གངས་འདབས་ཀྱི་རིག་བཟང་བོད་མོ།
2022.07.13 ཁུངས། ཀློག་གྲངས། 39

—-ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་འཐུས་མི་རྣམ་རྒྱལ་སྒྲོལ་མའི་གནས་ཚུལ་བསྡུས་བཀོད།

མི་སུ་ལ་མཚོན་ནའང་།གཞོན་ནུ་ལོ་ཆུང་གི་དུས་སུ། ཕ་ཡུལ་ནི་ནམ་ཡང་རང་ཉིད་ཀྱི་རྡོག་པས་གཞལ་ནས་ཕ་མཐར་བརྒལ་དགོས་པའི་རབ་ཁ་ལྟ་བུ་ཞིག་ལ་ངོས་བཟུང་མྱོང་པ་ཇི་བཞིན། རྣམ་རྒྱལ་སྒྲོལ་མས་ཀྱང་དཔེ་ཁུག་ཆུང་ཆུང་རྒྱབ་དུ་ཁུར་ནས་ཉི་མ་རེ་རེར་སློབ་ཆུང་གི་སྒོ་ཐེམས་འགྲིམས་འགོ་བརྩམས་པ་ནས་བཟུང་། ཤེས་བྱ་སྣ་ཚོགས་ལ་སློབ་སྦྱོང་བྱས་ཏེ། མ་འོངས་པར་ཡངས་པའི་རྒྱལ་ཁམས་འགྲིམས་ཤིང་། མི་ཚེའི་རིན་ཐང་འཚོལ་དགོས་བསམ་པའི་ཀུན་སློང་ཞིག་བྱིས་བློའི་མཛེས་སྡུག་གི་ནང་སེམས་སུ་དུས་རྟག་ཏུ་ཉར། དེ་དུས་ཁོ་མོ་སློབ་ཆུང་གི་སློབ་མ་ཞིག་ཡིན་ལ། ཁོ་མོའི་ཨ་ཕ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་གི་ཡུལ་ཚོའི་ལས་བྱེད་པ་ཞིག་ཡིན་པ་དང་། ཁོས་དུས་རྒྱུན་དུ་སྲིད་གཞུང་གི་བྱ་བ་དང་མང་ཚོགས་ཀྱི་དོན་དག་སྣ་ཚོགས་སྒྲུབ་ཀྱིན་ཡོད་པ་མ་ཟད། སྐབས་རེར་མང་ཚོགས་ཀྱི་བདེ་སྡུག་གི་དོན་དུ་སེམས་ཁྲལ་བླ་ལྷག་བྱེད་ཀྱིན་ཡོད་པས། རང་གི་ཨ་ཕའི་བྱ་བྱེད་དེས་ཁོ་མོ་ལ་བག་ཆགས་ཟབ་མོ་བཞག་མྱོང་།

