་དང“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག”དུས་ནམ་ཡང་ཉམས་པ་མེད་པར་རྒྱས་པར་བྱས།

མཚོ་སྔོན་པོའི་བྱང་འགྲམ་གྱི་རྩྭ་ཐང་དུ་ལངས་ནས་བལྟས་ཚེ་སྐལ་བཟང་མེ་ཏོག་རྣམ་པར་བཞད་འདུག སྐབས་དེའི་དྲོད་སྐྱིད་ལྡན་པའི་རྣམ་པ་དེ་ད་ལྟ་ཡང་མིག་ལམ་དུ་གསལ་ལྷང་ངེར་ཡོད་པ་དང་། མངགས་བཅོལ་ཟབ་མོ་ད་ལྟ་ཡང་ད་དུང་རྣ་ལམ་དུ་རྒྱུ་བཞིན་འདུག འདི་ནི་རྐང་ཚའི་བུ་བུ་མོ་ཚོ་དགའ་སྤྲོ་དང་སྐུལ་མ་ཐེབས་པའི་དོན་བཟང་ཞིག་ཡིན་ལ། རྐང་ཚར་ལོ་རྒྱུས་དོན་སྙིང་ལྡན་པའི་དོན་ཆེན་ཞིག་ཀྱང་རེད།

མངགས་བཅོལ་ཡིད་ལ་དམ་པོར་བཟུང་ནས་འགན་འཁྲི་འཁུར་བ་དང་། ཐོག་མའི་བསམ་འདུན་མི་བརྗེད་པར་ཡང་བསྐྱར་མགོ་རྩོམ་དགོས། ལོ་གཅིག་གི་རིང་ལ། རྐང་ཚའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་དང་། བློ་གྲོས་མཉམ་འདུས། བློ་སྟོབས་གཅིག་བསྡུས་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་སྐྱེ་ཁམས་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤུས་ཚད་མཐོ་བའི་འཕེལ་རྒྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི“འཐབ་ཇུས་ཀྱི་ལས་འགན་ལྔའི”མཐའ་འཁོར་དུ་དམ་པོར་འབྲེལ་ཏེ།  ཏང་གི་འགོ་ཁྲིད་ལ་མུ་མཐུད་དུ་ཤུགས་སྣོན་པའི“ལྟེ་བ་གཅིག”ལ་ཇུས་འགོད་བྱས། སྐྱེ་ཁམས་སྔོན་ལ་ལག་བསྟར་བྱེད་པའི“འདུ་ཤེས་ཨང་དང་པོ”རྒྱུན་འཁྱོངས་བྱས་པ་དང་། ཐོན་ལས་གཞན་སྒྱུར་རིམ་སྤོར་དང་། དམངས་ཚིས་བདེ་སྐྱིད་མཐོར་འདེགས་གཏོང་བ། བཅོས་སྐྱོང་མ་ལག་དེང་རབས་ཅན་འཛུགས་སྐྲུན་གྱི“ལམ་བུ་གསུམ”འཛུགས་སྐྲུན་བྱས་ནས་སྐྱེ་ཁམས་དཔལ་ཡོན་དང་། དཔལ་འབྱོར་སྤྱི་ཚོགས། གྲོང་གསེབ་དར་སྤེལ། དམངས་ཚིས་བདེ་སྐྱིད། སྤྱི་ཚོགས་དཔལ་ཡོན། འཆམ་མཐུན་བརྟན་འཇགས་ཀྱི“འབད་འཐབ་དམིགས་འབེན་དྲུག”གི1136བྱ་བའི་བསམ་ཕྱོགས་ཧུར་ཐག་གིས་མངོན་འགྱུར་བྱས་པ་དང་། མངགས་བཅོལ་ཟབ་མོ་དེ་རྔམ་བརྗིད་ལྡན་པའི་འབད་འབུངས་སྟོབས་ཤུགས་སུ་བསྒྱུར་ཏེ། རྐང་ཚ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་བཞིན་ཡོད།

“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་ངེས་པར་བྱས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞི་འཛུགས་སྐྲུན་གྱི་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་སྟེ། མུ་མཐུད་དུ་སྐྱེ་ཁམས་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

