ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་མང་ར་ཡུལ་ཚོའི་རབ་རྒན་སྡེ་བས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་དགེ་མཚན་དང་རྩ་འཛུགས་ཀྱི་ནུས་པ། སྣེ་འཁྲིད་ཀྱི་ནུས་པ་བཅས་འདོན་སྤེལ་བྱེད་པར་མཐོང་ཆེན་དང་། གྲོང་གསེབ་དར་སྤེལ་གཙོ་གནད་དུ་བཟུང་སྟེ། སྡེ་བའི་དོན་དངོས་ལྟར་འགོ་ཁྲིད་ཀྱི་དཔུང་སྡེ་འཛུགས་སྐྲུན་དང་། ལས་བྱེད་པ་སྐྱེད་སྲིང་། སློབ་གསོ་དང་དམངས་ཚིས་དཀའ་ཁག་ཐག་གཅོད། ཡ་རབས་ཡུལ་སྲོལ་དར་སྤེལ། སྲོལ་བཟང་རྒྱུན་འཁྱོངས། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་བྱ་བ་ལེགས་པོར་བསྒྲུབས་ནས། ཏང་འཛུགས་སྐྲུན་དང་འཕེལ་རྒྱས་ མཉམ་འདུས་མཉམ་འདྲེས་མཉམ་འཕེལ་གྱི་རབ་རྒན་གྱི་བྱེད་སྟངས་ཤིག་གྲུབ་པར་མ་ཟད། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་དང་། འཇོན་མི། ཐོན་ཁུངས་སོགས་ཀྱི་སྟོབས་ཤུགས་དང་ནུས་པ་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་སུ་བསྒྱུར་བར་སྐུལ་འདེད་བཏང་།
ཕྱུག་འགྱུར་ལམ་དུ་བསྐྱོད་པའི་ཡུལ་མི་རྣམས་ཀྱིས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ལས་ལ་བྲེལ།
རབ་རྒན་སྡེ་བ་ནི་ཀོས་ནན་རྫོང་གི་ཤར་ཕྱོགས་ཀྱི་ལེ་དབར10ཡི་མཚམས་སུ་ཡོད་ཅིང་། ཆ་སྙོམས་མཚོ་འཕང་ལ་སྨི3100ཡོད། རྨོ་ཞིང་སྤྱི་ཆིང་ལྔ་བརྒྱ་ལྷག་དང་། རྩྭ་ས་སྤྱི་ཆིང་སྟོང་བཞི་ལྷག་ཡོད། ཞིང་ཕྱུགས་ལས་གཉེར་བའི་སྡེ་བ་ཞིག་ཡིན་པ་དང་། ཞིང་ལས་ཐད་ནས་དང་། གྲོ། ལོག་དཀར། སྲན་མ། ཞོག་ཁོག་བཅས་འདེབས་པ་དང་། ཕྱུགས་ལས་ཐད་ནོར་ལུག་གསོ་སྤེལ་བྱེད་ཀྱིན་ཡོད་ལ། ཕྱུགས་ཟོག་ཁྲི་གཅིག་དང་སྟོང་གཉིས་ཡོད། ད་ལྟ་སྡེ་བ་འདིར་ཐུན་མོང་མ་རྐང་དཔལ་འབྱོར་མཉམ་ལས་ཁང་གཅིག་དང་། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གཉིས། ཁྱིམ་ཚང་གི་ཞིང་ཕྱུགས་ར་བཞི། འདེབས་འཛུགས་གཉེར་མཁན་ཁྱིམ་ཚང་བཅོ་ལྔ་བཅས་ཡོད།