 བྱིས་དུས་ཀྱི་རྣམ་རྒྱལ་སྒྲོལ་མ།

བྱིས་དུས་ཀྱི་སློབ་གསོ་ལ་ཕ་མའི་སྤྱོད་ལམ་གྱི་བག་ཆགས་ཀྱིས་ཀྱང་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད་པ་འདྲ་སྟེ།བར་སྐབས་ཤིག་ནས་བཟུང་། རྣམ་རྒྱལ་སྒྲོལ་མས་རང་གི་ཨ་ཕས་མང་ཚོགས་ཀྱི་དོན་དུ་བྱ་བ་བསྒྲུབས་ཤིང་། མང་ཚོགས་རྣམས་ཀྱིས་ཁོ་ལ་བཀའ་དྲིན་ཞུ་བཞིན་པ་སོགས་ཀྱི་སྣང་ཚུལ་མཐོང་ཐེངས་རེ་རེར། རང་གི་ཨ་ཕ་ནི་སྤྱི་ཚོགས་སྟེང་མི་གཞན་ལ་གོ་ཆོད་ཅིང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་བུ་རླབས་ཆེན་ཞིག་རེད་བསམ་བྱུང་ལ། དུས་དེ་ནས་བཟུང་། ཁོ་མོས་མ་འོངས་པར་རང་ཉིད་ཀྱང་ཨ་ཕ་ལྟ་བུའི་གཞན་ཕན་གྱི་ལས་ལ་གཞོལ་པའི་མི་ཡ་རབས་ཤིག་ཆགས་པར་འབད་བརྩོན་བྱ་རྒྱུའི་ཆོད་སེམས་བཅངས། ཁོ་མོས་ཐོག་མའི་སེམས་འདུན་དེ་མ་བརྗེད་པར་མི་ལོ་སུམ་བཅུ་འདས་སོང་། མི་ལོ་སུམ་བཅུ་འདས་པའི་དེ་རིང་། ཁོ་མོ་ནི་དངོས་སུ་རང་གི་ཨ་ཕ་ནང་བཞིན་ཡུལ་ཚོ་ཞིག་གི་ལས་དོན་སྒྲུབ་པའི་ཏང་ཨུའི་ཧྲུའུ་ཅི་རུ་གྱུར་འདུག་ལ། ཁོ་མོས་མང་ཚོགས་དང་ཆེས་ཐག་ཉེ་ས་ནས། དམངས་དོན་གྱི་ལས་ཀའི་ཆེད་དུ་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་ཧུར་ཐག་འབད་འབུངས་བྱས་པས། གོང་རིམ་རྩ་འཛུགས་དང་གཞི་རིམ་མང་ཚོགས་ཀྱིས་ཡ་རབས་ལས་བཀུར་ཅན་གྱི་བུད་མེད་མཛངས་མ་ཞིག་ཡིན་ཚུལ་གྱི་བསྟོད་པའི་མཐེ་བོང་བར་མེད་དུ་བསྒྲེངས་ཀྱིན་འདུག་ལ། ལྷག་པར་ད་ལོ་ཞིང་ཆེན་ཏང་གི་འཐུས་མི་རུ་བདམས་ཐོན་བྱུང་པས། ས་གནས་མང་ཚོགས་རྣམས་ཀྱིས་ཀྱང་དགའ་མགུའི་རྣམ་འགྱུར་སྣ་ཚོགས་སྟོན་བཞིན་འདུག   སྡེར་ནང་ཡུལ་ཚོའི་སྡེ་མི་འབྲུག་ཚང་གིས་བཤད་རྒྱུར།

 ཨ་ཁུ་འབྲུག་ཚང་གིས་བཤད་པ་ནང་བཞིན། རྣམ་རྒྱལ་སྒྲོལ་མ་ནི་མང་ཚོགས་ཀྱི་ཁྲོད་ནས་ཡོང་ཞིང་། ཕྱིར་མང་ཚོགས་ཀྱི་ཁྲོད་དུ་སོང་ནས་བྱ་བ་སྒྲུབ་མཁན་གྱི་བུད་མེད་ལྷག་བསམ་ཅན་ཞིག་སྟེ། ཁོ་མོས་ཆུང་ཆུང་བྱིས་པའི་དུས་སུ་རྨི་ལམ་ལ་ཉར་བའི་ཡངས་པའི་རྒྱལ་ཁམས་ཀྱི་ལྟད་མོ་དོར་ནས། རང་གི་ཕ་ས་ཕ་ཡུལ་གྱི་རི་སྡེ་ཆུང་ཆུང་འདི་འཛུགས་སྐྲུན་བྱེད་པའི་ཆེད་དུ་བྱས་རྗེས་འཇོག་པའི་བྱ་བ་ལྷུར་བླངས་ནས། ད་ལྟ། ཉིན་ལ་མཚན་མཐུད་ཅིང་། ལོ་ཐོག་ཟླ་བཞག་གིས་རུ་སྡེ་ཆུང་ཆུང་འདིའི་སྐྱིད་སྡུག་ལ་སེམས་ཁུར་དང་རྒྱབ་སྐྱོར། ཞབས་ཞུ་སོགས་སྒྲུབ་ཀྱིན་འདུག  ཉེ་ལམ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་གྲོལ་མ་ཐག་ཡིན་པས། ཁོ་མོ་དར་ལག་རྫོང་གི་ལས་ཁུངས་སོ་སོ་དང་ཡུལ་ཚོ་སོ་སོ་རུ་སོང་ནས། སྒྲོག་འགྲེལ་གྱི་བྱ་བ་སྒྲུབ་ནས་བྲེལ་འཚུབ་ཤིན་ཏུ་ཆེ། འདན་མ་སྡེ་ཁུལ་གྱི་སྡེ་སྡོད་ལས་བྱེད་མི་སྣ་དུང་དཀར་དཔལ་ལྡན་གྱིས་བཤད་རྒྱུར།

