མཚོ་སྔོན་གྱིས་ཚྭ་མཚོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་།
2022.07.12 ཁུངས། མཚོ་སྔོན་ཉིན་རེ་ཚགས་པར། ཀློག་གྲངས། 7

 ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ནས་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཇེ་མཐོར་གཏོང་དགོས།

སྔོ་ལྗང་གི་མཚེའུ་དང་དཀར་བོང་བོང་གི་ཐང་ཆེན་དུ།    ཡུག་གཅིག་ཏུ་སྦྲེལ་བའི་ཚྭ་ཞིང་དུ་རང་རྟེན་ཞིབ་བཟོ་བྱས་པའི་གྲུ་གཟིངས་དག་ཚྭ་སྔོག་འདོན་གྱི་ལས་ལ་བྲེལ་བཞིན་མཆིས། ཚྭ་ཞིང་དེ་མཚོ་སྔོན་ཚྭ་འདམ་གཤོངས་སའི་ཁུལ་དུ་གནས་ཡོད་ལ། དེ་ནི་རང་རྒྱལ་གྱི་ཚྭ་མཚོ་ཆེ་ཤོས་ཁྲར་ཧན་ཚྭ་མཚོའི་ཟུར་ཞིག་རེད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ5856ཟིན་པའི་ཁྲར་ཧན་ཚྭ་མཚོའི་གཏེར་ཁ་ཧ་ཅང་ཕུན་སུམ་ཚོགས་ཤིང་། ཅཱ་ཚྭ་དང་། མཱེ་ཚྭ། ལིས་ཚྭ་བཅས་གསོག་ཚད་ཆ་སྙོམས་བྱས་ན་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།

2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས་ཚྭ་མཚོའི་ཐོན་ཁུངས་ནི་མཚོ་སྔོན་གྱི་ཐོན་ཁུངས་ཆེ་ཤོས་དེ་ཡིན་ལ། རྒྱལ་ཡོངས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཤིག་ཀྱང་ཡིན་པས། ངེས་པར་དུ་ཐོན་ཁུངས་གསར་སྤེལ་བེད་སྤྱོད་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་ལ། འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་ནི་ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཆོད་ཇེ་མཐོར་གཏོང་བའི་དགོས་ངེས་ཀྱི་ལམ་བུ་ཞིག་ཡིན་པས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ། ས་ཁུལ་ནང་ཁུལ་གྱི་འབྲེལ་ཡོད་ཐོན་ལས་ཀྱི་བརྒྱུད་རིམ་དང་ལག་རྩལ། བཟོ་རྩལ་གསར་སྐྲུན་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། ཟད་གྲོན་ཆུང་བ་དང་བཙོག་འབུད་ཉུང་བ། ཕན་འབྲས་ཆེ་བ་བཅས་ཡོང་བར་བྱས་ཏེ། རྩ་ཆེའི་ཚྭ་མཚོའི་ཐོན་ཁུངས་འདིས་མི་དམངས་ལ་མུ་མཐུད་དུ་བདེ་སྐྱིད་བསྐྲུན་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།  2021ལོའི་ཟླ3པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་ངང་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་ཚྭ་མཚོའི་བཟོ་ལས་ཀྱིས་གསར་བསྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཁོར་རྒྱུག་དཔལ་འབྱོར་གྱི་དཔེ་དབྱིབས་འཚོལ་ཞིབ་བྱས་ཏེ། ཚྭ་རིགས་ཀྱི་ཐོན་རྫས་དེ་ཁིལ་འགྱུར་ཅཱ་རྐྱང་པ་ནས་སྣ་ཁ20ལྷག་བར་ཇེ་མང་དུ་བཏང་ཡོད། 2021ལོའི་ལོ་མཇུག་ཏུ། 《མཚོ་སྔོན་གྱིས་འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་པའི་བྱ་སྤྱོད་ཇུས་གཞི(2021ལོ་ནས2035ལོ་བར)》པར་འགྲེམས་བྱས་ནས།  མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་ཁྱབ་ཚུལ་ལེགས་སྒྲིག གསར་བསྐྲུན་ཟབ་གཏོང་བཅས་ལ་ཐབས་ལམ་གསལ་སྟོན་བྱས་ཡོད།