1986ལོ་ནས་བཟུང་། རབ་རྒན་སྡེ་བས་སྔ་གཞུག་ཏུ་གནས་སྤོ་ཐེངས་གསུམ་བྱས་མྱོང་བས། སྡེ་བའི་འཕེལ་རྒྱས་ཀྱི་རྨང་གཞི་ཧ་ཅང་ཞན། ཡིན་ན་ཡང་ལོ་དུ་མའི་གནས་སྤོའི་བརྒྱུད་རིམ་ཁྲོད། རབ་རྒན་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་འགོ་ཁྲིད་ལས་བྱེད་པས་སྡེ་མི་ཡོངས་ཀྱི་སྣེ་འཁྲིད་དེ་སྤོབས་པ་ཆེན་པོས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གདུགས་དཀར་ཚེ་རིང་གིས་བཤད་རྒྱུར། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་གཏོང་བའི་གོ་རིམ་ཁྲོད། སྡེ་མིའི་སེམས་འདུན་ལ་བརྩི་འཇོག་གང་ལེགས་བྱས་ཐོག སྡེ་བའི་དོན་དངོས་དང་འབྲེལ་ནས་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐབས་ལམ་བཟང་བོ་རྙེད་པས། ཚད་ངེས་ཅན་ཞིག་གི་སྟེང་ནས་འཕེལ་རྒྱས་གཏོང་བའི་ཁྲོད་ཉེན་ཁ་མང་པོ་བརྒྱུད་མ་དགོས་པར་ཐོད་བརྒལ་དང་གསར་སྐྲུན་ལ་སྙེག་ཐུབ་པ་བྱུང་ཡོད་ཟེར།
སྡེ་བ་ཧྲིལ་བོར་འདྲུད་འཐེན་འཁོར་ལོ་གཅིག་ཀྱང་མེད་པ་ནས་ཁྱིམ་ཚང་རེར་ཞིང་ལས་འཕྲུལ་འཁོར་ཆ་ཚང་ཡོད་པ་དང་། ཁང་པ་ཉིས་ཐོག་ཅན་གྱི་ཁྱིམ་ཚང་ཡང་གང་སར་མཐོང་ཐུབ་པའི་བར་དུ། རབ་རྒན་སྡེ་བར་གནམ་ས་བརྗེ་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། ནང་སྒོས་སུ་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ནུས་ཤུགས་ཡོད་རྒུས་གཉེར་སྐྱོང་དང་སྡེ་མི་ཡོངས་ཀྱི་རྒྱབ་སྐྱོར་ཆེན་པོའི་འོག ཐུན་མོང་དཔལ་འབྱོར་དེ་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་ཆེན་པོ་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་ཐོད་བརྒལ་བྱུང་ཡོད། 2021ལོར། སྡེ་བ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་སྟོང་གཅིག་དྲུག་བརྒྱར་བསླེབས་ཡོད།
རབ་རྒན་སྡེ་བ་དེ་སྲོལ་རྒྱུན་ཞིང་ལས་ནས་རིམ་བཞིན་འདེབས་འཛུགས་དང་ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་བྱུང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཡང་མུ་མཐུད་དུ་ཇེ་མཐོར་སོང་། སྡེ་མི་ལ་ལ་ཞིག་སི་ཁྲོན་དང་དཀར་མཛེས། བོད་ལྗོངས་སོགས་སུ་ས་ཞིང་གླས་འདེབས་སོགས་ཞིང་ལས་ཐོན་སྐྱེད་ཀྱི་ལས་ཀ་གཉེར་ཀྱི་ཡོད་པས། སྡེ་བ་ཡོངས་ཀྱི་ཐོན་ལས་དར་སྤེལ་ལ་སྣེ་འཁྲིད་དང་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད།