རྣམ་རྒྱལ་སྒྲོལ་མ་ནི་སྐྱེ་གཟུགས་རིང་ཞིང་ངོ་གདོང་ཕྲ་ལ།ལས་ཀ་ལ་ཅུང་གཟབ་ནན་ཆེ་བའི་བུད་མེད་ཅིག་རེད། ཁོ་མོའི་ལས་གྲོགས་ཀུན་གྱིས་མོ་ནི་གཤིས་ཀ་འཇམ་ཞིང་རྒྱུད་ལ་སྙིང་རྗེས་གཏམས་པའི་བུད་མེད་ཅིག་ཡིན་ཟེར་པ་བདེན་པར་སྣང་སྟེ། ཁོ་མོས་དུས་རྒྱུན་ཡུལ་ཚོ་སྲིད་གཞུང་གི་བྱ་བ་སྒྲུབ་དུས། མང་ཚོགས་རྣམས་ཀྱི་དཀའ་ངལ་ལ་དོ་སྣང་ཆེན་པོ་བྱེད་ཅིང་། རྒྱུན་དུ་ཁྱིམ་ཚང་ཉམ་ཆུང་དག་ལ་རོགས་རམ་བྱེད་རྒྱུར་ཤིན་ཏུ་དགའ། མོས་གསར་འགོད་པར་བཤད་རྒྱུར།“དུས་རྒྱུན་མི་བུ་གཉོམ་ཆུང་དང་ཁྱིམ་ཚང་དཀའ་ཁག་ཅན་མིག་གིས་མཐོང་ཚེ། ངས་སེམས་ཀྱིས་བཟོད་ཐབས་མི་འདུག གལ་ཏེ་རང་ཉིད་དེ་ལྟ་བུ་ཞིག་ཡིན་ཚེ་ཇི་འདྲ་ཞིག་ཡིན་ནམ་སྙམ་ཚེ། རང་གི་ནུས་ཚོད་ཀྱིས་རོགས་རམ་རེ་མ་བྱས་ཚེ་སེམས་ཀྱིས་མི་བསྲོན”ཟེར། དངོས་གནས་ཁོ་མོའི་བདག་གཞན་མཉམ་བརྗེ་ཡི་བསམ་བློ་དེའི་དབང་གིས། ཁོ་མོ་ལ་ས་གནས་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་དགའ་བསུ་ཆེན་པོ་ཐོབ་པ་དང། ཁོ་མོའི་གཞན་ཕན་ལྷག་བསམ་གྱི་བློས་གཏོང་དེའི་དབང་གིས། ས་གནས་དེའི་མང་ཚོགས་རྣམས་ཀྱིས་ཏང་གི་སྲིད་ཇུས་ཀྱི་དྲོད་ཁོལ་སེམས་ཀྱིས་ཚོར་ཐུབ་སོང་པ་མ་ཡིན་ནམ།ཁོ་མོས་མུ་མཐུད་དུ་བཤད་རྒྱུར།