ཚྭ་ཆུ་ཐིགས་པ་གཅིག་གིས་ཐོན་ལས་དྲ་བ་ཞིག་སྐྱེད་སྲིང་བྱེད་བཞིན་ཡོད་པ་དང་། མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིར་མིག་སྔར་ཅཱ་ཚྭ་དང་ནཱ་ཚྭ། མའེ་ཚྭ། ལིས་ཚྭ། ཁིལ་བུལ་བཅས་ཐོན་ལས་ཁྱུ་ཚོགས5ཆགས་ཡོད་པ་རེད།

དཔྱིད་འདེབས་དུས་ཚིགས་སུ། ཅཱ་ལུད་ཁུག་མ་རེ་རེ་ནི་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཅཱ་ལུད་ཡན་ལག་ཀུང་སིའི་བཟོ་གྲྭ་ནས་མཚོ་བོད་ལྕགས་ལམ་བརྒྱུད་དེ་བསྐྱེལ་འདྲེན་བྱེད་བཞིན་ཡོད།  ང་ཚོས་འཐུས་སྒོ་ཚང་ལ་སྔོན་ཐོན་གྱི་ཐོན་སྐྱེད་བཟོ་རྩལ་གཅིག་སྡུད་མ་ལག་ཅིག་གསར་སྤེལ་བྱས་ནས་གྲུབ་ཡོད། ཅཱའི་ཐོན་ཁུངས་ཕྱོགས་བསྡུས་ཚུར་བསྡུ་བྱེད་ཚད་དེ2000ལོའི་སྔ་གཞུག་གི30%ནས་མིག་སྔའི75%བར་ཇེ་མཐོར་སོང་ཡོད་ཅེས་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་ཡོན་ཧུང་ཝུའེ་ཡིས་དེ་ལྟར་བཤད།

ཅཱ་བླངས་རྗེས་ཀྱི་ལྷག་མའི་ཚྭ་ཆུ་དེ་ཉེ་འགྲམ་གྱི་མཚོ་སྔོན་ཚྭ་མཚོའི་ལན་ཁི་ལིས་ལས་རིགས་མ་རྐང་ཚད་ཡོད་ཀུང་སིར་བསྐྱལ་བ་རེད། དེ་གར་རང་བརྟེན་ཞིབ་བཟོ་བྱས་པའི་འཇིབ་བྱེད་སྟེགས་བུ280ཡོད་པ་དེས་ཉིན་རེར་ཚྭ་ཆུ་རྙིང་བ་སྨི་རྒྱ་དཔངས་གྲུ་བཞི་མ་འབུམ་གཉིས་ཐག་གཅོད་བྱས་ཏེ། ལིས་ཞེས་པའི་ནུས་རྒྱུ་གསར་པའི་གློག་རྫས་རྒྱུ་ཆ་གལ་ཆེན་དེ་ལེན་བཞིན་ཡོད།

སྨི་རྒྱ་དཔངས་གྲུ་བཞི་མ་རེའི་ཚྭ་ཆུ་རྙིང་བའི་ནང་ལིས་རྒྱུ་འདུས་ཚད་ཁེ100ཙམ་ལས་མེད་པར་མ་ཟད།    ལིས་རྒྱུ་ཉུང་ཞིང་མཱེ་རྒྱུ་མང་བ་དང་མཱེ་རྒྱུའི་ནང་ནས་ལིས་རྒྱུ་ལེན་པར་དཀའ་ངལ་ཆེན་པོ་ཡོད།  ལན་ཁི་ལིས་རྒྱུ་ལས་རིགས་ཀྱི་སྤྱིའི་ལས་འཛིན་པ་གཞོན་པ་ཀྲང་ཁྲིན་ཧྲིན་གྱིས་མཚོ་སྔོན་གྱི་ཚྭ་མཚོའི་ཐོན་ལས་དེ་བེད་སྤྱོད་རྐྱང་པ་ནས་སྣ་མང་གསར་སྤེལ་ཕྱོགས་སུ་འཚོལ་ཞིབ་བྱེད་པའི་བརྒྱུད་རིམ་དེ་ལོ་བཅོ་ལྔ་བརྒྱུད་ཡོད། ཐོག་མར་ནང་འདྲེན་བྱས་པའི་ཕྱི་རྒྱལ་གྱི་ལག་རྩལ་སྤྱོད་ཐབས་བྲལ་བས་ལན་ཁི་ལིས་རྒྱུ་ལས་རིགས་སྐབས་ཤིག་རིང་མ་རྩ་རྡིབ་པའི་གནས་སུ་གྱར་ཞིང་། རྗེས་སུ་གསར་བསྐྲུན་བྱེད་ཕོད་པ་དང་རང་སྟོབས་རང་སྤེལ། ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་གཏོང་ཚད་རྒྱུན་མཐུད་ངང་ཇེ་མང་དུ་བཏང་བས། སྔ་རྗེས་སུ་ཆེད་ཁེ་སྣ་ཚོགས37ཐོབ་ནས་མཱེ་རྒྱུ་ནང་ནས་ལིས་རྒྱུ་ལེན་པའི་དཀའ་གནད་སེལ་ཡོད།