འཇོན་མི་འདེམས་བསྐོ་བྱས་ནས་སྲོལ་བཟང་རྒྱུན་མཐུད་དར་སྤེལ་བྱས།
ཞིང་སྡེ་ནི་ཞིང་ལས་སྤྱི་ཚོགས་ཀྱི་ལྟེ་བར་གྱུར་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན། མང་ཚོགས་ཀྱི་སྣེ་འཁྲིད་མཁན་ཞིག་ཡིན་ན། དུས་ཡུན་རིང་བོར་མང་ཚོགས་ཀྱི་ལས་དོན་ཁྲོད་སྡེ་མིས་ཡིད་རྟོན་བྱེད་ཆོག་པའི་འབྲེལ་བ་འཛིན་དགོས་པ་དང་། དཔུང་སྡེ་གསར་རྙིང་གི་སྐབས་བརྗེ་བྱ་བར་ཡང་ཕན་ཚུན་བར་ཕོག་ཐུག་མེད་པའི་འབྲེལ་བ་ལེགས་པོ་འཛུགས་དགོས། ལས་གང་ཞིག་བསྒྲུབ་ན་ཡང་མུ་རྒྱུན་ཆད་ཚེ། སྡེ་བ་ཡོངས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ངན་པ་འདྲ་མིན་ཐེབས་སྲིད་པས། བྱང་ཚད་མཐོ་བའི་སྡེ་བའི་ལས་བྱེད་པའི་དཔུང་སྡེ་ནི་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་གཙོ་བོ་ཡིན་པ་རེད།
ལོ་རེར་སྐབས་བརྗེའི་འདེམས་བསྐོ་བྱེད་སྐབས། རབ་རྒན་སྡེ་བའི་སྡེ་མི་ཚང་མ་འཇོན་མིའི་འདེམས་བསྐོའི་ཁྲོད་ཞུགས་ཀྱི་ཡོད་ལ། ཨུ་ཡོན་ལྷན་ཁང་གཉིས་ཀྱི་དཔུང་སྡེའི་ཁྲོད་བློ་མཐུན་རྒན་པས་སྔ་རྒྱུན་ཕྱི་འཛིན་གྱི་འོས་འགན་ལེགས་པོར་བསྒྲུབས་ནས། དཔུང་སྡེ་གསར་པ་བཙུགས་མ་ཐག་ལས་འགན་སྤྲད་དེ། མྱུར་དུ་ལག་བསྟར་བྱེད་པ་བཅས་གོ་རིམ་ ལྡན་པའི་ལས་དོན་རྒྱུན་འཁྱོངས་བྱས་ནས། སྡེ་བའི་འཕེལ་རྒྱས་ལ་ནུས་པ་གལ་ཆེན་ཐོན་པར་བྱས།
ལྟ་ཞིབ་ཀྱི་ཁྲོད་ནས་རབ་རྒན་སྡེ་བའི་དཔུང་སྡེ་རྙིང་བའི་ཁོངས་མི་ཚང་མར་བྱས་རྗེས་འཇོག་ཕོད་པའི་སྙིང་སྟོབས་ངེས་ཅན་ལྡན་པས། ཐུན་མོང་གི་ལས་དོན་སྣེ་འཁྲིད་དེ་སྒྲུབ་པ་དང་། མང་ཚོགས་ཀྱི་དོན་དག་སེམས་ཞིབ་མོས་སྒྲུབ་པའི་རྣམ་པ་བཟང་བོ་ཆགས། ཁོ་ཚོས་མི་དམངས་ལ་ཞབས་འདེགས་ཞུ་བའི་བསམ་བློ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། རང་འགན་སྤྲད་ཚར་ཡང་སྔར་བཞིན་སེམས་ཤུགས་བཏོན་ནས་དཔུང་སྡེ་གསར་པར་རྒྱབ་སྐྱོར་ཆེན་པོ་བྱས་པར་མ་ཟད། རང་རྟོགས་སྒོས་ཐབས་འདོན་ཇུས་འབུལ་བྱས་ནས་སྡེ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཆུང་ལ་བྱམས་ཤིང་རྒན་ལ་གུས་པའི་སྡེ་བའི་སྲོལ་བཟང་ཀུན་གྱིས་སྲུང་།