མདོ་ལ་རིང་མོའི་ལྷོ་ཕྱོགས་ཀྱི་རྐང་ཚའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱེད་རྒྱུ་དམ་འཛིན་བྱས་ཏེ། མཐོ་སྒང་གི་གྲང་འཁྱག་ཁུལ་གྱི་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཉམས་གསོའི་མ་དཔེ་གསར་པ་བཏོད་ཡོད། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་གསར་འཛུགས་བྱ་བ་ཁྱོན་ཡོངས་ནས་མགོ་བརྩམས་ཏེ། “རི་ཆུ་ནགས་ཞིང་དང་། མཚེའུ་དང་རྩྭ་ཐང་བྱེ་ཐང་། འཁྱགས་རོམ”སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། གྲོང་གསེབ་ཀྱི་གད་སྙིགས་རིགས་དབྱེའི་ལོ་གསུམ་གྱི་འགུལ་སྤྱོད། ཁེར་རམ་ཐང་གི་བརླན་ས་སྲུང་སྐྱོབ་དང་སྐྱེ་ཁམས་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་པ། མཚོ་བཀག་ཉ་གསོ། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པའི་བཟོ་སྐྲུན་ལ་སྐུལ་འདེད་བཏང་སྟེ། རྫོང་ཡོངས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པོའི་ཚད96.7%ཟིན་པ་དང་། གཙོ་གནད་ཆུ་རྒྱུན་ཆད་ངོས་ཀྱི་ཆུ་སྤུས་རིགསIIབསྡུར་ཚད་ཀྱི100%ཡན་ཟིན་པ་དང་། རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཀྱི་ཚད70.62%ཟིན་ཞིང་། མཚོ་སྔོན་པོའི་ཉ་རིགས་ཀྱི་ཐོན་ཁུངས་གསོག་ཚད་དེ་ཐོག་མར་སྲུང་སྐྱོབ་བྱེད་སྐབས་ལས་ལྡབ་བཞི་བཅུ་ལྷག་འཕར་བ་དང་། རི་དྭགས་དགོ་བའི་གྲངས་ཀ་དེ་དམིགས་བསལ་སྲུང་སྐྱོབ་ཁུལ་ཐོག་མར་བཙུགས་པའི་སྐབས་ལས་ལྡབ་བདུན་ལྷག་འཕར་ཡོད།

དགའ་འོས་པའི་འགྱུར་ལྡོག་དེ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་ཚིག་རེ་རེ་ལས་བྱུང་བ་རེད། ང་ཚོས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་མཐུད་དེ“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོབ་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱས་ནས། མདོ་ལ་རི་བོའི་ལྷོ་རྒྱུད་དང་མཚོ་བསྐོར་བྱང་འགྲམ་གྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་བརྟན་སྲུང་བྱེད་རྒྱུ་ཡིན།

ང་ཚོས“སེ་འབྲུའི་སྙིང་སྟོབས”ལ་གོ་བ་བླངས་ནས་མི་རིགས་མཐུན་སྒྲིལ་གྱི་གྲུབ་འབྲས་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་དུ་སྲ་བརྟན་དུ་གཏོང་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་གཙོ་ཐིག་འབུར་དུ་ཐོན་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་། རྫོང་ཁོངས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ་དང་། རིམས་ནད་དམག་འཐབ་དང་བརྟན་འཇགས་སྲུང་སྐྱོབ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕྱོགས་སུ་བྱ་ཐབས་དངོས་འདོན་རྒྱུར་ཤུགས་བསྣན་ཏེ། འབད་བརྩོན་ཆེན་པོས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས“གཏན་འཇགས་དྲུག”གི་བྱ་བ་བཟང་པོར་སྒྲུབ་པ་དང་། “འགན་སྲུང་དྲུག”གི་ལས་འགན་དོན་འཁྱོལ་བྱེད་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ནས། རྫོང་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་དང་འཆམ་མཐུན་བརྟན་འཇགས་ཐད་ལ་བྱས་རྗེས་གསར་པ་འཇོག་དགོས།

བརྟན་འཇགས་ཀྱི་རྣམ་པ་བཟང་པོ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བསླབ་བྱ་ནན་མོ་ལས་བྱུང་བ་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱས་ནས་མི་རིགས་ཁག་གི་ཕུ་ནུ་མིང་སྲིང་རྣམས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཧུར་ཐག་གིས་གྲོང་གསེབ་བཅོས་སྐྱོང་མ་ལག་དེང་རབས་ཅན་དུ་འཛུགས་སྐྲུན་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་ཧུར་ཐག་གིས་བསྐྲུན་དགོས། “མི་དམངས་བླ་ན་མེད་པ”ལག་བསྟར་བྱས་ནས་གྲོང་གསེབ་དར་སྤེལ་གྱི་མཉམ་འཛུགས་མཉམ་སྤྱོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་དང་། རིགས་སོ་སོའི་མང་ཚོགས་རྣམས་ཀྱི་ཐོབ་སྣང་དང་སྐྱིད་སྣང་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།

རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་རྒྱ་ཆེའི་ཏང་ཡོན་སྔོན་ལ་སྐྱོད་པར་སྣེ་ཁྲིད་དེ། དབུལ་ཐར་མཁྲེགས་གཏོར་སྲ་བརྟན་དང་རྒྱ་སྐྱེད་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་ཡོང་བ་མངོན་འགྱུར་བྱེད་དགོས། 2021ལོའི་དམངས་ཚིས་ཁྱབ་ཁོངས་ཀྱི་འགྲོ་སྒོ་ཡིས་ནོར་སྲིད་སྤྱིའི་འགྲོ་སྒོའི་བརྒྱ་ཆའི་བརྒྱད་ཅུ་ཡན་ཟིན་ཡོད། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་དང་ཚན་རིག་སློབ་གསོས་རྫོང་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་དེས་དམངས་ཡོངས་ཀྱི་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་གོམ་སྟབས་བརྟན་པོར་བཏང་ཡོད། རྫོང་ཁོངས་ཀྱི་དམ་ཟབ་རང་བཞིན་གྱི་སྨན་བཅོས་གཅིག་འདུས་འཛུགས་སྐྲུན་དང་། “དྲ་སྦྲེལ་དང་སྨན་བཅོས་བདེ་ཐང་ཟུང་འབྲེལ”གྱི་རྒྱང་བསྟེན་དམངས་ཕན་ཞབས་ཞུའི་མ་ལག་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ཡོད། སྤྱི་པའི་ལས་ཞུགས་ཞབས་ཞུ་འབུར་དུ་བཏོད་དེ་དམ་འཛིན་བྱས་ནས་ཁྲལ་འཕྲི་དངུལ་གཅོག་དང་ལས་གནས་བརྟན་པོ་ཡོང་བར་བྱེད་པའི་ལས་ཞུགས་ཀྱི“མཉམ་སྡེབ”ཡག་པོ་བྱས་པས། ལས་ཞུགས་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་རྒན་གསོ་དང་མ་མཐའི་སྨན་བཅོས། ནད་ཆེན་འགན་བཅོལ་བཅས་དང་དེ་བཞིན་སྨན་བཅོས་རོགས་སྐྱོབ་ལམ་ལུགས་ཡོངས་སུ་ཁྱབ་པར་བྱས་ཡོད།

ན་ནིང་ནས་ད་བར་དུ། སྔ་རྗེས་སུ“རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་དཔེ་སྟོན་སྡེ་བ”དང“རྒྱལ་ཡོངས་ཀྱི་མཛེས་སྡུག་སྤྲོ་གསེང་གྲོང་གསེབ་ཀྱི་སྔོན་ཐོན་སྡེ་བ”སོགས་ཀྱི་མཚན་སྙན་ཐོབ་པའི་དཀོན་ལོ་གོང་མ་སྡེ་བས་སྐྱེ་ཁམས་དཔལ་ཡོན་དང་། མི་རིགས་མཐུན་སྒྲིལ་གྱི“གདོང་ལེན་པ་གསུམ”བརྩོན་ལེན་བྱས་ནས་གྲོང་གསེབ་ཡུལ་སྐོར་དང་གྲོང་གསེབ་བཅོས་སྐྱོང་། ཐུན་མོང་ཕྱུག་འགྱུར་གྱི་ལམ་དུ“ལམ་བུ་གསར་བ་གསུམ”བཏོད་པར་སྐུལ་འདེད་བྱས་ཏེ། རིག་གནས་ཡུལ་སྐོར་མཉམ་འདྲེས་དང་། མིའི་འཚོ་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། སྐྱེ་ཁམས་མཛེས་པ། དམངས་སྲོལ་ཉམས་ལེན་བཅས་ཀྱི་མཐོ་སྒང་གི་མཛེས་པའི་ཞིང་སྡེའི་རྣམ་པ་གསར་བ་ཧུར་ཐག་གིས་བསྐྲུན།

དམངས་ཚིས་བདེ་སྐྱིད་མཐོར་འདེགས་བྱུང་བ་དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་གནང་བ་ལས་བྱུང་བ་ཞིག་རེད། ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བར་བཅངས་པའི་རེ་བ་དང་བསྟུན་པ་དང་། རྒྱལ་ཡོངས་ཀྱི་གྲོང་གསེབ་འཛུགས་སྐྲུན་གདེང་འཇོག་མ་དཔེའི་རྫོང་འཛུགས་སྐྲུན་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་སྔར་ལས་དམངས་ལ་ཕན་པར་བྱེད་རྒྱུ་ཡིན།