ཉེ་བའི་ལོ་ཤས་རིང་། ནུས་རྒྱུ་གསར་པའི་རླངས་འཁོར་ལས་རིགས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་ནས། ལིས་རྒྱུ་གློག་རྫས་ཀྱི་རྒྱུ་ཆའི་རིན་གོང་ཡང་དེ་བསྟུན་གྱིས་འཕར་བ་རེད།  དེའི་ཁྲོད་ནས་ཀྲང་ཁྲིན་ཧྲིན་ལ་ངེས་པར་དུ་འཐབ་ཇུས་ཐོན་ཁུངས་དང་འགག་རྩའི་ལག་རྩལ་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པའི་ངེས་ཤེས་ཟབ་མོ་བྱུང་བ་རེད།

ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ། མཚོ་སྔོན་གྱི་ཚྭ་མཚོའི་ལས་རིགས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་བཞིན་ཡོད། ལིས་རྒྱུ་བླངས་ཟིན་པའི་ཚྭ་ཆུ་དེ་ལན་ཁི་ལིས་རྒྱུ་ལས་རིགས་ནས་ཡང་བསྐྱར་ཁྲར་ཧན་སྔོག་འདོན་ཁུལ་དུ་བསྐྱལ་ནས། ས་མཐོའི་ཉི་འོད་ཀྱི་རོགས་རམ་འོག ཚྭ་ཆུ་གསར་པར་ཆགས་ཤིང་།  བཤེར་ཆུ་སྲ་འགྱུར་བྱེད་སྐབས་ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།

རྒྱ་ཁྱོན་ལ་མུའུ200ལྷག་ཟིན་པའི་མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་སིའི་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་ཚོད་ལྟའི་རྟེན་གཞི་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོར་བེད་སྤྱོད་གཏོང་རྩིས་ཡོད། ཀྲུང་གོ་ཚན་རིག་ཁང་མཚོ་སྔོན་ཚྭ་མཚོའི་ཞིབ་འཇུག་སུའོ་སོགས་ཚན་ཞིབ་ལས་ཁུངས4དང་མཉམ་ལས་བྱས་པ་བརྒྱུད། ད་ལོར་ཚྭ་བཞུ་གློག་འདོན་དང་རྒྱུ་ཆ་དཀོན་རིགས་ལེན་པ་སོགས་ཀྱི་རྣམ་གྲངས12ལས་མགོ་རྩོམ་ཐུབ།  གསར་འགོད་པས་ཀྲུང་གོའི་ཚོད་ལྟའི་རྟེན་གཞིའི་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་ཞུས་ཧྲིན་ལ་འགྲན་ཟླ་གསོ་སྐྱོང་བྱེད་པར་མི་སྐྲག་གམ་ཞེས་འདྲི་སྐབས།  ཁོས་དགོད་ཞོར་དུ་ཚྭ་མཚོའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ཚེ་མཉམ་ལས་གྲོགས་པོ་དག་ལ་ཕན་ཁེ་ཆེན་པོ་ཐོབ་ངེས་ཡིན་ཞེས་དེ་ལྟར་བཤད།

ཡིག་སྒྱུར་བ།སྒྲོལ་མ་སྐྱིད།