རང་ཁྱིམ་དོར་ནས་ས་གཞན་དུ་ཞོར་ལས་ལ་བསྐྱོད་པའི་ན་གཞོན་ཇེ་མང་དུ་འགྲོ་བཞིན་པ་དེར་དམིགས་ནས། ར་རྒན་སྡེ་བའི་ཏང་ཀྲི་པུའུ་ཡིས་རང་རྟོགས་སྒོས2011ལོར་སྡེ་བའི་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་པ་འགའ་བེད་སྤྱད་དེ་སྡེ་བ་ཡོངས་ཀྱི་ལོ་ལོན་80ལ་བགྲེས་པོའི་མཐུན་ཚོགས་བཙུགས་ཤིང་། ཉིན་གོང་ངལ་གསོ་བྱེད་ས་དང་། མིག་མངས་རྩེད་ས། འཕུར་མཉེད་གསོ་བཅོས་བྱེད་ས་སོགས་ཀྱི་སྒྲིག་ཆས་བསྒྲིགས་པར་མ་ཟད། སྡེ་བའི་ནང་གི་ཆ་རྐྱེན་ཡོད་པའི་མང་ཚོགས་ཀྱིས་མ་དངུལ་བཏང་ནས་ཁོ་ཚོའི་བཟའ་ བཏུང་ཡང་ཐག་བཅད་པས། བགྲེས་སོང་མཐུན་ཚོགས་ཀྱི་ལོ་ལོན་རྣམས་ཕན་ཚུན་མཐུན་ཞིང་རོགས་རེས་ལ་གོམས་པ་དང་། རྩེད་དགའི་སྤྲོ་གླེང་གི་ངང་ནས་སྐྱིད་ཅིང་བདེ་བར་གནས་ཡོད།
གདུགས་དཀར་ཚེ་རིང་གིས་བཤད་རྒྱུར། མང་ཚོགས་ཀྱི་དོ་སྣང་བྱེད་ས་དམིགས་སུ་བཟུང་ནས་དམངས་ཚིས་ལ་ཕན་པའི་དོན་དངོས་སྒྲུབ་ཏེ། མྱུར་དུ་ཐག་གཅོད་དགོས་པའི་གནད་དོན་དང་སེལ་དགོས་པའི་དཀའ་གནད་ཐག་བཅད་ནས། ཨུ་ཡོན་ལྷན་ཁང་གཉིས་ཀྱི་དཔུང་སྡེའི་ཁ་ཏན་ཚིག་གནས་ཀྱི་ནུས་པ་གལ་ཆེན་བཏོན་པ་དང་། ཨུ་ཡོན་ལྷན་ཁང་གཉིས་ཀྱི་དཔུང་སྡེས་སྡེ་བའི་སྲོལ་བཟང་དེ་ལས་སྐྲུན་ལས་སྒྲུབ་ཀྱི་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་པར་མ་ཟད། ཞིང་གྲོང་བཟང་ཕྱོགས་སུ་བསྒྱུར་བའི་རྨང་རྡོ་ལྟ་བུར་བརྩི་བ་ཡིན་ཟེར།
སློབ་གསོ་དར་སྤེལ་གཙིགས་སུ་བཟུང་། མ་དངུལ་བསྡུས་ནས་འཇོན་མི་བསྐྱངས།
གདུགས་དཀར་ཚེ་རིང་གིས་བཤད་རྒྱུར། ལོ་དུ་མའི་འཕེལ་རྒྱས་ཁྲོད། རབ་རྒན་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་དབུལ་པོའི་རྒྱུན་གཅོད་དགོས་ན། ངེས་པར་དུ་སློབ་གསོ་དར་སྤེལ་བཏང་ནས་འཇོན་མི་སྐྱེད་སྲིང་བྱེད་དགོས་པར་ངོས་ཟིན་ཟབ་མོ་ཐོབ་ཟེར།