“བརྒྱ་ལོ་གཉིས་པའི”འབད་འཐབ་དམིགས་འབེན་ལ་དམིགས་ནས་ནུས་ཤུགས་ཡོད་རྒུས་དེང་རབས་ཐོན་ལས་མ་ལག་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྲོད་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ལས་རིགས་སོ་སོའི་ཁྱབ་ཁོངས་སུ་མུ་མཐུད་དུ་བཅོས་སྒྱུར་ཟབ་སྤེལ་དང་། ཏང་སྲིད་འགོ་ཁྲིད་པས་གཅིག་གྱུར་སྒོས་གློད་སྡོམ་ཞབས་གསུམ་ལག་བསྟར་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་འཕེལ་བར་བྱས་ཡོད། རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སྔོན་སྐྱོད་ཁུལ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད་རིགས་སོ་སོའི་གཞི་ཁྱོན་ཅན་དང་ཚད་གཞི་ཅན། ཁོར་ཡུག་སྲུང་སྐྱོང་ཅན་བཅས་ཀྱི་གསོ་སྤེལ་རྟེན་གཞི་མུ་མཐུད་དུ་འཕར་སྣོན་བྱས་པ་དང་། རང་བྱུང་རྩྭ་སའི་ཐེག་ནུས་སྔར་ལས་ཆེ་རུ་བཏང་སྟེ། རྩྭ་ཕྱུགས་ཀྱི་འགལ་བ་ཆེས་ཆེར་ཞི་འཇགས་སུ་བཏང་ཡོད། དྭངས་གཙང་ནུས་ཁུངས་དེ་ཐོན་ལས་གཉིས་པའི་ཁྲོད་བཟུང་བའི་བསྡུར་ཚད་རིམ་བཞིན་རྒྱ་ཆེ་རུ་སོང་བ་དང་། འོད་ནུས་དང་རླུང་གློག་ཐོན་ལས་གཞི་ཁྱོན་ཅན་དུ་འཕེལ་རྒྱས་སུ་སོང་ཡོད། རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་མཐོ་སྒང་གི་ཁོར་ཡུག་ཏུ་མི་མེད་མཁའ་འགྲུལ་ཡོ་ཆས་ཀྱི་ཚོད་ལྟའི་རྟེན་གཞི་དང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཏེ་རྐང་ཚའི་མངའ་ཁོངས་སུ་རྒྱ་ཆེ་རུ་བཏང་ཡོད། འགུལ་ནུས་གསར་པ་དང་འཕར་སྣོན་ཁྱབ་ཁོངས་ཀྱི་ཐོན་ལས་གསར་པའི་གསོ་སྐྱོང་ལ་ཕན་འབྲས་ཐོན་ཡོད། སེམས་ཞིབ་མོས“ཉ་དང་འདབ་ཆགས། དགོ་བ”དང་། “རི་དང་མཚོ་མོ་ཆུ་མིག”“སྔོ་ལྗང་གི་རྩྭ་ཐང་།”“སྙན་ངག་གི་བརྩེ་སེམས”སོགས་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དར་སྤེལ་བཏང་སྟེ། “ཉ་དང་འདབ་ཆགས་ཀྱི་ཞིང་ཁམས་དང་། བོད་མཁར་རྐང་ཚའི”ཚོང་རྟགས་ཕན་འབྲས་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ཡོད།

དཔལ་འབྱོར་གྱི་འཕེལ་ཕྱོགས་ལེགས་པོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བ་ལས་བྱུང་བ་རེད། ང་ཚོས་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་པ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི“ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱེད་ས་དང་། རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་གྱི་དམིགས་ས”བསྐྲུན་པའི་འཕེལ་རིམ་ཁྲོད་གོ་སྐབས་སྔོན་ལ་བརྩོན་ལེན་བྱ་རྒྱུ་ཡིན།

ཕུགས་འདུན་གྲུབ་ན་བསྐལ་བརྒྱར་ཕན། ། བརྩེ་སེམས་ཆེན་མོས་མི་རབས་རྗེས་མར་ཕན། ། མ་འོངས་པའི་རྐང་ཚའི་རིགས་སོ་སོའི་བུ་དང་བུ་མོ་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱས་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཤིང་། མེས་རྒྱལ་གྱི་སྐམ་སའི་ཚྭ་མཚོའི་བྱང་འགྲམ་གྱི་ཡུལ་གྲུ་ཆེ་ཤོས་དང་མདོ་ལ་རི་བོའི་ལྷོ་ངོས་ཀྱི་སྐྱེ་ཁམས་ཁུལ་དུ་དུས་རབས་གསར་པའི་འབད་འཐབ་མཁན་གྱི་ལེའུ་གསར་པ་རྒྱུན་མི་ཆད་པར་བརྩམས་པ་དང“ཉ་དང་འདབ་ཆགས། དགོ་བའི་སྣང་བརྙན་རི་མོའི་གཟུགས་སུ་བཀོད་པ་དང་། བོད་མཁར་གྱི་བུ་དང་བུ་མོས་བདེ་སྐྱིད་ཀྱི་འཚོ་བ་རོལ་སའི”དགའ་ཚལ་སྟེང་འབད་བརྩོན་ཆེན་པོས་མི་དམངས་ཐུན་མོང་ཐོག་ཕྱུག་པོར་འགྱུར་བ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་རྐང་ཚ་གསར་པ་འཛུགས་སྐྲུན་བྱེད་ཆེད་འབད་འབུངས་ཡར་བརྩོན་བྱས་ཡོད།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།