  བོད་པའི་ཁ་དཔེ་ཞིག་ལ། ཕ་དམ་པའི་རུས་པ་གསེར་གྱིས་ཤན་མི་ཐུབ་རུང་། སྐྲ་དཀར་པོ་སྐྱི་བསེར་རླུང་ལ་སྐུར་མི་རུང་ཞེས་པའི་བཤད་སྲོལ་ཞིག་ཡོད། ད་ལྟ་རྣམ་རྒྱལ་སྒྲོལ་མ་དར་ལག་རྫོང་སྡེར་ནང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་ལ་བསྡད་ཡོད་པ་མ་ཟད། ཞིང་ཆེན་ཏང་གི་འཐུས་མི་ལའང་བདམས་ཐོན་བྱུང་ནས། ཁོ་མོས་རང་གི་ནུས་ཚོད་ཀྱིས་ཕ་ས་ཕ་ཡུལ་གྱི་རུ་སྡེ་ཆུང་ཆུང་དེ་ལ་ཞབས་ཞུ་བསྒྲུབས་དང་སྒྲུབ་མུས་སུ་མཆིས། ཁོ་མོས་གསར་འགོད་པར་བཤད་རྒྱུར།“ཡུལ་ཚོ་རུ་བྱ་བ་སྒྲུབ་ན། རིག་གནས་ལས་ཀྱང་ཆེས་གལ་ཆེ་བ་ནི་ཉམས་མྱོང་རེད། ངས་རང་གི་ལས་ཀའི་གོ་རིམ་ཁྲོད་ནས་ཉམས་མྱོང་མང་པོ་གསོག་འཇོག་བྱེད་ཀྱིན་ཡོད་ལ། རྒན་རབས་པའི་ངག་ནས་ཉམས་མྱོང་གསེར་གྱི་ཐིགས་པ་བླངས་ནས་རང་གི་ལག་ལེན་དངོས་ཀྱི་སྟེང་ལ་སྦྱོར་ཅི་ཐུབ་བྱེད་ཀྱིན་ཡོད་”ཟེར། ཁོ་མོ་སྤྱི་ལོ་ཉིས་སྟོང་དྲུག་ལོ་ནས་ཉིས་སྟོང་བརྒྱད་བར་དུ་དར་ལག་རྫོང་མི་རིགས་སློབ་འབྲིང་ནས་དགེ་རྒན་བྱས་ཤིང་། ཉིས་སྟོང་བརྒྱད་ལོ་ནས་ཉིས་སྟོང་བཅུ་གཅིག་བར་དུ་དར་ལག་རྫོང་སྲིད་གྲོས་གཞུང་ལས་ཁང་གི་དྲུང་ཡིག་གི་འགན་ཁུར། ཉིས་སྟོང་བཅུ་གཅིག་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་དུ་འབོས་པ་ཚོ་རུ་སྲིད་གཞུང་གི་འགོ་གཙོ་གཞོན་པའི་འགན་ཁུར། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཞི་པ་ནས་ད་བར་དུ་སྡེར་ནང་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར་པ་རེད། 

 ཞིང་ཆེན་ཏང་གི་འཐུས་མི་རྣམ་རྒྱལ་སྒྲོལ་མས་རང་གི་དཀའ་སྤྱད་ཀྱི་འབད་བརྩོན་ལ་བརྟེན་ནས། ཕ་ཡུལ་གྱི་ལས་དོན་ཐད་བྱ་གཞག་གང་མང་སྒྲུབ་བཞིན་འདུག་ལ། ཁོ་མོས་བླ་མེད་ཀྱི་གཤིས་སྤྱོད་དང་ལས་བཀུར་གྱི་སྙིང་སྟོབས་དེ་ལ་ཀུན་གྱིས་བསྟོད་པའི་མཐེ་བོང་དགུང་དུ་བསྒྲེངས་བཞིན་འདུག  ཁོ་མོས་མཐའ་མཇུག་སེམས་འགུལ་ཐེབས་པའི་ངང་བཤད་རྒྱུར།“ང་རང་ད་ལྟའི་བར་དུ་རྩ་འཛུགས་ཀྱིས་གསོ་སྐྱོང་གནང་པ་དང་ཏང་གིས་སྐྱེད་བསྲིང་བྱས་པ་ཡིན།གལ་ཏེ་ངའི་མི་ལོ་འདི་དག་གི་དཀའ་སྡུག་གི་རྔུལ་ཆུ་ལ་རིན་ཐང་ཙམ་ཡོད་ཚེ། ངས་རིན་ཐང་དེ་ཡོད་ཚད་ཁ་བཏགས་དཀར་པོ་ཡུག་གཅིག་གི་ཚུལ་གྱིས་ཡར་བཏེགས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསུ་མ་བྱེད་རྒྱུ་ཡིན་”ཟེར།

རང་དཔེ་གཞན་སྟོན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལ་བདག་སྐྱོང་བྱེད་ཀྱིན་པ། 

ཁྱིམ་ཚང་རེ་རེར་ཉེ་བར་བཅར་ནས། འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ། 

ཡུལ་ཚོའི་དུད་ཁྱིམ་རེ་རེའི་ཁྱིམ་ཚང་དུ་སོང་ནས། དཀའ་ཁག་ཅི་ཡོད་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་ཀྱིན་པའི་ཚུལ།


གསར་འགོད་པ། ཨ་བརྟན་རྒྱལ། ཤ་བོ་རིན་མཚོ།

རིག་འཛིན་སྒྲོལ་མ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།