2009ལོ་ནས་བཟུང་། རབ་རྒན་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་འཁྲིད་དེ། ཏང་ཡོན་དང་མང་ཚོགས། སྤྱི་ཚོགས་བཅས་ཕྱོགས་མང་པོ་ནས་མ་དངུལ་བསྡུ་རུབ་བྱས་ནས། སློབ་གསོའི་རོགས་དངུལ་མཐུན་ཚོགས་བཙུགས་པ་དང་། སྡེ་བ་ཡོངས་ཀྱི་སློབ་ཞུགས་དཀའ་གནད་ཐག་གཅོད་བྱེད་པར་ཤུགས་སྣོན་བྱས། ཉེ་བའི་ལོ14ཡི་རིང་ལ། མཐུན་ཚོགས་ཀྱིས་སློབ་མ634ལ་མ་དངུལ་ཀྱི་རོགས་སྐྱོར་བྱས་ཤིང་། རོགས་སྐྱོར་མ་དངུལ་སྒོར་འབུམ་བརྒྱད་ལྷག་ཏུ་བསླེབས། རོགས་སྐྱོར་མ་དངུལ་དེ་ཐོག་དང་པོར་མི་རེར་སྒོར100ཡིན་པ་དང་། ད་ལྟ་སྒོར3600ལ་བསླེབས་ཡོད། སློབ་མ100ལྷག་སློབ་ཆེན་ནས་མཐར་ཕྱིན་པ་དང་། མཐར་ཕྱིན་སློབ་མ40ལྷག་ལས་རྐང་དུ་ཞུགས་ཡོད།
ལོ་ངོ་བཅུའི་རིང་ལ། སློབ་གསོའི་མ་དངུལ་རོགས་སྐྱོར་མཐུན་ཚོགས་ཀྱི་མ་དངུལ་ཚང་མ་ སློབ་མའི་སློབ་ཞུགས་ཐད་བཀོལ་ཡོད། རབ་རྒན་སྡེ་བའི་སྡེ་མི་རྣམས་ཀྱིས་རིམ་བཞིན་འཁོར་རྒྱུན་ལེགས་པོའི་ཕན་ཚུན་རོགས་རེས་ཀྱི་ལམ་ལུགས་བཙུགས་རྗེས། སྡེ་བའི་འཕེལ་རྒྱས་ལ་ད་གཟོད་མ་རྩ་གཅིག་ལས་ཕན་ཁེ་ཁྲི་འབྱུང་གི་ཉམས་དགའ་བའི་ཕན་འབྲས་བྱུང་བ་ཚོར་ཡོད། 2013ལོ་ནས་བཟུང་། རོགས་དངུལ་ཐོབ་མྱོང་བའི་སློབ་མས་སློབ་གསོའི་རོགས་དངུལ་མཐུན་ཚོགས་ལ་མ་དངུལ་གྱི་རོགས་སྐྱོབ་བྱས་པས། རབ་རྒན་སྡེ་བའི་སློབ་གསོའི་རོགས་དངུལ་མཐུན་ཚོགས་ཀྱིས་དུས་ཐུང་གི“ཁྲག་འདོན”ནུས་པ་ཐོན་པར་མ་ཟད། ཡུན་རིང་གི“ཁྲག་བཟོའི”བྱེད་ནུས་ཡང་ཐོན་ཡོད། འདི་ལྟ་བུའི་ཕན་ཚུན་སྐུལ་འདེད་དང་མཉམ་སྐྲུན་གྱི་ལམ་ནས་བཙུགས་པའི་སྡེ་མིའི་རོགས་རེས་རྣམ་པ་ནི་སྡེ་མི་ཡོངས་ཀྱི་བློ་སྟོབས་གཅིག་ཏུ་བསྡུས་ནས་གྲུབ་པ་ཞིག་རེད།
ཉེ་བའི་ལོ་འགའི་རིང་ལ། རབ་རྒན་སྡེ་བས་སློབ་གསོར་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་ བསྐྲུན་པའི་དངོས་དཔེ་ལོ་རེར་ཇེ་མང་ནས་ཇེ་མང་ཡིན་ལ། སློབ་ཆེན་སློབ་མ་མང་པོ་ཞིག་སློབ་མཐར་ཕྱིན་རྗེས་རང་བདག་ལས་བསྐྲུན་གྱི་ལམ་བུར་སྙེག་ཏེ། མིང་གྲགས་ཅུང་ཆེ་བའི་སྤྱི་ཚོགས་ཁེ་ལས་སྐོར་ཞིག་གཉེར་བ་དང་ཆབས་ཅིག ཕྱུག་འགྱུར་སྣེ་འཁྲིད་ཀྱི་དཔུང་སྡེར་སྟོབས་ཤུགས་བསྩལ་ཡོད།
ཡིག་སྒྱུར། སྒྲོལ་མ་སྐྱིད།